Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབང་ཆོག་བར་ཆད་ཀུན་སེལ་འཇུག་བདེར་ཕྱག་ལེན་ལྟར་བཀོད་པ།
   
   


 
previousདབང་ཆོག་བར་ཆད་ཀུན་སེལ་འཇུག་བདེར་ཕྱག་ལེན་ལྟར་བཀོད་པ།next

དབང་ཆོག་བར་ཆད་ཀུན་སེལ་འཇུག་བདེར་ཕྱག་ལེན་ལྟར་བཀོད་པ།

དྲག་པོ་ཁྲོས་པའི་དབང་ཆོག་བར་ཆད་ཀུན་སེལ་འཇུག་བདེར་ཕྱག་ལེན་ལྟར་བཀོད་པ་བཞུགས་སོ། །གཏུམ་ཆེན་དྲག་པོར་ཁྲོས་པའི་མེས། །བདུད་སྡེའི་བུད་ཤིང་ཀུན་སྲེག་པའི། །བླ་མ་དྲག་པོར་གུས་བཏུད་ནས། །སྨིན་བྱེད་ཡང་སྙིང་འཇུག་བདེར་སྤེལ། འདིར་བླ་མ་དྲག་པོའི་དབང་ཆོག་ལ། དང་པོ་ནི་གང་དུ་བྱ་བའི་གཞི་དེར་རས་བྲིས་སམ་ཡང་ན་འབྲུའི་ཚོམ་བུ་ལྷ་གྲངས་དང་མཉམ་པར་བཀོད་པའི་སྟེང་དུ་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོ། ཁ་རྒྱན་གཟུངས་རྡོར་ཙཀ་ལིས་བརྒྱན་པ་དང་། བར་ཆད་ཀུན་སེལ་བསྐུར་བའི་ཚུལ་ནི་སྦྱོར་བ་ཡོ་བྱད་ཀྱི་བཤམས་དང་། དངོས་གཞི་ཇི་ལྟར་བསྐུར་བའི་ཚུལ་དེའི་གཡས་སུ་ཐོད་པ་བདུད་རྩི། གཡོན་དུ་གནམ་ལྕགས་རྡོ་རྗེ། མདུན་དུ་དཔལ་གཏོར་ཙཀ་ལིས་བརྒྱན་པ་དང་། རྒྱབ་བམ་གང་བདེར་རྟགས་བརྒྱད་སྣ་བདུན་དམ་ཆུ། དྲི་ཐིག་གི་རྫས་དང་བཅས་པའི་མཐར་སྨན་རཀ་གཏོར་གསུམ་ཉེར་སྤྱོད་རྣམ་ལྔ་བཀའ་གཏེར་མཆོད་གཏོར་ཚོགས་ཀྱི་འཁོར་ལོ་སོགས་དང་། སློབ་དཔོན་མདུན་དུ་ལས་བུམ་བགེགས་གཏོར་སྤོས་ཐུན་ཌ་དྲིལ་གཞན་ཡང་མཎྜལ་མིག་དར་ཅོད་པཎ་གསེར་ཐུར་སོགས་ལེགས་པར་འཚོགས་པར་བྱས་ལ། དངོས་གཞི་ནི་སྔོན་འགྲོ་ནས་གཟུང་ལས་ཀྱི་གཞུང་སྲང་ཞིང་བདག་མདུན་བུམ་པར་དམིགས་ཕྱེད་པར་འཛབ་བསྙེན་ནུས་ལྡན་དུ་བྱས་ལ་བཀའ་གཏེར་མཆོད་པ། ཚོགས་བསྐང་བསྒྲལ་སྟབ་བཅས་ལེགས་པར་གྲུབ་ནས་བདག་འཇུག་གི་དབང་བཞི་ཏིང་ངེ་འཛིན་གསལ་བས་འདིར་ལེན་པའམ། ཡང་ན་བསྙེན་པའི་འཇུག་ཏུ་གང་བདེར་བྱས་པས་འཐུས་ལ། དེ་ནས་ལས་བུམ་སྒྲུབ་པ་ནི། སྤྱི་ཁྱབ་ལྟར་བདུད་རྩི་འཁྱིལ་བའམ་བགེགས་མཐར་བྱེད་གང་རུང་གིས་སྒྲུབ་ཀྱང་རུང་མོད། འོན་ཀྱང་གསང་བ་སྤྱིའི་འགྲོས་ལས་ཀྱི་ལྷ་ཉིད་ཀྱིས་སྒྲུབ་པ་བཞིན་འདིར་ཡང་ཡཀྴ་མེ་དབལ་གྱིས་སྒྲུབས་པ་བླ་མ་བརྒྱུད་པའི་ཕྱག་བཞེས་ཡིན་པས། །ལས་བུམ་གྱི་ཁར་གཟུངས་ཐག་འགོད་དེ། སྭ་བྷཱ་ཝས་སྟོང་པར་སྦྱངས་སྟོང་པ་ཆེན་པོའི་ངང་ཉིད་ལས། །ལས་བུམ་ཁྲོ་བོའི་གཞལ་ཡས་ཁང་། །མཚན་ཉིད་ཡོངས་རྫོགས་ལྟེ་བ་རུ། །པད་ཉི་ཧཱུྃ་དམར་འཕྲོ་འདུ་ལས། །ཡཀྴ་མེ་དབལ་རྔམ་ཞིང་ཁྲོ། །གཡས་གཡོན་ཐོ་བ་ཞགས་པ་བསྣམས། །རབ་འཇིགས་ཁྲོ་བོའི་ཆ་ལུགས་རྫོགས། །སྐུ་ལས་ཁྲོ་ཆུང་དཔག་མེད་འཕྲོས། །ལྷ་སྲིན་སྡེ་བརྒྱད་དྲེགས་པའི་ཚོགས། །བསྐྲད་གཟིར་མནན་བསྲེགས་རྡུལ་དུ་བརླག །ཚུར་འདུས་བུམ་པའི་ཆུ་དང་འདྲེས། །ཨཱོཾ་བཛྲ་ཡཀྴ་སིདྡྷི་ཧཱུྃ༔ རཀྴ་མཱ་ར་ཡ་ཕཊ༔ ཅེས་གང་འགྲུབ་བཟླས་རྗེས། ཁྲོ་བོའི་དབང་པོ་འོད་དུ་ཞུ། །བདུད་རྩི་བུམ་ཆུའི་རྣམ་པར་གྱུར། ཞེས་བསྒྲུབ་དེ་ནས་སློབ་བུ་རྣམས་གྲལ་ལ་འཁོད། ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་དང་། སློབ་དཔོན་གྱིས་ལས་བུམ་ཐོགས་ཏེ། དྲི་མེད་དག་པ་ཡེ་ཤེས་ཆུ་འདིས་ནི། །ལས་དང་ཉོན་མོངས་སྒྲིབ་པ་ཀུན་སྦྱོང་བྱེད། །བུ་རྣམས་ལུས་ངག་ཡིད་གསུམ་སྒྲིབ་དག་ནས། །དབང་བཞི་ཡོངས་རྫོགས་སྣོད་དུ་རུང་བར་ཤོག །ཅེས་ཁྲུས་ཆུ་སྦྱིན། བགེགས་གཏོར་བཤམས། སྭ་བྷ་ཝ་སོགས། སྟོང་པ་ཉིད་དུ་གྱུར་སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་གཏོར་མ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར། ཨཱོཾ་ཨཱཿཧཱུྃ་ཧོ༔ ལན་གསུམ། ཨཱོཾ་སརྦ་བིགྷྣན་ཨ་ཀཪྵ་ཡ་ཛ༔ བགེགས་གཏོར་བསྐོར་ཞིང་དྲིལ་བུ་བསིལ་བ་དང་། ཨོཾ་སརྦ་བིགྷྣིན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སོགས་གསུམ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི༴ དགེ་འདུན་གྱི༴ ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་ཡང་ཆེ་མཆོག་པདྨ་དྲག་པོ་རྩལ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དེང་འདིར་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་བགྱི་བ་ལ་བར་དུ་གཅོད་པའི་འབྱུང་པོ་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་གཏོར་མ་བྱིན་པ་འདིས་ཚིམ་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཨཱོཾ་སུམྦྷ་ནི་སུམྦྷ་ཧཱུྃ་སོགས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་དྲ་བ་ར་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་འབར་བས་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་སུས་ཀྱང་མི་ཤིགས་པའི་གུར་དུ་གྱུར་པའི་མོས་པ་མཛོད། བཛྲ་རཀྵ་རཀྵ༔ ཞེས་བརྗོད། ཉན་པར་བསྐུལ་བ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དུ་དམ་པའི་ཆོས་གསན་ཞིང་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུ་སྙམ་པའི་ཐུགས་བསྐྱེད་དང་། ཆོས་གསན་པའི་ཀུན་སློང་ཀུན་སྤྱོད་རྣམས་ལེགས་པར་གསལ་བཏབ་ཏེ་གསན་འཚལ། ཞེས་དང་། ཇི་ལྟར་འོས་པའི་ཆོས་བཤད། ལོ་རྒྱུས་ནི། དེའང་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ནི་ཕྱི་ལྟར་རྒྱ་གར་པཎ་ཆེན་པདྨའི་སྦུབས་སུ་རྫུས་ཏེ་འཁྲུངས་པ། ནང་ལྟར་རྒྱལ་བ་རྡོ་རྗེ་འཆང་། གསང་བ་ལྟར་ན་གདོད་མའི་མགོན་པོ་ཁྱབ་བདག་ཀུན་ཏུ་བཟང་པོའམ་དོན་དུ་དབྱེར་མེད་པ་མགོན་པོ་འོད་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་ཀྱི་ས་བོན། རྐྱེན་འོད་ལྔ་དང་བཅས་དྷ་ནཱ་ཀོ་ཤའི་རྒྱ་མཚོར་པདྨའི་ཟེའུ་འབྲུར་བབས་པ་ལས། དབང་ཆེན་སྤྲེལ་ལོར་འཁྲུངས་པའི་ཚུལ་བསྟན་ཅིང་ཨོ་རྒྱན་ཀྱི་རྒྱལ་པོ་ཨིནྡྲ་བྷུ་ཏིས་སྤྱན་དྲངས་ཏེ་རྒྱལ་སྲིད་དུ་མངའ་གསོལ་ཞིང་ཆོས་ཀྱི་སྒོ་འཕར་ཕྱེ་ནས་བསྟན་འགྲོའི་ཕན་བདེ་རྒྱས་པར་མཛད། འཁོར་བ་ལ་སྙིང་པོ་མེད་པར་གཟིགས་ནས་འཕགས་ཡུལ་གྱི་པཎ་གྲུབ་རྣམས་ལས་གསང་སྔགས་ཕྱི་ནང་གི་རྒྱུད་སྡེ་མ་ལུས་པ་གསན་ནས་ཐུགས་ཉམས་སུ་བཞེས་ཚུལ་མཛད་ཅིང་། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་དང་དག་པའི་ཞིང་མང་པོར་ཕེབས་ནས་གསང་སྔགས་ཀྱི་སྤྱོད་པ་མཐར་ཕྱིན། བྲག་ཕུག་མ་ར་ཏི་ཀར་ཚེ་ཡི་སྒྲུབ་པ་མཛད་པས་མགོན་པོ་ཚེ་དཔག་མེད་ཀྱི་ཞལ་བསྟན་ནས་དབང་བསྐུར་ཏེ་འཁོར་བ་མ་སྟོང་བར་དུ་འཆི་བ་མེད་པ་རྡོ་རྗེའི་སྐུ་བརྙེས་ཤིང་། རགས་པར་བགྲོད་པ་ལོར་བརྩིས་པའི་སུམ་སྟོང་ཉེར་བརྒྱད་ལ་སོགས་པར་རྒྱ་གར་འཕགས་པའི་ཡུལ་དུ་ཐུབ་བསྟན་དར་ཞིང་རྒྱས་པར་མཛད་ནས། བོད་ཡུལ་གངས་རིའི་ལྗོངས་འདིར་འཇམ་དབྱངས་ཀྱི་སྤྲུལ་པ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ལྷ་སྲིན་གདུགས་པ་ཅན་ཐམས་ཅད་དམ་ལ་བཏགས་ས་གཞི་བཏུལ་ནས་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་མང་པོ་འབྱོངས་པ་དང་རབ་ཏུ་གནས་པར་མཛད། གདུལ་བྱ་སོ་སོའི་བློ་རིགས་དང་འཚམས་པར་མཐའ་ཀླས་པའི་རྫུ་འཕྲུལ་གྱི་བཀོད་པ་དང་ཟབ་རྒྱས་གདམས་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོས་སྐལ་ལྡན་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། རི་བྲག་མཚོ་གསུམ་གཙུག་ལག་ཁང་ལ་སོགས་པ་མཐའ་དབུས་ཐམས་ཅད་དུ་ཆོས་ནོར་གྱི་གཏེར་ཀ་བསམ་གྱིས་མི་ཁྱབ་པ་སྦས་ཤིང་ཡུལ་དུས་དང་འཚམས་པར་ལས་ཅན་རྣམས་ཀྱིས་ཕྱུང་ནས་བསྟན་འགྲོའི་སྨན་ཡོན་དུ་འགྱུར་བའི་ལུང་བསྟན་དང་བཀའ་གཏད་སྨོན་ལམ་གྱི་རིམ་པ་ལ་སོགས་པ་མཛད། དེ་བོད་ཀྱི་རྒྱལ་ཁམས་ཐུགས་རྗེས་རྒྱུན་ཆད་མེད་པར་འཇུག་པར་ཞལ་གྱིས་བཞེས། སྐུ་དངོས་ཀྱི་འདུལ་བྱའི་སྐལ་པ་རེ་ཞིག་རྫོགས་པར་མཁྱེན་ནས་ལྷོ་ནུབ་རྔ་ཡབ་པདྨ་འོད་དུ་ཕེབས་པ་སོགས་ངོ་མཚར་བའི་རྣམ་པར་ཐར་པས་གདུལ་བྱ་སྨིན་པར་མཛད་པ་ལས། ད་ལམ་གྱི་གདམས་པ་འདིའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། དེ་ལྟ་བུའི་དུས་གསུམ་མཁྱེན་པའི་སློབ་དཔོན་ཆེན་པོ་དེ་ཉིད་ཀྱིས། དུས་ཀྱི་ཐ་མ་རྩུབ་འགྱུར་བཞི་བཅུ་ཁ་རལ་སུམ་ཅུར་ཉེ་བའི་སྐབས་དུས་སུ་སྲོག་བདག་རྒྱལ་པོ་དང་། གཟའ་དང་ཀླུ་ལ་སོགས་པའི་སྐྱེ་འགྲོ་ཡོངས་ཀྱི་སྲོག་ལ་དབང་བྱེད་པར་མཁྱེན་ནས་དེ་དག་འདུལ་ཕྱིར་སློབ་དཔོན་ཆེན་པོ་ཉིད་ཐུགས་ཞི་བའི་དབྱིངས་ལས་མི་གཡོ་ནའང་རྣམ་པ་ཁྲོ་རྒྱལ་དབང་དྲག་པདྨའི་སྐུར་བཞེངས་ནས་ཚེ་དཔག་མེད་འཇམ་དཔལ་རྟ་ཕྱག་ཁྱུང་དང་ལྕགས་སྡིག་ལ་སོགས་པ་སྡེ་བརྒྱད་སྤྱི་དང་བྱེ་བྲག་གི་གཉེན་པོའི་ལྷ་དུ་མ་གོ་ཆའི་ལྷར་བཀོད་ནས་གཙོ་འཁོར་སོ་སོའི་སྒྲུབ་ཐབས་ལས་ཚོགས་ཕན་གནོད་ཀྱི་རིམ་པ་མ་ཚང་བ་མེད་པར་མཛད་ནས་ཕྱོགས་བཞི་དབུས་དང་ལྔར་སྦ་བར་གནང་བ་ལ། ཤར་གཏེར་འདྲིལ་བ་སྡོང་པོ་ལྟ་བུའི་ཆོས་སྐོར། ལྷོ་གཏེར་སྨིན་པ་འབྲས་བུ་ལྟ་བུ། ནུབ་གཏེར་གསལ་བ་མེ་ཏོག་ལྟ་བུ། བྱང་གཏེར་གྱེས་པ་ཡལ་ག་ལྟ་བུ། དབུས་གཏེར་ཟུག་པ་རྩ་བ་ལྟ་བུའི་ཆོས་སྐོར་ཏེ། རྣམ་པ་ལྔ་ལས། གདམས་པ་འདི་ནི་ཤར་གཏེར་གྱི་རིགས་ཏེ། ཇི་སྐད་དུ། ཕྱོགས་བཞི་དབུས་དག་ལྔ་པོ་རུ༔ དབང་དྲག་རྫོགས་པའི་ཆོས་སྐོར་ལྔ༔ ཁ་ཚང་དོན་འགྲིལ་མན་ངག་རྫོགས༔ སྙིང་པོའི་ནང་གི་ཡང་སྙིང་ཡིན། གཞན་ཡང་རྐྱང་འདེད་ཁ་འཐོར་སོགས༔ བོད་ཡུལ་ཀུན་ལ་མང་སྦས་ཀྱང་༔ འདི་ནི་ཟབ་པའི་མཐར་ཐུག་སྟེ༔ ཤར་གཏེར་རྡོ་རྗེ་ཐ་རམ་རྒྱ༔ ཚིག་ཉུང་དོན་རྫོགས་ཟབ་ཏིག་རྒྱ༔ མན་ངག་གསང་སྒྲུབ་རྣོ་མྱུར་རྒྱ༔ ཞེས་ཤིན་ཏུ་ཟབ་པའི་གདམས་པ་འདི་ཉིད་ཤངས་ཀྱི་ཟབ་བུ་ལུང་དུ་སློབ་དཔོན་ཆེན་པོས་མཁར་ཆེན་མཚོ་རྒྱལ་ལ་གནང་ཏེ་གུ་རུའི་བཀའ་བཞིན་གནས་ཀྱི་བར་སྒོར་རྒྱ་བདུན་གྱིས་བཏབ་ནས་གཏེར་བདག་ལ་གཉེར་གདམས་བཅོལ། གཏེར་ནས་འབྱིན་པའི་དུས་དང་རྟགས་དང་གང་ཟག་གི་ལུང་ཡང་འདི་ལྟ་སྟེ། དེ་ཚེ་དུས་ནི་བཞི་བཅུའི་མར་འགྲིབ་སྟེ༔ འགྲོ་བའི་ཚེ་ཚད་སུམ་ཅུར་ཉེ་བའི་དུས༔ ཤཱཀྱའི་བསྟན་པ་ནང་དབྱེན་སེལ་འབྱུང་དུས༔ ཆོས་ཀྱི་ཁྲིམས་མེད་འཇིག་རྟེན་ཁྲེལ་མེད་ཅིང་༔ འཛམ་གླིང་ཐམས་ཅད་དུག་མཚོ་ལྟ་བུར་ཁོལ༔ མི་སྲིད་པ་ཡི་སྲིད་པ་སྣ་ཚོགས་སྲིད༔ དེ་ཚེ་མ་ཚོར་ལྷ་ཁང་ཞིག་རལ་འབྱུང་༔ གཏེར་ལུང་བདུན་པའི་ནང་དུ་ཆུ་ཚན་བརྡོལ༔ ཀེའུ་ཚང་མདུན་དུ་གཙུག་ལག་ཞིག་རལ་འབྱུང་༔ པི་པི་ལིང་གི་ཆུ་ཡི་སུམ་ཆ་ཉམས༔ ཤངས་ཀྱི་མདོ་ན་སྔགས་པ་ཞྭ་དཀར་ཅན༔ བཅུ་གསུམ་འབྱུང་ཞིང་ཆུ་ཡིས་ཁྱེར་བའི་དུས༔ ད་ལྟའི་ཟབ་ཆོས་འདི་ཉིད་གཏེར་ནས་འབྱིན༔ ཞེས་དང་། དེ་ནས་ཆོས་འདི་དབང་བའི་གང་ཟག་ནི༔ ཀླུ་ཡི་དབང་པོ་ཁམས་ཀྱི་ཡུལ་དུ་སྐྱེ༔ དབུས་སུ་འཁྱམ་ཏེ་ཆོས་ཀྱི་བག་ཆགས་སད༔ འགྲོ་ལ་བརྩེ་ཞིང་ཁྲོ་བའི་ངང་ཚུལ་ལྡན༔ ཆགས་ཞེན་ཆུང་ཞིང་སྨྱོན་པའི་སྤྱོད་པ་སྐྱོང་༔ མི་ཁ་ལྡང་ཞིང་སྤྱོད་ལམ་རྟགས་མི་ཐུབ༔ དམ་ཚིག་གཙང་ཞིང་ཤེས་རབ་མེ་ལྟར་འབར༔ ཅོལ་ཆུང་འགྲོགས་སླ་བློ་གདེངས་རྟོགས་པ་དཀའ༔ རྫུན་ཆེ་བརྟགས་དཀའ་བྱིས་པའི་ངང་ཚུལ་ཅན༔ ང་ཡི་སྤྲུལ་པའི་རིག་འཛིན་དམ་པ་དེ༔ གང་དུ་གནས་པའི་ས་ཕྱོགས་བཀྲ་ཤིས་ཤིང་༔ མ་དང་མཁའ་འགྲོ་སྤྲིན་ཕུང་ལྟ་བུར་འདུ༔ འཇིག་རྟེན་མི་ཡི་བུ་མོ་རྡུལ་ལྟར་འཚུབ༔ ཞལ་མཐོང་ཙམ་གྱིས་ཤེས་རྒྱུད་གཡོ་བར་བྱེད༔ གསུང་ཐོས་ཙམ་གྱིས་ང་རྒྱལ་ཁོང་ཁྲོ་ཞི༔ ཆོས་ཉན་ཏིང་འཛིན་འཆར་ཞིང་ཉམས་རྟོག་རྒྱས༔ ཕུང་པོ་དེ་ཉིད་སྐྱུར་མ་ཐག་ཏུ་ནི། པདྨ་འོད་ན་ང་ཡི་དྲུང་དུ་འོང་༔ ལས་ཅན་སྐྱེས་བུ་དེ་ཡིས་གཏེར་འདི་འབྱིན༔ ཞེས་དང་། ཐང་ཡིག་ལས། མི་ལ་ལུས་ཆས་ཡ་མ་ཟུང་དུ་འོང་༔ བསྟན་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་ཡོང་༔ ཁམས་ཀྱི་སྲིང་མོ་རྫོང་གསུམ་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཁམས་པ་ཉི་མ་གྲགས་ཀྱི་མིང་ཅན་འབྱུང་༔ ཞེས་པའི་ལུང་བསྟན་དུས་བབས་ཀྱི་གཏེར་སྟོན་ཆེན་པོ་ཉི་མ་གྲགས་པ་ཉིད་དོན་གྱི་འཕགས་མཆོག་སེམས་ཉིད་ངལ་བསོ་སྟེ་ངོ་མཚར་སྤྲུལ་པའི་རོལ་གར་ཅིར་ཡང་སྟོན་པའི་སྐྱེ་བརྒྱུད་རགས་པ་ཙམ་ཞིག་བརྗོད་ན། ཞིང་འདིར་ཐུབ་པའི་སྤྱན་སྔར་དགྲ་བཅོམ་པ་བློ་གྲོས་གྲགས་པ། བོད་འདིར་གུ་རུ་རིན་པོ་ཆེའི་དུས་སད་མི་བདུན་གྱི་ཡ་གྱལ། །ས་སྐྱ་པ་རྣམས་ཀྱི་ཡབ་མེས་སུ་གྱུར་པ་འཁོན་ལོ་ཙྪ་བ་ཀླུ་དབང་བསྲུང་བ་མ་འོངས་པ་ན་སངས་རྒྱས་བཞི་བཅུ་པ་སྒྲ་གཅན་ནམ་མཚན་གྱི་རྣམས་གྲངས་སུ་དྲག་པོ་ཆེན་པོ་ཞེས་པར་འཚང་རྒྱ་བར་འགྱུར་བ་སྟེ། དེ་ཡང་སྙིགས་མ་ལྔ་བདོའི་རྩོད་དུས་འདིར་ཟབ་གཏེར་ཆོས་ཀྱི་འཁོར་ལོས་བསྒྱུར་བ་གར་དབང་འགྲོ་འདུལ་གླིང་པའམ་རིག་འཛིན་ཉི་མ་གྲགས་པ་རྩལ་ཞེས་མཚན་ཡོངས་སུ་གྲགས་པའི་དམ་པ་དེ་ཉིད་ཤར་ཕྱོགས་མདོ་ཁམས་སྒང་གི་ཆར་སྐུ་འཁྲུངས་ཤིང་། ཆུང་ངུ་ནས་བྱིས་པའི་སྤྱོད་པ་ལས་འདས་པའི་གྲུབ་པའི་མཛད་པ་མཐའ་ཡས་ཤིང་། རིས་མེད་ཀྱི་བླ་མ་བཅུ་ཕྲག་གསུམ་ལ་སོགས་པ་བརྟེན་ནས་བཀའ་གཏེར་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུར་དབང་འབྱོར་ཞིང་མི་ལོ་བཅུ་གཉིས་ལ་སོགས་པར་རང་དོན་གྱིས་སྒྲུབ་པ་མཐར་ཕྱིན་ཅིང་། འོད་གསལ་སྣང་བཞིའི་རྟོགས་པ་ཀློང་དུ་གྱུར་ནས་རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་དང་མངོན་སུམ་དུ་ཞལ་མཇལ་ཞིང་གསུང་བ་དང་། གཞན་དོན་དུ་རྒྱ་གར་འཕགས་པའི་ཡུལ་ནས་གཟུང་མ་ཧཱ་ཙི་ནའི་རྒྱལ་ཁབ་ཀྱི་བར་གྱི་གནས་ཆེན་རི་བྲག་སྒྲུབ་གནས་ཐམས་ཅད་ཞབས་ཀྱིས་བཅགས་ཤིང་། ཟབ་གཏེར་དཔག་ཏུ་མེད་པ་སྤྱན་དྲངས་ཤིང་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་པར་གནང་བ་སྟེ༔ དེ་ལྟ་བུའི་འདྲེན་མཆོག་དམ་པ་དེ་ཉིད་ཀྱིས་བླ་རྫོགས་ཐུགས་གསུམ་སོགས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་ཆོས་སྐོར་ཆེ་བ་དང་། གཞན་ཡང་ཟབ་གཏེར་གྱི་སྒོ་འཕར་མང་དུ་ཕྱེ་བའི་ནང་ནས། ད་ལམ་སྐུ་ཡི་ཆོས་སྐལ་གྱི་གྲས་སུ་གྱུར་པ་ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་སྐོར་འདི་རྣམས་མ་དང་མཁའ་འགྲོ་སྤྲིན་བཞིན་གཏིབས་པའི་གནས་ཆེན་ཤངས་ཟབ་བུ་ལུང་ནས་རིག་འཛིན་ཆེན་པོས་སྤྱན་དྲངས་ཏེ། རང་གི་ཉམས་ལེན་དང་གསང་རྒྱ་མཐར་ཕྱིན་པར་མཛད་ནས་རིམ་པར་སྤེལ་བར་གནང་བའི་ཟབ་ཆོས་འདི་དག །ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། འཁོན་ཆེན་ཀླུའི་དབང་པོ། རིག་འཛིན་ཉི་མ་གྲགས་པ། ཐུགས་སྲས་ཨོ་རྒྱན་བསྟན་འཛིན། ཐེག་མཆོག་བསྟན་པའི་རྒྱལ་མཚན། ངེས་དོན་བསྟན་འཛིན་བཟང་པོ། ཨོ་རྒྱན་བསྟན་པའི་ཉི་མ། མི་འགྱུར་ནམ་མཁའི་རྡོ་རྗེ། འཇིགས་མེད་ཆོས་དབྱིངས་རྡོ་རྗེ། ཀུན་བཟང་ཐེག་མཆོག་རྡོ་རྗེ། ཨོ་རྒྱན་འགྲོ་འདུལ་རྡོ་རྗེ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། དྲིན་ཅན་རྩ་བའི་བླ་མའི་བར་དུ་བྱོན་པ་ཐམས་ཅད་སྟེང་ནས་རིག་འཛིན་བརྒྱུད་པའི་བྱིན་བརླབས་ཀྱི་ཆུ་བོ་མ་ནུབ། བར་དུ་མན་ངག་མཁའ་འགྲོའི་ཁ་རླངས་ཀྱི་ཚ་ངར་མ་ཡལ། ལྷ་སྔགས་ཡེ་ཤེས་སྣང་གྲག་རིགས་གསུམ་དུ་གསལ་བའི་འཆར་སྒོ་མ་འགགས། འོག་ཏུ་དམ་རྫས་གཏོར་མའི་རི་བོ་མ་ཉིལ་ཞིང་། སྨན་རཀ་གི་རྒྱ་མཚོ་མ་སྐམས་བརྒྱུད་པ་མ་ཉམས། འདྲེ་ཁྱེར་བསྲེ་བསླད་ཀྱི་སད་ཀྱིས་མ་ཁྱེར་པ་ཁྱད་པར་དུ་གྱུར་པ། དེ་ལྟར་རིག་འཛིན་ཆེན་པོ་ཉི་མ་གྲགས་པ་དེ་ཉིད་ཀྱིས་གནས་མཆོག་ཆེན་པོ་ཤངས་ཟབ་བུ་ལུང་པཱ་ལོ་གུ་རུའི་སྒྲུབ་ཕུག་རྡོ་རྗེ་ཧཱུྃ་རྒྱ་བྲག་ནས་ཤིང་མོ་ཡོས་ཀྱི་ལོ་ཧོར་ཟླ་ལྔ་པའི་ཚེ་བཅུའི་དགོང་མོ་དབང་གི་དུས་སུ་གཏེར་ནས་སྤྱན་དྲངས་ཤིང་། ཤོག་སེར་ལས་བསྒྱུར་བའི་གདམས་པ་ཟབ་མོའི་དབང་བསྐུར་བ་ལ་གཉིས་ཏེ་དབང་ཆོག་སྨིན་གྲོལ་ནོར་བུ་ལྟར་རྒྱས་པར་བསྐུར་བ་དང་། དབང་ཆོག་བར་ཆད་ཀུན་སེལ་ཞེས་བསྡུས་པ་བསྐུར་བའི་ལུགས་གཉིས་ལས་ད་ལམ་བསྡུས་པ་བསྐུར་བའི་སྐབས་སུ་བབ་པ་སྟེ། དེ་ལའང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱིས་བགྱི་བའི་འོས་སུ་གྱུར་པ་བདག་མདུན་དབྱེར་མེད་དུ་སྒྲུབ་མཆོད་བཟླས་པ་དང་། ཟབ་གཏེར་གྱི་སྲུང་མ་ལ་གཏོར་མ་ཕུལ་ཏེ། རྒྱ་འགྲོལ་བའི་འཕྲིན་ལས་བཅོལ་བ། ཚོགས་ཀྱི་འཁོར་ལོས་ཆོ་གའི་ལྷག་ཆད་བསྐང་བ། བདག་འཇུག་གི་དབང་ཏིང་ངེ་འཛིན་གྱིས་བླང་བ་སོགས་གོང་དུ་གྲུབ་པ་ཡིན། ད་ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། ཞེས་བརྡའ་སྤྲད་དེ། དེའང་ཁྱེད་རང་རྣམས་མི་ཕྱེད་དད་པའི་གདུང་ཤུགས་དང་བཅས་ཏེ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པར་མོས་ནས་གསོལ་བ་གདབ་པའི་རྗེས་བཟློས་གྱིས། ཨེ་མ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འདིར་འཚོགས་བུ་རྣམས་ལ༔ གུ་རུ་དྲག་པོའི་སྨིན་གྲོལ་སྩོལ༔ བདག་ཅག་ཐུགས་རྗེས་འཛིན་པར་ཞུ༔ གསུམ། གསོལ་བ་གདབ་པའི་རིམ་པ་སོང་ནས་དམིགས་པ་འདི་བཞིན་དུ་གྱིས། ས་ཕྱོགས་འདི་ཉིད་ཀྱང་ཐ་མལ་གྱི་སྣང་བ་འདི་ལྟ་བུ་མ་ཡིན་པ་དྭངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་ཀྱི་དབུས་སུ་དཀྱིལ་འཁོར་གྱི་གཙོ་བོ་ཆེ་མཆོག་པདྨ་དྲག་པོ་རྩལ་ལ། ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པ་གསལ་བཏབ་ནས་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམས་པས་འདིའི་རྗེས་བཟློས་མཛོད། ཧཱུྃ༔ དབང་དྲག་པདྨ་ཁྲོས་པའི་སྐུ༔ རྡོ་རྗེ་དྲག་རྩལ་ལྷ་ཚོགས་ལ༔ དེང་ནས་མི་འབྲལ་བྱང་ཆུབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ གསུམ། དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནི་མྱུར་དུ་རྒྱལ་བའི་གོ་འཕང་ཐོབ་པར་འགྱུར་ཏེ། མྱང་འདས་ལས། གང་སུ་གསུམ་ལ་སྐྱབས་སུ་འགྲོ་བ། དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཞེས་དང་། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་པས་ཐེག་པ་ཐུན་མོང་གི་རྨིང་རྡོ་སྐྱབས་སུ་འགྲོ་བའི་རིམ་པ་སོང་ནས་ཐེག་ཆེན་རྩ་བ་གཞན་ཕན་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ་སྟེ། མཁའ་མཉམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་ཏུ་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བྱང་ཆུབ་མཆོག་གི་གོ་འཕང་ལ་དགོད་པར་བྱ། དེའི་ཕྱིར་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་བླངས་ནས་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་བཟློས་གྱིས༔ ཧཱུྃ༔ ཀུན་གཞི་རང་རིག་བྱང་ཆུབ་སེམས༔ མ་རྟོགས་ལོག་རྟོག་འཁོར་བར་འཁྱམས༔ ཕ་མ་འགྲོ་དྲུག་སེམས་ཅན་རྣམས༔ རྣམ་མཁྱེན་ས་ལ་འགོད་བྱའི་ཕྱིར༔ རིམ་གཉིས་སྨིན་གྲོལ་དོན་ལ་འཇུག༔ གསུམ། དེ་ལྟར་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཕན་ཡོན་ཀྱང་། སྤྱོད་འཇུག་ལས་བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་མཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་དང་། ཡང་དེ་ཉིད་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུང་། ཞེས་སོགས་ཕན་ཡོན་ཚད་མེད་པ་དང་ལྡན་པ་ལགས། དེ་ནས་དམ་ཆུ་སྦྱིན་པ་ནི། ཧཱུྃ༔ འདི་ནི་དབང་དྲག་པདྨ་ཡིས༔ ཡབ་ཡུམ་གསང་བའི་བདུད་རྩི་ཡིན༔ ཁྱོད་ཀྱི་ངག་དུ་འདི་འཐུངས་པས༔ དམ་ལ་གནས་ན་དངོས་གྲུབ་འཐོབ༔ དེ་བས་གསང་བའི་སྨིན་གྲོལ་འདི༔ དམ་མེད་འགྲོ་ལ་ཨ་ཐམ་རྒྱ༔ འོ་དེ་ལྟར་དམ་ཚིག་གི་ཆུ་སྦྱིན་པ་འདི་ནི་བཞག་པ་ལྕེ་ལ་བཞག་ཀྱང་འབབ་པ་སྙིང་གི་དཀྱིལ་དུ་བབས་ཏེ་དམ་ཚིག་འགལ་ན་བཛྲ་ཡཀྴ་ཀྲོ་དྷ་ཞེས་བྱ་བ་སྡིག་པ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་འཇིབ་པས་མཐོང་ཆོས་སུའང་ཚེ་ཐུང་ནད་མང་བ། ཕྱི་མ་རྡོ་རྗེའི་དམྱལ་བར་ལྷུང་ནས་སྡུག་བསྔལ་འབའ་ཞིག་མྱོང་བར་འགྱུར་ལ། དམ་ཚིག་བསྲུང་ན་ཆུ་དེ་ཉིད་ཡེ་ཤེས་སེམས་དཔར་འགྱུར་ནས་བསྲུང་སྐྱོབས་དང་རྟག་ཏུ་བྱིན་གྱིས་རློབས་ཤིང་། འདི་ཕྱིའི་ཕན་བདེ་མ་ལུས་མྱུར་དུ་སྟེར་བས་དངོས་གྲུབ་མཆོག་འགྲུབ་པར་འགྱུར་བས་དམ་ཚིག་ཚུལ་བཞིན་གཅེས་སྤྲས་སུ་མཛད་འཚལ། དེ་ནས་མིག་དར་འཆིང་ལ། སྔོན་ཆད་དཀྱིལ་འཁོར་གཉན་པོ་མ་མཇལ་བ་འམ་གལ་ཏེ་མཇལ་དུ་ཟིན་ནའང་ད་རེས་ཀྱི་དཀྱིལ་འཁོར་གསལ་བ་འདི་མ་འཇལ་བའི་མཚོན་བྱེད་དུ་མིག་དར་དམར་པོ་རེ་འཆིང་བར་མཛོད། ཨོཾ་ཙཀྵུ་བྷནྷ་ཝ་ར་མ་ན་ཡེ་སྭཱ་ཧཱ། ད་བཟོད་དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་རྟེན་མེད་པར་མཇལ་དུ་མི་རུང་བས་ཕྱག་རྟེན་དུ་མེ་ཏོག་དམར་པོའི་ཕྲེང་བ་རེ་ཐོགས་པའི་མོས་པ་མཛོད། ཨཱ་ཁཾ་བི་ར་ཧཱུྃ། ཞེས་མེ་ཏོག་དོར། དེ་ནས་གནས་གསུམ་དུ་དྲི་བཟང་གི་ཆུས་ཐིག་ལེ་བྱས་ལ། ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་ལ་འབྲུ་གསུམ་གྱིས་མཚན་པར་བསྒོམ། ཡེ་ཤེས་པ་དབབ་པའི་ཕྱིར་དུ་དམིགས་པ་འདི་བཞིན་གྱིས་ཤིག །ཨཱོཾ་མ་ཧ་ཤུ་ནྱ་ཏ་སོགས། ལས་བུམ་ཁ་རྒྱན་གྱིས་ཆུ་གཏོར། ཁྱོད་རྣམས་ཀྱི་རྣམ་སྨིན་བརྡོས་བཅས་ཤ་ཁྲག་གི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས་སྟོང་པའི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་གི་དྲེགས་པ་པདྨ་འབར་བའི་གདན་གྱི་སྟེང་དུ། སེམས་ཉིད་ཀྱི་ངོ་བོ་གནམ་ལྕགས་ལས་གྲུབ་པའི་རྡོ་རྗེ་ཡི་གེ་ཧཱུྃ་སྨུག་ནག་གི་མཚན་པ་ལས་འོད་ཟེར་འཕྲོས་དགྲ་བགེགས་གནོད་བྱེད་ཐམས་ཅད་ཚར་བཅད་དུས་བཞིའི་ཁྲོ་བོ་དང་ཁྲོ་མོ་རྣམས་ལ་མཉེས་པའི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་བྱིན་རླབས་བསྡུས། རྡོ་རྗེ་ཧཱུྃ་དང་བཅས་པ་ལ་ཐིམ་པ་ལས། སྐད་ཅིག་གིས་འཇིགས་བྱེད་པདྨ་དྲག་པོ་རབ་ཏུ་ཁྲོས་པའི་སྐུ་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་བརྐྱང་བསྐུམ་དོར་སྟབས་སུ་བགྲད་པ་གཡས་གསུམ་ཁྲོ་འཛུམ་དཀར་བའི་ཞལ་གྱིས་སྟེང་གི་ལྷ་རྣམས་འདུལ་བར་བྱེད་པ། གཡོན་གསུམ་སྔོན་པོ་ཁྲོས་པའི་ཞལ་གྱིས་འོག་གི་ཀླུ་རྣམས་ཟིལ་གྱིས་གནོན་པ། དབུས་གསུམ་དམར་ནག་བརྔམ་བརྗིད་དུ་འབར་བས་སྡེ་བརྒྱད་དང་སྲིན་པོ་རྡུལ་དུ་བརླག་པ་གཡས་དགུས་གྲི་གུག་རྡོ་རྗེ་རལ་གྲི་མེ་དཔུང་རླུང་ནག་རཀྟའི་རྒྱ་མཚོ་རི་རབ་ལྕགས་ཀྱུ་ཞགས་པ་བསྣམས་པ། གཡོན་དགུས་ཐོད་ཁྲག་ཉི་མ་ཟླ་བ་རྩེ་གསུམ་ཐོང་གཤོལ་རྔེའུ་ཆུང་དྲིལ་བུ་ལྕགས་སྒྲོག་སྡིག་པ་འཛིན་པ། དབུ་སྐྲ་ཁམ་ནག་གྱེན་དུ་བསྒྲེང་ཞིང་ཁྲོས་པའི་སྤྱན་དང་ལྡན་པ་སྨ་ར་སྨིན་མ་མེ་འོད་དུ་འབར་བ། ཐོད་སྐམ་དབང་གི་རྩེ་བྲན་གྱིས་སྤྲས་ཤིང་གསེར་གྱི་རྡོ་རྗེའི་གོ་ཁྲབ་གསོལ་བ། རྡོ་རྗེ་དང་རིན་པོ་ཆེའི་གཤོག་པ་གདེང་བ། དུར་ཁྲོད་འཇིགས་པའི་ཆས་བརྒྱད་ཀྱིས་བརྒྱན་ཅིང་མེ་རི་སྨུག་ནག་དུས་མཐའི་མེ་ལྟར་འབར་ཞིང་འཚིག་པའི་ཀློང་དཀྱིལ་དུ་བཞུགས་པའི་པང་དུ་ཡུམ་ཆེན་མོ་ཕག་གདོང་ནག་མོ་ཟུང་འཇུག་འཁྲིལ་ཞིང་བརྐྱང་བསྐུམ་གྱི་གར་དང་གྲི་ཐོད་ཀྱི་ཕྱག་རྒྱར་ལྡན་པ། སྤྱན་གསུམ་བགྲད་ཅིང་ཕག་ཞལ་གྱི་སྒྲ་ཆེན་སྒྲོགས་པས་ཁམས་གསུམ་དབང་དུ་བསྡུས་པ། དབུ་སྐྲ་གྲོལ་ཞིང་རུས་རྒྱན་པྲོག་ཞུ་དང་ལྡན་པ་ལ། དུར་ཁྲོད་ཀྱིས་ཆས་བརྒྱད་ཀྱི་བརྒྱན་ཅིང་ཡབ་ཡུམ་གཟི་བརྗིད་དང་ལྡན་པར་བསྐྱེད། རང་ཉིད་དྲག་པོར་གསལ་བ་ཡི༔ སྙིང་གར་ཡཾ་ལས་རླུང་དཀྱིལ་སྟེང་༔ པདྨ་དམར་པོའི་ལྟེ་བ་ལ༔ དྲག་པོ་ཡེ་ཤེས་སེམས་དཔའི་སྐུ༔ ཆེ་ཆུང་ཚད་ནི་མཚོན་གང་ལ༔ མཐིང་ཀ་རྡོར་དྲིལ་འཛིན་པར་བསྐྱེད༔ མ་ཡེངས་རྩེ་གཅིག་དམིགས་པ་གཏད༔ ཞེས་སྙིང་གའི་ཡེ་ཤེས་སེམས་དཔར་སེམས་བཟུང་དུ་བཅུག་ལ། དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་གྱི་མཚན་པའི་འོད་ཟེར་དང་༔ བླ་མའང་ཡི་དམ་གུ་རུ་དྲག་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པའི་རྐྱེན་གྱིས། ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཆེ་མཆོག་པདྨ་དྲག་པོའི་ལྷ་ཚོགས་ཀྱི་རྣམ་པར། སྟེང་ནས་བྱོན་པ་ཐམས་ཅད་ཁ་བ་བབ་པ་ལྟ་བུར་ཐིབ་ཐིབ། འོག་ནས་བྱོན་པ་ཐམས་ཅད་རླངས་པ་རྡོལ་བ་ལྟར་བུན་བུན། བར་ནས་བྱོན་པ་ཐམས་ཅད་ཆོས་འཁོར་ཆེན་པོར་དགེ་འདུན་འདུ་བ་ལྟར་འུར་དེང་དེང་བྱོན་ནས། ཁྱེད་རང་རྣམས་ཀྱི་བ་སྤུའི་ཁུང་བུ་དང་དབང་པོའི་སྒོ་ཐམས་ཅད་ནས་རྡོ་ཚན་ལ་ཁ་བ་བབ་པ་ལྟར་སིབ་སིབ་ཐིམ་པའི་མོས་པ་གྱིས། ལས་བྱང་ལྟར་སྤྱན་འདྲེན་ནི། ཧཱུྃ༔ ཉི་མ་ལྷོ་ནུབ་རྔ་ཡབ་གླིང་༔ ལངྐ་མགྲིན་བཅུ་སྲིན་པོའི་ཡུལ༔ ཟངས་མདོག་དཔལ་རིའི་རྩེ་མོ་ནས༔ དྲག་མེ་དམར་ནག་འཁྲུག་པའི་ཀློང་༔ ཤ་ཁྲག་རྒྱ་མཚོ་མུ་མཐའ་མེད༔ ཐོད་མཁར་འབར་བའི་ཕོ་བྲང་ནས༔ པདྨ་དྲག་པོ་ཁྲོས་པའི་སྐུ༔ ཁྲོ་བོ་ཁྲོ་མོ་སྐར་ལྟར་འཁྲུག༔ སྤྲུལ་པ་ཡང་སྤྲུལ་གློག་ལྟར་འཁྱུག༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ སྐུ་ཡི་ལྷ་ཚོགས༴ དབང་ཆེན་རོལ་པའི་དུར་ཁྲོད་ནས༔ གསུང་གི་ལྷ་ཚོགས༴ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ ཐུགས་ཀྱི་ལྷ་ཚོགས༴ ཡོན་ཏན་སྣ་ཚོགས་ཕོ་བྲང་ནས༔ མ་བརྒྱུད་མཁའ་འགྲོ༴ ༔ འཕྲིན་ལས་ཐོགས་མེད་གཞལ་ཡས་ནས༔ ཡཀྴ་མེ་དབལ༴ ཧཱུྃ༔ ཞེ་སྡང་མེ་ལྟར་འབར་བ་ནས༔ རྡོ་རྗེ་དྲག་པོ༴ ང་རྒྱལ་རི་ལྟར་ཉིལ་བ་ནས༔ རཏྣ་དྲག་པོ༴ འདོད་ཆགས་ཆུ་ལྟར་འཁྲུག་པ་ནས༔ པདྨ་དྲག་པོ༴ ཕྲག་དོག་རླུང་ལྟར་འཚུབ་པ་ནས༔ ཀརྨ་དྲག་པོ༴ གཏི་མུག་མུན་ལྟར་གཏིབ་པ་ནས༴ བྷུདྡྷ་དྲག་པོ༴ སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ནས༔ འབར་བའི་ཁྲོ་བཅུ༴ བཀའ་ཉན་ཕྲ་མེན་དྷཀྐིའི་ཚོགས༔ བྲན་གཡོག་འཁོར་བཅས་གཤེགས་སུ་གསོལ༔ སྤོས་རོལ་བྱས་ལ། མེ་ཏོག་འཐོར་ཞིང་རྡོ་རྗེ་སྤྱི་བོར་འཇོག་ལ། སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་བརྟན་པར་བཞུགས་སུ་གསོལ། ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ མེ་ཏོག་དོར་བ་ནི། དེ་ཡང་རིགས་བརྟག་པའི་ཕྱིར་མེ་ཏོག་དོར་བ་ནི། གཙོ་འཁོར་ཐམས་ཅད་ཡེ་ཤེས་གཅིག་གི་རོལ་པ་ལས་བཟང་ངན་མ་མཆིས་ནའང་། རང་རང་གི་ལས་ཀྱི་འབྲེལ་བ་གང་ལ་ཡོད་པའི་ལྷག་པའི་ལྷ་དེས་བདག་གི་རིག་པའི་མེ་ཏོག་འདི་བཞེས་སུ་གསོལ་སྙམ་དུ་དམོད་བོར་འདིའི་རྗེས་བཟློས་མཛོད། ཧཱུྃ༔ འདབ་ལྡན་དྲི་བཟང་མེ་ཏོག་འདི༔ དེ་རིང་དཀྱིལ་འཁོར་ལྷ་ལ་འབུལ༔ སྔོན་ནས་བསྙེན་ཅིང་བསྒྲུབ་པའི་ལྷ༔ གང་ཡིན་དེ་ལ་འབབ་པར་ཤོག༔ པྲ་ཏི་ཙ་ཧོ༔ ཞེས་དོར་མེ་ཏོག་གར་བབ་བརྟགས་ལ། ཤར་དུ་དགྱེས་པ་རྡོ་རྗེ་རྩལ། ལྷོར་རཏྣ་བཞད་པ་རྩལ༔ ནུབ་ཏུ་པདྨ་དབང་དྲག་རྩལ། བྱང་དུ་ཀརྨ་འཕྲིན་ལས་རྩལ། དབུས་སུ་སངས་རྒྱས་འདུས་པ་རྩལ། ཞེས་སྦྱིན། དེ་ལྟར་མ་འོངས་པ་ན་གསང་མཚན་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་བསྟན་དང་འགྲོ་བའི་དོན་བྱེད་པའི་སྐལ་བ་དང་ལྡན་པར་འགྱུར་རོ། ཨོཾ་སུ་པྲ་ཏིཥྛ་སོགས་བརྗོད། དེ་ནས་གསེར་ཐུར་རྡོ་རྗེས་མིག་དབྱེ་བའི་སྟངས་ཀ་དང་བཅས། ཙཀྵུ་བཛྲ་ཧོ༔ ཞེས་མིག་བསལ། དེ་ལྟར་མ་རིག་པའི་ལིང་ཐོག་མིག་དར་གྱིས་མཚོན་པ་དེ་ཉིད་བསལ་བའི་ཤུལ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པའི་མོས་པ་གྱིས། འདི་ན་ཕྱི་མཚན་མའི་དཀྱིལ་འཁོར་བརྡའ་སྤྲད་པ་ལ་བརྟེན་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེ་མཆོག་པདྨ་དྲག་པོའི་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་ཚོགས་ཐམས་ཅད་མངོན་སུམ་ལྟ་བུར་མཇལ་བའི་མོས་པ་དང་། དེ་དག་ཀྱང་ཕྱི་རོལ་ནས་གཞན་ཞིག་བཙལ་དུ་ཡོད་པ་མ་ཡིན་ཞིང་། རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ཡེ་གདོད་མ་ནས་ལྷུན་གྱིས་གྲུབ་པ་ཉིད་དོ། །དཀྱིལ་འཁོར་དུ་འཇུག་པའི་རིམ་པ་སོང་ནས་ཞུགས་པ་ལ་དབང་བསྐུར་བ་ལ། དེའང་དབང་གི་ངོ་བོ་ངེས་ཚིག་དབྱེ་བ་ཇི་ལྟར་བསྐུར་བའི་ཚུལ་བཞི་ལས། དང་པོ་རྒྱུ་རྐྱེན་གཉིས་ལས། རྒྱུ་རླུང་སེམས་རྩ་དང་ཐིག་ལེར་དབང་རྣམས་གདོད་ནས་རང་ལ་རང་ཆས་སུ་ལྡན་པ་ཡིན་ཏེ། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ནས། བསྐུར་བས་ཐོབ་པར་ག་ལ་འགྱུར། བྲ་སྲན་འབྲས་སུ་དབང་བསྐུར་ཀྱང་། དེ་ལ་འབྲས་ཀྱི་དངོས་སྣང་མེད། ཅེས་དང་། རྐྱེན་ནི་བཞི་ལས། དབང་བསྐུར་དུ་རུང་བ་སློབ་བུའི་རྒྱུ་རྐྱེན། བསྐུར་ནུས་ཀྱི་སློབ་དཔོན་བདག་པོའི་རྐྱེན། རྫས་སྔགས་ཏིང་ངེ་འཛིན་འཛོམ་པའི་ནུས་པ་ཁྱད་པར་ཅན་དམིགས་པའི་རྐྱེན། དབང་སྔ་མ་སྔ་མས་གོ་ཕྱེ་ནས་ཕྱི་མ་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ། གཉིས་པ་ནི་ཨ་བྷི་ཥིཉྩ་ཞེས་པའི་སྒྲ་ལས་དྲངས་ན། མངོན་པར་གཏོར་བའམ་བླུགས་པ་སྟེ་དབང་བཞིའི་རང་སྐལ་གྱི་དྲི་མ་འཁྲུད་ཅིང་སྐུ་བཞིའི་ས་བོན་གསོས་ཐེབས་པའོ། གསུམ་པ་ནི་བསྐུར་བྱའི་དབང་ལ་དབྱེ་ན། བུམ་གསང་ཤེར་ཡེ་ཚིག་དབང་བཞིའམ། དེ་དག་གི་དོན་གནད་འགག་འདུས་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལ་སོགས་པའི་དབང་ངོ་། བཞི་པ་ནི། སློབ་དཔོན་དང་དབང་རྫས་རྣམས་ཆེ་མཆོག་པདྨ་དྲག་པོའི་སྐུར་བསྐྱེད་ནས་དབང་རྫས་དེ་དག་བསྐུར་གནས་སོ་སོར་བསྐུར་བའི་རྐྱེན་གྱིས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ཤེས་བྱའི་སྒྲིབ་ཚོགས་དག་ནས་གཞིའི་ཡེ་ཤེས་མངོན་དུ་གྱུར་པའི་མོས་པ་མཛོད། བུམ་པ་མགོར་བཞག་བུམ་ཆུ་བླུད༔ ཧཱུྃ༔ རིན་ཆེན་བུམ་པ་བཅུད་ཀྱིས་གཏམས༔ དྲག་པོ་རྩལ་དང་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བུམ་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཐོད་ཆང་མགྲིན་པ་ངག་ཏུ་བླུད༔ ཧཱུྃ༔ བྷནྡྷ་བདུད་རྩི་སྨན་གྱིས་གཏམས༔ དྲག་པོའི་གསུང་དང་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བྷནྡྷ་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས། ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ གནམ་ལྕགས་རྡོ་རྗེ་སྙིང་ཁར་བཞག༔ ཧཱུྃ༔ གནམ་ལྕགས་འབར་བའི་རྡོ་རྗེ་འདི༔ དྲག་པོའི་ཐུགས་དང་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རྡོ་རྗེ་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་གཏོར་མ་སྤྱི་བོར་བཞག༔ ཧཱུྃ༔ རིན་ཆེན་འབར་བ་དབང་གི་དཔལ༔ དྲག་པོའི་བྷ་ལིང་རྒྱན་ལྡན་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ རྩ་སྔགས། བྷ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ འཕྲིན་ལས་མཐའ་བརྟེན་རྟགས་བརྒྱད་བསྐུར། ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། ཧཱུྃ༔ ཆོས་དབྱིངས་རོལ་པ་ཆེན་པོ་ནས༔ འཕྲིན་ལས་འགྲོ་བའི་དོན་དུ་སྤྲུལ༔ མཆོག་དང་ཐུན་མོང་ཀུན་གྱི་བདག༔ རྩ་བ་གསུམ་གྱི་བཀྲ་ཤིས་ཤོག༔ སོགས་བརྗོད། དེ་ལྟར་ཡི་དམ་གུ་རུ་དྲག་པོའི་དབང་བསྐུར་ཟབ་མོ་ཐོབ་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་རིམ་པ་ཚུལ་བཞིན་བསྲུང་བར་བགྱིད་སྙམ་པས་འདིའི་རྗེས་བཟློས་གྱིས། གཙོ་བོའི་ཇི་ལྟར་བཀའ་རྩ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། གཏང་རག་གི་མཎྜལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་བ་ལྟར་སྤྲུལ་ཏེ་འབུལ་སྙམ་པས་འདིའི་རྗེས་བཟློས་གྱིས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །དེ་ལྟར་དབང་བསྐུར་ཐོབ་པའི་དགེ་རྩ་སེམས་ཅན་ཀྱི་དོན་དུ་བསྔོ་བར་བགྱིའོ། བསོད་ནམས་འདི་ཡིས་ཐམས་ཅད་སོགས་དང་། རིན་ཆེན་དགེ་ཚོགས་འདི་ཡིས་འགྲོ་བ་ཀུན། །རྟག་ཏུ་དམ་པའི་ཆོས་དང་མི་འབྲལ་ཞིང་། རང་གཞན་དོན་གཉིས་རྫོགས་པ་མཐར་ཕྱིན་པ། ཆོས་རྔ་སྒྲོགས་པས་འཇིག་རྟེན་མཛེས་པར་ཤོག །སློབ་མ་རྣམས་རང་གནས་སུ་བཏང་ལ། དཀྱིལ་འཁོར་རྗེས་ཀྱི་བྱ་བས་མཇུག་སྐྱོང་ངོ་། །བདུད་དགྲའི་གཤེད་གྱུར་ཧེ་རུ་ཀ༔ པད་འབྱུང་དྲག་པོར་ཁྲོས་པ་ཡི། །སྨིན་བྱེད་དབང་ཆོག་འཇུག་བདེའི་སྐྱེས། །འདི་ཡང་བླ་མའི་གསུང་ཉིད་དོ། །ཅེས་པ་འདི་ཡང་རྣམ་འདྲེན་བླ་མ་དམ་པ་འགྱུར་མེད་བློ་ལྡན་གྱིས་བློ་དམན་རྣམ་ལ་མཇུག་པ་བདེ་ཞིང་ཕྱག་བཞེས་མི་ཉམས་པའི་ཕྱིར་བཀླགས་ཆོག་ཏུ་བཀོད་པ་ཞིག་དགོས་ཞེས་བཀའ་སྩལ་གནང་བ་ལྟར་བླ་མ་དམ་པའི་ཕྱག་བཞེས་ཁོ་ན་ལས་རང་བཟོ་དང་བསྲེ་ལྷད་མེད་པར་སྙིགས་མཐའི་རྨོངས་བརྟུལ་སྙོམ་ལས་པ་ངག་དབང་བློ་གྲོས་ཀྱིས་བྲིས་པ་སརྦ་མངྒ་ལམ།། །།


previousདབང་ཆོག་བར་ཆད་ཀུན་སེལ་འཇུག་བདེར་ཕྱག་ལེན་ལྟར་བཀོད་པ།next