Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
འཇམ་དཔལ་སྐུའི་སྒྲུབ་ཐབས་གསེར་གྱི་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་སྐུའི་སྒྲུབ་ཐབས་གསེར་གྱི་རྡོ་རྗེ།next

འཇམ་དཔལ་སྐུའི་སྒྲུབ་ཐབས་གསེར་གྱི་རྡོ་རྗེ།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ འཇམ་དཔལ་སྐུའི་སྒྲུབ་ཐབས་གསེར་གྱི་རྡོ་རྗེ་བཞུགས༔ དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ དུར་ཁྲོད་ནགས་ཚལ་དབེན་གནས་སུ༔ མཎྜལ་དྲི་བཟང་ཆག་ཆག་གདབ༔ ཐིག་གདབ་འཁོར་ལོ་རྩིབས་བཞི་འབྲི༔ རྡོ་རྗེ་མེ་རི་རང་མདོག་བསྐོར༔ འཁོར་ལོ་རྩིབས་བཞི་སེར་པོས་བྱུག༔ དབུས་སུ་མུཉྫིའི་ཁྲིའུ་ཁར༔ རྒྱས་པའི་གཏོར་མ་གྲུ་བཞི་བཤམས༔ འཇམ་དཔལ་གཤིན་རྗེའི་ཙཀ་ལི་ལ༔ གསེར་གྱིས་སྙིང་པོ་བྲིས་པ་གཟུག༔ དར་སེར་གུར་ཕུབ་མཛེས་པར་བྱ༔ གཡས་གཡོན་སྨན་གཏོར་རཀྟ་དང་༔ ཐ་མར་མཆོད་པ་རྣམ་ལྔས་བསྐོར༔ རང་ཉིད་བདེ་བའི་གདན་ལ་འདུག༔ སྐྱབས་སེམས་སྔོན་བཏང་གཏོར་མ་འབུལ༔ དཀར་ཕྱོགས་སྐྱོང་ལ་འཕྲིན་ལས་བཅོལ༔ ནག་ཕྱོགས་གདོན་བགེགས་སྦྱང་ཞིང་བསྐྲད༔ བསྲུང་བའི་འཁོར་ལོ་དྲག་ཏུ་བསྒོམ༔ དེ་ནས་སྐད་ཅིག་དྲན་རྫོགས་སུ༔ ཆོས་རྣམས་མི་དམིགས་སྟོང་པར་བསྒོམ༔ སྟོང་པའི་ངང་ལས་རང་རིག་ཨཱོཾ༔ སེར་ནག་མདངས་དང་ལྡན་པར་བསྒོམ༔ འོད་ཟེར་འཕྲོས་པས་རྒྱལ་བ་མཆོད༔ སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས༔ གདོན་བགེགས་འབྱུང་པོ་ཚར་བཅད་ཅིང་༔ སྐུ་ཡི་ལྷ་ཚོགས་སྐུ་གསུང་ཐུགས༔ བྱིན་རླབས་ནུས་མཐུ་ཐུགས་རྗེའི་དཔལ༔ མ་ལུས་ཐམས་ཅད་དབང་བསྡུས་ནས༔ ཨཱོཾ་ཡིག་ལ་ཐིམ་གཟི་བརྗིད་འབར༔ སྐད་ཅིག་གནས་གྱུར་དྲན་རྫོགས་སུ༔ འཇམ་དཔལ་སེར་ནག་ཁྲོ་བོའི་སྐུ༔ དོར་སྟབས་ཐོད་དབྱུག་འཁོར་ལོ་བསྣམས༔ དབུ་སྐྲ་ཁམ་ནག་རྩེ་བྲན་སྤྲས༔ གླང་ཆེན་མི་ལྤགས་སྟག་ཤམ་དང་༔ སྦྲུལ་དང་ཐོད་ཕྲེང་ཐལ་བས་བྱུག༔ ཞག་དང་ཁྲག་གི་ཐིག་ལེས་བརྒྱན༔ པདྨ་ཉི་ཟླའི་གདན་ལ་འགྱིང་༔ རིན་ཆེན་འབྱུང་ལྡན་དབུ་ལ་བརྒྱན༔ སྣང་སྟོང་ངང་དུ་ལྷམ་མེར་བསྒོམ༔ ཡེ་ཤེས་སྤྱན་དྲངས་མཆོད་བསྟོད་བྱ༔ བདག་མདུན་འཇམ་དཔལ་ཁྲོ་བོའི་རྒྱལ༔ ཐུགས་ཀར་གསེར་གྱི་འཁོར་ལོའི་སྟེང་༔ ཐུགས་སྲོག་ཨཱོཾ་གྱི་ཐ་མ་ལ༔ གསང་སྒྲུབ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་སྤྲོ་བསྡུ་ཡང་ཡང་ངང་༔ རང་ཉིད་ཁྲོ་རྒྱལ་མངོན་སུམ་གྱུར༔ སྐུ་ཡི་དངོས་གྲུབ་ཀུན་ཐོབ་བསམས༔ ཨཱོཾ་ཡ་མཱནྟ་ཀ་མཉྫུ་ཤྲཱི་ཧཱུྃ་ཕཊ༔ འབུམ་ཚོ་གཅིག་གཉིས་གསུམ་ལ་སོགས༔ གང་ཟག་དབང་པོའི་ན་རིམ་དང་༔ བརྩོན་འགྲུས་ལ་སོགས་སྐབས་བསྟུན་བཟླས༔ དེ་ཚེ་བྱིན་རླབས་ཐོབ་པའི་རྟགས༔ རབ་དངོས་འབྲིང་ཉམས་ཐ་མ་ལ༔ ཞལ་མཇལ་གསུང་ཐོས་ཉི་ཟླ་ཤར༔ དུང་འབུད་དར་འཕྱར་གཏེར་རྙེད་འཕུར༔ རལ་གྲི་འཁོར་ལོ་པོ་ཏི་རྙེད༔ དགེ་བའི་ལྟས་མང་འཆར་བ་དང་༔ མི་རྟོག་ཡེ་ཤེས་ཤེས་རབ་འབར༔ འཇམ་དཔལ་གཤིན་རྗེ་གྲུབ་པའི་རྟགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་ཅིང་བསྒྲུབ་པའི་ཐུན་སྐབས་སུ༔ ཕྱི་ནང་གསང་མཆོད་གཞུང་ལྟར་འབུལ༔ བསྟོད་པའི་རིམ་པས་འདི་ལྟར་བསྟོད༔ ཧཱུྃ༔ སྐུ་མཆོག་འགྱུར་བ་མེད་པའི་ལྷ༔ རྒྱལ་བ་རྣམས་ཀྱིས་དབང་བསྐུར་ཞིང་༔ མཁྱེན་བརྩེ་ནུས་མཐུ་མཐར་སོན་པའི༔ ཁྲོ་རྒྱལ་མཆོག་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་བསྙེན་སྒྲུབ་རྟགས་ཐོན་ནས༔ སྒྲུབ་རྫས་རང་གི་གནས་གསུམ་གཏུགས༔ དབང་བཞི་བླང་ཞིང་གསོལ་བ་གདབ༔ ཡི་གེ་བརྒྱ་པས་ལྷག་ཆད་བསྐང་༔ ཙཀ་ལི་དར་དྲིལ་བླ་རྡོར་བཅང་༔ ཡེ་ཤེས་སེམས་དཔའ་དབྱིངས་སུ་གཤེགས༔ དམ་ཚིག་རང་གི་ལུས་ལ་བསྡུ༔ སྔགས་ཕྲེང་ས་བོན་ཨཱོཾ་ལ་བསྟིམ༔ ཐིག་ལེ་ནཱ་དར་དམིགས་མེད་ཡལ༔ མ་བཅོས་ངང་ལ་ལྷང་ངེར་བསྐྱང་༔ རང་བྱུང་ངང་ལ་རྗེན་ནེར་བསྐྱང་༔ མི་དམིགས་ངང་ལ་ལྷུག་གེར་བསྐྱང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འཇམ་དཔལ་སྐུ་ཡི་སྒྲུབ་ཐབས་འདི༔ མ་ཚོར་རྡོ་རྗེ་གསང་ཕུག་ཏུ༔ སློབ་དཔོན་ཆེན་པོས་བདག་ལ་གནང་༔ ཁོ་མོས་ཤོག་སེར་ལོགས་ལ་བཏབ༔ མ་འོངས་དོན་དུ་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འདི་འཕྲད་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀཱིརྟིས་ཤངས་ཟབ་བུ་ལུང་གི་བར་སྒོ་ཧཱུྃ་རྒྱ་བྲག་ནས་ཤིང་ཡོས་ལ་སྤྱན་དྲངས་ཤིང་། ལྕགས་བྱ་ལ་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བའོ། །མངྒ་ལཾ། །


previousའཇམ་དཔལ་སྐུའི་སྒྲུབ་ཐབས་གསེར་གྱི་རྡོ་རྗེ།next