Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
བྱ་ཁྱུང་སྒྲུབ་ཐབས་སྤུ་གྲི་འབར་བ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousབྱ་ཁྱུང་སྒྲུབ་ཐབས་སྤུ་གྲི་འབར་བ།next

བྱ་ཁྱུང་སྒྲུབ་ཐབས་སྤུ་གྲི་འབར་བ།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ བྱ་ཁྱུང་སྒྲུབ་ཐབས་སྤུ་གྲི་འབར་བ་བཞུགས༔ དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ རི་ནི་བརྗིད་དང་ལྡན་པའི་རྩེ༔ ཡང་ན་མཚོ་འགྲམ་ཤིང་གཅིག་དྲུང་༔ དབེན་པའི་གནས་སུ་མཎྜལ་ལ༔ ཆང་ངམ་ཁྲག་གིས་ཆག་ཆག་གདབ༔ ཐིག་ནས་དྲངས་ཤིང་རི་རབ་འབྲི༔ གསེར་རི་རོལ་མཚོ་གླིང་བཞི་འགོད༔ ལྕགས་རི་ནག་པོ་རྒྱ་མཚོས་བསྐོར༔ དེ་དག་མཛེས་པའི་ཚོན་གྱིས་བསྒྱུར༔ དབུས་སུ་མཉྫིའི་ཁྲིའུ་ཁར༔ ཟངས་ལྕགས་སྣོད་དུ་འབྲུ་ནག་བཤོས༔ དཔལ་གཏོར་ཤ་ཁྲག་བརྒྱན་པ་བཤམས༔ རྩེ་ལ་བྱ་ཁྱུང་ཙཀ་ལི་ལ༔ བསྙེན་སྔགས་གསེར་གྱིས་བྲིས་པ་བཙུགས༔ དར་དམར་གུར་ཕུབ་མཛེས་པར་བཤམས༔ གཞན་ཡང་ཕྱི་ནང་མཆོད་ཚོགས་བཀྲམ༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ སྐྱབས་སེམས་གཏོར་འབུལ་ཕྲིན་ལས་བཅོལ༔ སྔགས་ཀྱིས་སྦྱངས་ཤིང་བགེགས་རྣམས་བསྐྲད༔ ཀུན་ཁྱབ་མི་དམིགས་སྟོང་པའི་ངང་༔ རིན་ཆེན་རི་རབ་རྩེ་མོ་ནས༔ དཔག་བསམ་ཤིང་གི་རྩ་བ་ན༔ རང་རིག་ལྕགས་སྒོང་ཁྲོཾ་དུ་གྱུར༔ འོད་ཟེར་འཕྲོས་པས་གདོན་བགེགས་བསྐྲད༔ སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས༔ སངས་རྒྱས་རྣམས་ལ་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ ཁྲོཾ་ལ་ཐིམ་པས་ཡོངས་སུ་གྱུར༔ བདག་མདུན་དཔལ་ཆེན་གྷ་རུ་ཌཱ༔ ལྕགས་ཀྱི་ལུས་ལ་མེ་གཤོག་རྡེབ༔ ལྕགས་ཀྱི་མཆུ་ལ་དུང་གི་མཆེ༔ རྭ་ནི་གནམ་ལྕགས་རྡོ་རྗེའི་སྡེར༔ དབུ་ལ་ནོར་བུ་འབར་བས་བརྒྱན༔ སྤུ་ལས་རྡོ་རྗེའི་ཚྭ་ཚྭ་འཐོར༔ ཀླུ་དང་ས་བདག་ཞལ་དུ་གསོལ༔ ཀྲང་ཀྲང་ཀྲིང་ཀྲིང་སྒྲ་སྒྲོག་བསྒོམ༔ འོད་ཟེར་སྤྲོ་ཞིང་ཡེ་ཤེས་བསྟིམ༔ ཕྱག་དང་མཆོད་བསྟོད་ལ་སོགས་བྱ༔ བདག་མདུན་དཔལ་ཆེན་གྷ་རུ་ཌཱའི༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་༔ ལྕགས་སྒོང་ཁྲོཾ་གྱིས་མཚན་པའི་མཐར༔ རྩ་སྒྲུབ་བསྙེན་པས་བསྐོར་བར་བསམ༔ བསྙེན་པ་བཟླས་པས་སྔགས་འབྲུ་འཁོར༔ འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས༔ སྡང་བྱེད་དགྲ་དང་གནོད་བྱེད་བགེགས༔ ཁྱད་པར་ས་བདག་ཀླུ་གཉན་རྣམས༔ རང་དབང་མེད་པར་དབང་དུ་བསྡུས༔ ཟིལ་གྱིས་མནན་ཅིང་རྡུལ་དུ་བརླགས༔ ཤ་ཁྲག་དོན་སྙིང་ཁྲུམ་ཁྲུམ་གསོལ༔ གཟི་བརྗིད་ནུས་མཐུ་དྲག་རྩལ་རྒྱས༔ ཆེ་བཙན་འགྲན་ཟླ་མེད་པར་བསྒོམ༔ ཨཱོཾ་ཁྲོཾ་གྷ་རུ་ཌཱ་ཙ་ལེ་ཙ་ལེ་ཧཱུྃཕཊ༔ འབུམ་ཚོ་གསུམ་གྱི་གྲངས་ཐེམས་ན༔ ཀླུ་དང་ས་བདག་དབང་དུ་འདུ༔ ལྔ་བདུན་བཅུ་ལ་སོགས་པ་ཡིས༔ དབང་དྲག་འཕྲིན་ལས་ཐོགས་མེད་ཅིང་༔ སྒྲ་ཐོས་དྲི་ཚོར་རླུང་གིས་རེག༔ ས་བདག་ཀླུ་གཉན་འབོག་ཅིང་བརྒྱལ༔ དེ་ཚེ་རྟགས་ཀྱི་རིམ་པ་ནི༔ རབ་དངོས་འབྲིང་ཉམས་རྨི་ལམ་དུ༔ ཞལ་མཇལ་སྐུ་རུ་གྱུར་བའམ༔ རྒྱ་མཚོ་རྔུབ་དང་རི་བྲག་བཤིགས༔ སྦལ་སྦྲུལ་ཟོས་དང་སྡོམ་སྡིག་བསད༔ མེ་ཆེན་འབར་དང་ནམ་མཁར་འཕུར༔ དེ་སོགས་རྟགས་ནི་སྣ་ཚོགས་འབྱུང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐུན་སྐབས་རྣམས་སུ་མཆོད་ཅིང་བསྟོད༔ བསྙེན་སྒྲུབ་རྟགས་ཐེམས་སྒྲུབ་རྫས་ལས༔ དབང་བླང་ལྷར་གསལ་རང་ལ་བསྟིམ༔ བསྐྱེད་རིམ་བསྡུ་ཞིང་རྫོགས་རིམ་བསྒོམ༔ དགེ་བ་བསྔོ་ཞིང་སྨོན་ལམ་འདེབས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྟོད་པ་ནི༔ ཧཱུྃ༔ ཁྲཾོ་ལས་གྱུར་པ་ཁྲོ་བོའི་རྒྱལ༔ ས་བདག་ཀླུ་གཉན་རྣམས་ཀྱི་གཤེད༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་འཛིན༔ གྷ་རུ་ཌ་ལ་ཕྱག་འཚལ་བསྟོད༔ བྱ་ཁྱུང་ནག་པོའི་སྒྲུབ་ཐབས་འདི༔ གུ་རུ་རྗེ་ཡི་བཀའ་བཞིན་དུ༔ མཚོ་རྒྱལ་བདག་གིས་ཡི་གེར་བྲིས༔ རིན་ཆེན་ས་ལ་གཏེར་དུ་སྦས༔ ཐུགས་སྲས་སྦས་ཚུལ་འགྲོ་བ་འདྲེན༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀཱིརྟིས་ཤངས་ཟབ་བུ་ལུང་གི་བར་སྒོ་ནས། ཤིང་ཡོས་ལ་སྤྱན་དྲངས་ཤིང་། ལྕགས་བྱ་ལ་གུ་རུ་རིན་པོ་ཆེའི་སྒྲུབ་གནས་ཁམས་སྲིང་མོ་རྫོང་གི་ཆགས་རུ་ཕུག་ནག་བདེ་བ་ཆེན་པོ་རྡོ་རྗེའི་ཀེ་ཚང་དུ་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བའོ། མངྒཱ་ལཾ།


previousབྱ་ཁྱུང་སྒྲུབ་ཐབས་སྤུ་གྲི་འབར་བ།next