Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
དྲག་སྒྲུབ་མེའི་འཁོར་ལོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousདྲག་སྒྲུབ་མེའི་འཁོར་ལོ།next

དྲག་སྒྲུབ་མེའི་འཁོར་ལོ།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ དྲག་སྒྲུབ་མེའི་འཁོར་ལོ་བཞུགས༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་འདུད༔ དྲག་སྒྲུབ་དབང་གི་རྣལ་འབྱོར་པས༔ གཟའ་སྐར་ཤིས་པའི་ཉི་མ་ལ༔ དབེན་ཞིང་དྲག་པོའི་གནས་དག་ཏུ༔ སྐུ་གསུང་ཐུགས་རྟེན་ཡིད་འོང་དགྲམ༔ སྟེགས་བུ་ནག་འཇམ་མཁྲེགས་པའི་ཁར༔ དྲག་པོའི་དཀྱིལ་འཁོར་ལེགས་པ་འབྲི༔ དབུས་སུ་དཔལ་གྱི་གཏོར་མ་ལ༔ དྲག་པོའི་ཙཀ་ལིས་བརྒྱན་པ་བཤམས༔ སྨུག་ནག་དར་གྱི་གུར་ཡང་ཕུབ༔ གཡས་གཡོན་སྨན་གཏོར་རཀྟ་དང་༔ ཐ་མར་མཆོད་པ་ཅི་འབྱོར་བཤམས༔ བདེ་བའི་གདན་འཁོད་ལས་གཞུང་བསྲང་༔ བདག་ཉིད་པདྨ་དྲག་པོ་ཡི༔ ཐུགས་མཆོག་གསེར་གྱི་མཆོད་རྟེན་གྱི༔ བུམ་པའི་དབུས་སུ་ཉི་དཀྱིལ་སྟེང་༔ རང་རིག་ཡི་གེ་ཧཱུྃ་དམར་པོ༔ དེ་ལ་སྙིང་པོས་བསྐོར་བར་བསམ༔ མདུན་གྱི་ནམ་མཁར་དུས་གསུམ་གྱི༔ སངས་རྒྱས་བྱང་སེམས་ཐམས་ཅད་བསྒོམ༔ ཐུགས་ཀའི་ཧཱུྃ་དང་སྔགས་ཕྲེང་ལས༔ འོད་ཟེར་འཕྲོ་འདུའི་ཏིང་འཛིན་གྱིས༔ ཐུགས་དམ་རྒྱུད་བསྐུལ་སྤྲོ་བསྡུ་སྒྱུར༔ སྐུ་ལ་གསེར་གྱི་གོ་ཁྲབ་གཏམས༔ བར་མཚམས་དྲ་མིག་ཐམས་ཅད་དུ༔ ལྕགས་ཀྱི་སྡིག་པས་གཏམས་པར་བསམས༔ སླར་ཡང་ཧཱུྃ་ལས་འོད་ཟེར་འཕྲོས༔ སངས་རྒྱས་ཀུན་གྱི་བྱིན་རླབས་བསྡུས༔ གསེར་གྱི་འཁོར་ལོ་རྩིབས་སྟོང་པ༔ མེ་ལྕེ་སྡིག་པ་མཚོན་ཆ་ནི༔ རྣོ་བའི་ངར་དང་ལྡན་པར་བསྐྱེད༔ སླར་ཡང་ཧཱུྃ་ལས་འོད་ཟེར་འཕྲོས༔ ཚུར་འདུས་དྲག་པོའི་སྐུ་ལ་ཐིམ༔ མེ་ཡི་འཁོར་ལོ་རྩིབས་སྟོང་འབར༔ ཚ་ཞིང་སྲེག་པའི་མེ་དབལ་གྱིས༔ གནོད་བྱེད་མ་ལུས་བསྲེགས་པར་བསམས༔ སླར་ཡང་བདག་གི་ཐུགས་ཀ་ནས༔ རིག་པའི་ངོ་བོ་ཧཱུྃ་དམར་ལས༔ འོད་ཟེར་དམར་པོ་གྲངས་མེད་འཕྲོས༔ ཧཱུྃ་ལས་ཧཱུྃ་འཕྲོས་འཇིག་རྟེན་གང་༔ ཧཱུྃ་ཡིག་གནས་གྱུར་ཁྲོ་བོའི་རྒྱལ༔ ཡཀྴ་མེ་དབལ་བརྔམ་ཞིང་ཁྲོ༔ མེ་ཡི་ཐོ་བ་མེ་ཞགས་བསྣམས༔ ནམ་མཁའ་ས་གཞི་བར་སྣང་གང་༔ ལྷ་སྲིན་སྡེ་བརྒྱད་དྲེགས་པའི་ཚོགས༔ བསྐྲད་གཟིར་མནན་བསྲེགས་བརླག་པར་བསམས༔ དབང་དྲག་ཏིང་འཛིན་དེ་ཡི་ངང་༔ གསང་བའི་སྙིང་པོ་འདི་བཟླའོ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡཱ༔ བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ སྡེ་བརྒྱད་འབྱུང་པོའི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔ ཏིང་འཛིན་བསྐྱེད་རྫོགས་ཟུང་འཇུག་ངང་༔ གནོད་བྱེད་སྡེ་བརྒྱད་འབྱུང་པོ་དང་༔ ཁྱད་པར་གང་གནོད་གཟེར་ཞིང་གཏུབས༔ ཐུན་སྐབས་མཆོད་བསྟོད་གཞུང་ལྟར་འབུལ༔ དྲག་པོའི་ཡང་སྙིང་ཁྲི་ཚོ་གསུམ༔ དྲེགས་པ་སྡེ་བརྒྱད་དབང་དུ་འདུ༔ འབུམ་ཚོ་གཅིག་ཏུ་བཟླས་གྱུར་ན༔ མཆོག་ཐུན་རྣམ་གཉིས་མངོན་དུ་བྱེད༔ གནོད་བྱེད་འབྱུང་པོ་དངངས་སྐྲག་ཡེད༔ ལས་ལ་ཁོལ་བར་ཐེ་ཚོམ་མེད༔ ཕྱི་རབས་གཅེས་པས་ཉམས་སུ་ལོངས༔ རྟགས་ཐོན་གཏོར་མར་དབང་བཞི་བླང་༔ ལྷ་ཉིད་འོད་ཞུ་རང་ལ་བསྟིམ༔ དམིགས་མེད་ངང་ནས་རྫོགས་རིམ་བསྒོམ༔ བསོད་རྣམས་དགེ་ཚོགས་འགྲོ་ལ་བསྔོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ པདྨ་དབང་གི་དྲག་སྒྲུབ་འདི༔ ཟབ་ལུང་རྡོ་རྗེའི་གནས་མཆོག་ཏུ༔ ཁོ་མོས་སློབ་དཔོན་རྗེ་ལ་ཞུས༔ ཕྱི་རབས་དོན་དུ་ཡི་གེར་བཏབ༔ མ་འོངས་བཞི་བཅུ་ཁ་རལ་ནས༔ སུམ་ཅུར་ཉེ་བའི་དུས་དག་ཏུ༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ དཔྲལ་བའི་མིག་དང་ཁོག་སྙིང་ལྟར༔ གཅེས་པར་ཆོངས་ལ་ཉམས་སུ་ལོངས༔ ཤིན་ཏུ་གསང་དང་ཕག་ཏུ་སྦོས༔ ཉམས་སུ་ལོང་ལ་རྩེ་གཅིག་སྒྲུབས༔ བར་ཆད་ཀུན་ལས་གྲོལ་བར་འགྱུར༔ གཅེས་སོ་ཡིད་ཀྱིས་བརྣག་པ་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ བདག་སྤྲང་བན་དྷེས་ཤངས་ཟབ་བུ་ལུང་གི་བར་སྒོ་ནས་གདན་དྲངས་ཤིང་། རཀྴ་ཀོ་ཊིར་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་པའོ། །


previousདྲག་སྒྲུབ་མེའི་འཁོར་ལོ།next