Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱས་པའི་སྦྱིན་སྲེག་ཚེ་བསོད་དཔལ་འབར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱས་པའི་སྦྱིན་སྲེག་ཚེ་བསོད་དཔལ་འབར།next

རྒྱས་པའི་སྦྱིན་སྲེག་ཚེ་བསོད་དཔལ་འབར།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ རྒྱས་པའི་སྦྱིན་སྲེག་ཚེ་བསོད་དཔལ་འབར་བཞུགས༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ པདྨ་དབང་གི་རྣལ་འབྱོར་པས༔ ཚེ་དང་བསོད་ནམས་རྒྱས་པའི་ཕྱིར༔ རྒྱས་པའི་མེ་མཆོད་འདི་ལྟར་བྱ༔ མཎྜལ་སེར་པོ་གུར་གུམ་དང་༔ དྲི་བཟང་ཆང་གིས་ཆག་ཆག་གདབ༔ ཚངས་པའི་ཐིག་ནི་ལེགས་པར་སྤྲོ༔ ལྷ་གྲངས་མཉམ་པའི་པད་འདབ་ལ༔ རྡོ་རྗེ་སེར་པོ་མེ་རིས་བསྐོར༔ སེར་པོའི་ཤིང་ལ་ཐབ་ཁུང་བརྩིག༔ གྲུ་བཞི་རྒྱ་ཁྱོན་མཛེས་པར་བྱ༔ ཡམ་ཤིང་དག་གི་ངོས་ལ་ནི༔ ཚེ་བསོད་རྒྱས་པའི་འདོད་གསོལ་འབྲི༔ སྲེག་རྫས་སེར་ཆས་ཅི་མང་བསགས༔ མེ་ལྷ་སེར་པོ་རྒྱན་ལྡན་བསྐྱེད༔ སྤྱན་འདྲེན་མཆོད་བསྟོད་ཚུལ་བཞིན་བྱ༔ མེ་ལྷའི་ལྟོ་བར་ལྷ་ཚོགས་རྣམས༔ སྐུ་མདོག་སེར་པོར་སྒྱུར་བར་བྱ༔ ཡང་ན་མེ་ལྷ་འོད་དུ་བཞུ༔ ལྷ་ཚོགས་མེ་ཡི་ཀློང་དུ་བསྐྱེད༔ སྲེག་རྫས་འབུལ་ཞིང་གསོལ་བ་གདབ༔ པུཥྟིངྐུ་རུ་ཡེ་སྭཱ་ཧཱ༔ སྔགས་དང་འདོད་གསོལ་སྦྱར་བ་ལ༔ སྲེག་རྫས་ཡམ་ཤིང་ཅི་མང་འབུལ༔ བསྟོད་པས་བསྟོད་ཅིང་འཕྲིན་ལས་བཅོལ༔ ཡེ་ཤེས་པ་གཤེགས་དམ་ཚིག་བསྡུ༔ བསྔོ་སྨོན་བརྗོད་ཅིང་མཐའ་རྒྱས་སྐྱོང་༔ པདྨ་དྲག་པོའི་རྣལ་འབྱོར་པས༔ རྒྱས་པའི་སྦྱིན་སྲེག་འདི་བརྩམས་ན༔ ཚེ་བསོད་ཉམས་རྟོགས་མཐའ་རུ་རྒྱས༔ གང་བརྩམས་འཕྲིན་ལས་འགྲུབ་པར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་ཤངས་ཟབ་བུ་ལུང་ནས་གདན་དྲངས་པའོ། །མངྒ་ལཾ། །


previousརྒྱས་པའི་སྦྱིན་སྲེག་ཚེ་བསོད་དཔལ་འབར།next