Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
ལས་བྱང་འཕྲིན་ལས་ལྷུན་གྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལས་བྱང་འཕྲིན་ལས་ལྷུན་གྲུབ།next

ལས་བྱང་འཕྲིན་ལས་ལྷུན་གྲུབ།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ ལས་བྱང་འཕྲིན་ལས་ལྷུན་གྲུབ་བཞུགས༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ དུར་ཁྲོད་ནགས་འདབ་རི་བོའི་སུལ༔ དྲག་པོའི་འཕྲིན་ལས་བསྒྲུབ་པའི་སར༔ དུར་ཁྲོད་ས་རྡོར་སྟེགས་བུ་བཟོ༔ དུག་དང་ཁྲག་གིས་ཆག་ཆག་གདབ༔ རོ་སོལ་ནག་པོས་ཁ་དོག་བསྒྱུར༔ ཐིག་ནས་དྲངས་ཤིང་དཀྱིལ་འཁོར་བྲི༔ མཛེས་པའི་ཚོན་གྱིས་ལེགས་པར་བྱུག༔ ཡང་ན་འབྲུ་ཡི་ཚོམ་བུ་ནི༔ ལྷ་ཡི་གྲངས་དང་མཉམ་པར་བཀོད༔ དབུས་སུ་དཔལ་གཏོར་བརྗིད་ལྡན་བཤམས༔ གཡས་གཡོན་སྨན་རག་བྷནྡྷར་བཀྲམ༔ མདུན་དུ་ཚོགས་ཀྱི་འཁོར་ལོ་དང་༔ ཐ་མར་མཆོད་པ་སྣ་ཚོགས་བཀོད༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ སྐྱབས་སེམས་བཏང་ཞིང་སྨན་རག་སྦྲེང་༔ གཏོར་ཚོགས་མཆོད་པ་བྱིན་གྱིས་བརླབ༔ བགེགས་གཏོར་བསྔོ་བ་འདི་སྐད་དོ༔ ཧཱུྃ༔ ང་ནི་པདྨ་དྲག་པོའི་སྐུ༔ ཉོན་ཅིག་ལན་ཆགས་སྡེ་བརྒྱད་བགེགས༔ འདོད་ཡོན་ཆངས་བུ་འདི་སྣོམས་ལ༔ གསང་བའི་གནས་འདིར་མ་འདུག་པར༔ རང་རང་སོ་སོའི་ཡུལ་དུ་དེང་༔ བཀའ་ལས་འདས་ན་བརླག་པར་བྱེད༔ དེ་བས་མྱུར་དུ་ཕྱིར་དེངས་ཤིག༔ ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ མཚམས་གཅོད་པ་ནི༔ ཧཱུྃ༔ ཐོད་ཕྲེང་དྲག་པོའི་ཐུགས་ཀ་ནས༔ སྤྲུལ་པའི་འོད་ཟེར་གློག་ལྟར་འཁྱུག༔ ཁྲོ་བོ་ཁྲོ་མོ་སྐར་ལྟར་འཕྱོ༔ ཡེ་ནས་དག་པའི་གཞལ་ཡས་འདིར༔ གདོན་བགེགས་འབྱུང་པོ་མཚམས་ཆོད་ཅིག༔ བྷྲཱུྃ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ ལྷ་བསྐྱེད་པ་ནི༔ ཧཱུྃ༔ ཆོས་རྣམས་གདོད་ནས་རྣམ་པར་དག༔ བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ལས༔ བརྩེ་བའི་སྙིང་རྗེ་རྒྱུ་རུ་ཤར༔ རྡོ་རྗེ་ཧཱུྃ་གིས་མཚན་པར་བསམ༔ ཨེ་འཕྲོས་སྟོང་ཉིད་ནམ་མཁའི་ཀློང་༔ ཡཾ་འཕྲོས་རྒྱ་གྲམ་རླུང་གི་སྟེང་༔ ར་འཕྲོས་རཀྟའི་རྦ་ཀློང་འཁྲུག༔ སུམ་འཕྲོས་ཞིང་ཆེན་ས་གཞི་བརྡལ༔ ཀེཾ་འཕྲོས་རུས་པའི་རི་རབ་འཇིགས༔ རཾ་འཕྲོས་མེ་དཔུང་དམར་ནག་འབར༔ བྷྲཱུྃ་འཕྲོས་དྲག་པོའི་གཞལ་ཡས་ཁང་༔ ཧཱུྃ༔ མི་མགོ་སྐམ་རློན་རྩིག་པས་གཏམས༔ གནམ་ལྕགས་ཁྲོ་ཆུ་ཞུན་མས་བསྡམས༔ ཀླུ་ཆེན་བརྒྱད་ཀྱི་ཀ་གདན་སྟེང་༔ གཟའ་ཆེན་བརྒྱད་ཀྱི་ཀ་བ་བཙུགས༔ ཉི་ཟླ་འབར་བའི་ཀ་གཞུས་བརྒྱན༔ ལྷ་ཆེན་བརྒྱད་ཀྱི་གདུང་མ་བྲེས༔ རྒྱུ་སྐར་ཉེར་བརྒྱད་དྲལ་ཕྱམ་ཚགས༔ ཐོག་ནི་ཞིང་ཆེན་ལྤགས་པས་འཇིམ༔ རྡོ་རྗེའི་རྭ་ཐེམ་གནམ་ལྕགས་སྒོ༔ ཐོད་སྐམ་ཕྲེང་བའི་བ་གམ་མཛེས༔ ནང་རོལ་དྲ་ཕྱེད་ཙིཏྟའི་ཕོད༔ མི་ལྤགས་ཞིང་གི་འཕན་གདུགས་བརྒྱན༔ རྟ་བབས་ཆོས་འཁོར་གདུགས་ཏོག་མཐོ༔ ཧཱུྃ༔ དུར་ཁྲོད་དྲག་པོའི་ཕོ་བྲང་དབུས༔ གྲུ་གསུམ་དམར་ནག་འབར་བའི་དཀྱིལ༔ སྡེ་བརྒྱད་རྒྱལ་བསེན་བསྣོལ་བའི་སྟེང་༔ བསྐལ་པའི་མེ་རི་སྨུག་ནག་ཀློང་༔ པདྨ་དྲག་པོ་ཁྲོས་པའི་སྐུ༔ དབུ་དགུ་ཕྱག་ནི་བཅོ་བརྒྱད་དེ༔ ཞབས་བརྒྱད་བརྐྱང་བསྐུམ་དོར་སྟབས་བགྲད༔ གཡས་གསུམ་ཁྲོ་འཛུམ་དཀར་བའི་ཞལ༔ སྟེང་གི་ལྷ་རྣམས་འདུལ་བར་བྱེད༔ གཡོན་གསུམ་སྔོན་པོ་ཁྲོ་བོའི་ཞལ༔ འོག་གི་ཀླུ་རྣམས་ཟིལ་གྱིས་གནོན༔ དབུས་གསུམ་དམར་ནག་རྔམ་བརྗིད་འབར༔ སྡེ་བརྒྱད་སྲིན་པོ་རྡུལ་དུ་བརླག༔ གཡས་དགུ་གྲི་གུག་རྡོ་རྗེ་གྲི༔ མེ་དཔུང་རླུང་ནག་རཀྟའི་མཚོ༔ རི་རབ་ལྕགས་ཀྱུ་ཞགས་པ་བསྣམས༔ གཡོན་དགུ་ཐོད་ཁྲག་ཉི་ཟླ་དང་༔ རྩེ་གསུམ་ཐོང་གཤོལ་རྔེའུ་ཆུང་༔ དྲིལ་བུ་ལྕགས་སྒྲོག་སྡིག་པ་འཛིན༔ དབུ་སྐྲ་ཁམ་ནག་གྱེན་ལ་སྒྲེང་༔ སྨ་ར་སྨིན་མ་མེ་འོད་འབར༔ ཐོད་སྐམ་དབང་གི་རྩེ་བྲན་སྤྲས༔ རྡོ་རྗེ་རིན་ཆེན་གཤོག་པ་གདེང་༔ གསེར་གྱི་རྡོ་རྗེའི་གོ་ཁྲབ་གསོལ༔ དུར་ཁྲོད་འཇིགས་པའི་ཆས་བརྒྱད་བརྒྱན༔ ཧཱུྃ༔ ཡུམ་མཆོག་ཕག་མོ་མཐིང་ནག་འཁྲིལ༔ བརྐྱང་བསྐུམ་གྲི་ཐོད་ཕག་སྐད་སྒྲོག༔ སྐྲ་གྲོལ་རུས་རྒྱན་པྲོག་ཞུ་ལྡན༔ དུར་ཁྲོད་ཆས་ལྡན་གཟི་བརྗིད་འབར༔ ཡབ་ཡུམ་སྐུ་ལ་བདེ་སྟོང་རྫོགས༔ ཧཱུྃ༔ སྤྱི་གཙུག་རིགས་བདག་དམར་པོ་ནི༔ མཉམ་གཞག་ཚེ་བུམ་ལོངས་སྤྱོད་རྫོགས༔ སངས་རྒྱས་ཀུན་གྱི་བདག་ཉིད་ཅན༔ གཟི་བརྗིད་མདངས་དང་ལྡན་པར་བསྐྱེད༔ ཧཱུྃ༔ དཔྲལ་བར་གཤིན་རྗེ་སེར་ནག་ཁྲོ༔ གཡས་གཡོན་ཐོད་དབྱུག་འཁོར་ལོ་བསྣམས༔ མགྲིན་པར་དབང་ཆེན་རྟ་སྐད་འབྱིན༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ ཐུགས་ཀར་རྡོ་རྗེ་གཏུམ་པོ་མཐིང་༔ རྡོ་རྗེ་གཡས་ལ་སྡིགས་མཛུབ་གཡོན༔ ཀུན་ཀྱང་ཁྲོ་གཏུམ་དཔའ་ལ་སྒེག༔ དུར་ཁྲོད་ཆས་ལྡན་དོར་སྟབས་འགྱིང་༔ ལྟེ་བར་མཁའ་འགྲོ་སྡེ་ལྔ་ནི༔ རང་རྟགས་གྲི་ཐོད་གར་སྟབས་འཁྲབ༔ དཀར་སེར་དམར་ལྗང་རུས་པས་བརྒྱན༔ གསང་གནས་ཡཀྴ་མེ་དབལ་སྨུག༔ གཡས་གཡོན་ཐོ་བ་ཞགས་པ་བསྣམས༔ དུར་ཁྲོད་ཆས་ལྡན་དོར་སྟབས་བགྲད༔ སྟེང་གི་མཁའ་ལ་བྱ་ཁྱུང་ལྡིང་༔ ལྕགས་རྭ་གསེར་མིག་མེ་གཤོག་བརྡེབ༔ ཀླུ་དང་ས་བདག་གཤེད་མར་བསྒོམ༔ ཧཱུྃ༔ ཕྱི་རིམ་འཁོར་ལོའི་རྩིབས་བཞི་ལ༔ བཛྲ་རཏྣ་པདྨ་དང་༔ ཀརྨ་རྡོ་རྗེ་དྲག་པོ་རྩལ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རང་རྟགས་གཡོན་སྡིག་པ༔ སྐུ་ལ་དྲག་པོའི་ཆས་རྣམས་རྫོགས༔ རིགས་བཞི་དྲག་པོ་ཁྲོས་པའི་སྐུ༔ བརྐྱང་བསྐུམ་དོར་སྟབས་ལྡན་པར་བསྐྱེད༔ ཧཱུྃ༔ དེ་ཡི་ཕྱི་རིམ་རྩིབས་བཅུ་ལ༔ ཕྱོགས་སྐྱོང་ཁྲོ་ཆེན་འབར་བ་བཅུ༔ མཐིང་ནག་རྡོ་རྗེ་ཐོད་ཁྲག་ཅན༔ རབ་འཇིགས་ཁྲོ་ཆས་ལྡན་པར་བསྐྱེད༔ ཧཱུྃ༔ དྲག་པོའི་ཕོ་བྲང་སྒོ་བཞི་རུ༔ སེང་གདོང་སྟག་གདོང་ཁྱུང་གདོང་མ༔ ཕག་གདོང་ཕྲ་མེན་མཁའ་འགྲོ་བཞི༔ གཡས་རྣམས་ལྕགས་ཀྱུ་ཞགས་པ་དང་༔ ལྕགས་སྒྲོག་དྲིལ་བུ་ནམ་མཁར་འཕྱར༔ གཡོན་རྣམས་ཐོད་ཁྲག་ཐུགས་ཀར་བསྐྱིལ༔ དཀར་སེར་དམར་ལྗང་མདངས་དང་ལྡན༔ ཁྲོ་མོའི་ཆས་གསོལ་འཇིགས་པར་བསྐྱེད༔ སྤྱན་འདྲེན་པ་ནི༔ རོལ་མོ་འཁྲོལ་ཏེ༔ རྐང་གླིང་དང་གསུར་ཆེན་གྱི་དུད་པ་བཏང་ཞིང་༔ ཧཱུྃ༔ ཉི་མ་ལྷོ་ནུབ་རྔ་ཡབ་གླིང་༔ ལངྐ་མགྲིན་བཅུ་སྲིན་པོའི་ཡུལ༔ ཟངས་མདོག་དཔལ་རིའི་རྩེ་མོ་ནས༔ དྲག་མེ་དམར་ནག་འཁྲུག་པའི་ཀློང་༔ ཤ་ཁྲག་རྒྱ་མཚོ་མུ་མཐའ་མེད༔ ཐོད་མཁར་འབར་བའི་ཕོ་བྲང་ནས༔ པདྨ་དྲག་པོ་ཁྲོས་པའི་སྐུ༔ ཁྲོ་བོ་ཁྲོ་མོ་སྐར་ལྟར་འཁྲུག༔ སྤྲུལ་པ་ཡང་སྤྲུལ་གློག་ལྟར་འཁྱུག༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ སྐུ་ཡི་ལྷ་ཚོགས་གཤེགས་སུ་གསོལ༔ དབང་ཆེན་རོལ་པའི་དུར་ཁྲོད་ནས༔ གསུང་གི་ལྷ་ཚོགས་གཤེགས་སུ་གསོལ༔ ལྕང་ལོ་ཅན་ཀྱི་ཕོ་བྲང་ནས༔ ཐུགས་ཀྱི་ལྷ་ཚོགས་གཤེགས་སུ་གསོལ༔ ཡོན་ཏན་སྣ་ཚོགས་ཕོ་བྲང་ནས༔ མ་བརྒྱུད་མཁའ་འགྲོ་གཤེགས་སུ་གསོལ༔ འཕྲིན་ལས་ཐོགས་མེད་གཞལ་ཡས་ནས༔ ཡཀྴ་མེ་དབལ་གཤེགས་སུ་གསོལ༔ ཧཱུྃ༔ ཞེ་སྡང་མེ་ལྟར་འབར་བ་ནས༔ རྡོ་རྗེ་དྲག་པོ་གཤེགས་སུ་གསོལ༔ ང་རྒྱལ་རི་ལྟར་ཉིལ་བ་ནས༔ རཏྣ་དྲག་པོ་གཤེགས་སུ་གསོལ༔ འདོད་ཆགས་ཆུ་ལྟར་འཁྲུག་པ་ནས༔ པདྨ་དྲག་པོ་གཤེགས་སུ་གསོལ༔ ཕྲག་དོག་རླུང་ལྟར་འཚུབ་པ་ནས༔ ཀརྨ་དྲག་པོ་གཤེགས་སུ་གསོལ༔ གཏི་མུག་མུན་ལྟར་གཏིབས་པ་ནས༔ བྷུདྡྷ་དྲག་པོ་གཤེགས་སུ་གསོལ༔ སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ནས༔ འབར་བའི་ཁྲོ་བཅུ་གཤེགས་སུ་གསོལ༔ བཀའ་ཉན་ཕྲ་མེན་དྷཀྐིའི་ཚོགས༔ བྲན་གཡོག་འཁོར་བཅས་གཤེགས་སུ་གསོལ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གྲུ་གསུམ་འབར་བ་དྲག་པོའི་ཞིང་༔ ཐོད་མཁར་འབར་བའི་ཕོ་བྲང་དབུས༔ པདྨ་དྲག་པོའི་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཛཿཧཱུྃ༔ བཾ་ཧོ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཉིས་མེད་ཡེ་ཤེས་རྒྱལ་བའི་སྲས༔ པདྨ་དྲག་པོའི་ལྷ་ཚོགས་ལ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ཨ་ལ་ལ་ཏེ་པཱུ་ཙ་ཧོ༔ ཕྱི་མཆོད་ནི༔ ཧཱུྃ༔ དྲག་པོ་པདྨའི་ལྷ་ཚོགས་ལ༔ མེ་ཏོག་དྲི་ཞིམ་བདུག་པའི་སྤོས༔ སྣང་གསལ་སྒྲོན་མེ་དྲི་བཟང་ཆབ༔ ཞལ་ཟས་རོ་མཆོག་རྔ་གླིང་དུང་༔ མཆོད་པ་འབུལ་ལོ་བཞེས་སུ་གསོལ༔ ཨཱོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ་ཤཔྟ་པཱུ་ཙ་ཧོ༔ ནང་མཆོད་ནི༔ ཧཱུྃ༔ དྲག་པོ་པདྨའི་ལྷ་ཚོགས་ལ༔ དབང་པོ་ལྔ་ཡི་མཆོད་པ་འབུལ༔ ཤ་ཆེན་རྣམ་ལྔའི་མཆོད་པ་འབུལ༔ བདུད་རྩི་ལྔ་ཡི་མཆོད་པ་འབུལ༔ དུག་གསུམ་སྐུ་གསུང་ཐུགས་ལ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་བཞེས༔ མ་ཧཱ་མཾ་ས་ཙིཏྟ་ཙཀྵུ་བྷ་སུ་ཏ་པཉྩ་ལ་ཁ་རཾ་ཁཱ་ཧི༔ གསང་མཆོད་ནི༔ ཧཱུྃ༔ དྲག་པོ་པདྨའི་ལྷ་ཚོགས་ལ༔ ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས༔ དཀར་དམར་འདྲེས་པའི་ཀུནྡ་འདི༔ མཆོད་པར་འབུལ་ལོ་དགྱེས་པར་བཞེས༔ བདེ་སྟོང་བླ་མེད་དངོས་གྲུབ་སྩོལ༔ ཨཱོཾ་བྷོ་དྷི་ཙིཏྟ་ཧཱུཾ༔ སྨན་མཆོད་ནི༔ ཧཱུྃ༔ དྲག་པོ་པདྨའི་ལྷ་ཚོགས་ལ༔ གདོད་ནས་དག་པའི་ཨ་མྲྀ་ཏ༔ རང་བྱུང་བདུད་རྩིའི་མཆོད་པ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ རཀྟ་འབུལ་བ་ནི༔ ཧཱུྃ༔ དྲག་པོ་པདྨའི་ལྷ་ཚོགས་ལ༔ ཞིང་བཅུ་བསྒྲལ་བའི་རཀྟ་དང་༔ ཟུང་འཇུག་སྦྱར་བའི་སིནྡྷུ་ར༔ རྒྱུ་དྲུག་བསྒྲལ་བའི་མུ་ལ་དང་༔ གཏར་དང་གཞུར་བའི་ཁྲག་སྣས་མཆོད༔ མ་ཧཱ་རཀྟ་ལ་ཁཱ་རཾ་ཁཱ་ཧི༔ གཏོར་མ་འབུལ་བ་ནི༔ ཧཱུྃ༔ དྲག་པོ་པདྨའི་ལྷ་ཚོགས་ལ༔ བྷནྡྷ་ཡངས་པའི་གཏོར་གཞོང་དུ༔ དགྲ་བགེགས་ཤ་ཁྲག་དཔལ་བཤོས་བཙུགས༔ འབྲུ་བཅུད་རྐྱེན་སྦྱར་བདུད་རྩིས་སྦྲན༔ བྷ་ལིང་མཆོད་པ་བཞེས་སུ་གསོལ༔ མ་ཧཱ་བྷ་ལིང་ཏ་ལ་ཁ་རཾ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་བྱ་བ་ནི༔ ཧཱུྃ༔ རྒྱལ་བའི་སྤྱི་གཟུགས་དབང་དྲག་རྫོགས༔ པདྨ་དྲག་རྩལ་ཁྲོས་པའི་སྐུ༔ ཁམས་གསུམ་གཡོ་ཞིང་སྲིད་གསུམ་འདར༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ བདེ་སྟོང་འབར་བའི་གཞལ་ཡས་ནས༔ དགའ་བཞིའི་ཡེ་ཤེས་མཆོད་པའི་ཡུམ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ རྡོ་རྗེ་ཕག་མོར་ཕྱག་འཚལ་བསྟོད༔ རིགས་བདག་དབང་གི་དཀྱིལ་འཁོར་ནས༔ ཆགས་མེད་ཚེ་དང་ཡེ་ཤེས་ལྷ༔ སྣང་བ་མཐའ་ཡས་ཆོས་ཀྱི་སྐུ༔ འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ འགྱུར་མེད་སྐུ་ཡི་གཞལ་ཡས་ནས༔ སྐུ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ ཆགས་མེད་གསུང་གི་ཕོ་བྲང་ནས༔ གསུང་གི་ལྷ་ལ་ཕྱག་འཚལ་བསྟོད༔ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཐུགས་ཀྱི་ལྷ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་ལྷུན་གྱིས་གྲུབ་པ་ནས༔ མ་བརྒྱུད་ལྷ་ལ་ཕྱག་འཚལ་བསྟོད༔ འཕྲིན་ལས་ཐོགས་པ་མེད་པ་ནས༔ ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོད༔ དུག་ལྔ་གནས་གྱུར་ཧེ་རུ་ཀ༔ དྲག་པོ་རིགས་བཞིར་ཕྱག་འཚལ་བསྟོད༔ ཡེ་ཤེས་སྤྲུལ་པས་ཕྱོགས་བཅུ་སྐྱོང་༔ ཁྲོ་བོ་བཅུ་ལ་ཕྱག་འཚལ་བསྟོད༔ བཀའ་ཉན་འགུགས་འཆིང་སྡོམ་དགྱེས་རོལ༔ ཕྲ་མེན་སྒོ་མ་བཞི་ལ་བསྟོད༔ གང་འདུལ་ཚུལ་སྟོན་ས་བདག་འདུལ༔ གྷ་རུ་ཌ་ལ་ཕྱག་འཚལ་བསྟོད༔ ཨཱོཾ་ཨཱཿཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་བྷྱོ་ཟློག༔ ཅེས་དམིགས་པ་གསལ་ཞིང་བསྙེན་བསྒྲུབ་བསྐྱང་༔ བདུད་རྩིས་ཚོགས་བསང་འདི་སྐད་དོ༔ ཧཱུྃ༔ འབར་བ་དབང་གི་དཀྱིལ་འཁོར་འདིར༔ དྲག་པོའི་འོད་ཟེར་འཕྲོ་འདུའི་རྩལ༔ བཟའ་བཏུང་ཚོགས་ཀྱི་འཁོར་ལོར་ཕོག༔ མ་དག་སྦྱངས་ཤིང་བདུད་རྩིར་སྤེལ༔ ཨཱོཾ་ཨཱཿཧཱུྃ༔ ཚོགས་ཕུད་སྤྲོ་ཞིང་༔ ཧཱུྃ༔ དྲག་པོ་པདྨའི་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཤགས་པ་ནི༔ ཧཱུྃ༔ དྲག་པོ་ཁྲོས་པའི་ལྷ་ཚོགས་དགོངས༔ ཉམས་ཆགས་འགལ་འཁྲུལ་ཅི་མཆིས་པ༔ ཚོགས་ཀྱི་མཆོད་པས་མཐོལ་ལོ་བཤགས༔ གཉིས་མེད་ཚངས་པའི་དངོས་གྲུབ་སྩོལ༔ སྒྲལ་མཆོད་ནི༔ ཧཱུྃ༔ པདྨ་དྲག་རྩལ་ཁྲོས་པའི་སྐུ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ དྲག་པོའི་སྤྲུལ་པས་སྟོང་གསུམ་གང་༔ ལས་བྱེད་ཚོགས་ཀྱིས་སྲིད་གསུམ་གཡོ༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ དགྲ་བགེགས་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ༔ སྟབ་པ་ནི༔ ཧཱུྃ༔ སྡང་བྱེད་དགྲ་དང་གནོད་བྱེད་བགེགས༔ དྲག་པོའི་ཤུགས་ཀྱིས་བསྒྲལ་བ་ཡི༔ དབང་པོ་དོན་སྙིང་ཤ་ཁྲག་རུས༔ པདྨ་དྲག་རྩལ་ལྷ་ཚོགས་ཀྱི༔ ཞལ་དུ་སྟབ་བོ་བཞེས་སུ་གསོལ༔ ཁ་རཾ་ཁཱ་ཧི་ཁཱ་ཧི༔ འབགས་ལྷག་སྦྲན་ཏེ༔ ཧཱུྃ༔ པདྨ་དྲག་རྩལ་བཀའ་འཁོར་ནས༔ ཕྲ་མེན་མཁའ་འགྲོ་རྒྱ་མཚོའི་ཚོགས༔ བཀའ་ཡི་ཕམ་ཕབས་ལྷག་མ་ལོང་༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ བཛྲ་རཏྣ་པདྨ་ཀརྨ་ཌཱཀྐི་ནི་ཁཱ་ཧི་ཁཱ་ཧི༔ ཆད་ཐོ་ནི༔ ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ ཟབ་ལུང་མ་ཚོར་གསང་ཕུག་ཏུ༔ རིག་འཛིན་རྡོ་རྗེ་ཐོད་ཕྲེང་གིས༔ པདྨ་དྲག་པོའི་སྐུར་བསྟན་ནས༔ དམ་སྲིན་སྡེ་བརྒྱད་དབང་དུ་བསྡུས༔ ལྷ་སྲིན་དྲེགས་པ་བྲན་དུ་བཀོལ༔ སྲོག་སྙིང་ཕུལ་ནས་སྲུང་མར་བསྐོས༔ སྔོན་གྱི་དམ་བཅའ་རྗེས་དགོངས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ རྗེས་འཇུག་རྣལ་འབྱོར་བུ་བཞིན་སྐྱོངས༔ སངས་རྒྱས་བསྟན་སྲུངས་འཕྲིན་ལས་སྒྲུབས༔ ནད་གདོན་བགེགས་དང་བར་ཆད་ཟློག༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ བསྟན་མ་སྐྱོང་བ་ནི༔ ཧཱུྃ༔ འདིར་གཤེགས་བསྟན་སྐྱོང་སྲུང་མ་རྣམས༔ ཚོགས་ལྷག་བཤལ་ཆུའི་གཏོར་མ་འདི༔ དམ་ཚིག་བཀའ་ཡི་ཟས་ཡིན་ཕྱིར༔ སྔོན་གྱི་དམ་བཅའ་རྗེས་དགོངས་ལ༔ དགྱེས་པ་ཆེན་པོའི་མདངས་ཀྱིས་བཞེས༔ བསྟན་པ་སྐྱོངས་ལ་གང་ཟག་སྲུངས༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི་ཁཱ་ཧི༔ བྲོ་བརྡུང་བ་ནི༔ ཧཱུྃ༔ དབང་དྲག་ཁྲོས་པའི་དཀྱི་འཁོར་འདིར༔ རྡོ་རྗེ་ཁྲོས་པའི་བྲོ་བརྡུངས་པས༔ དགྲ་བགེགས་འབྱུང་པོ་དམ་སྲིའི་ཚོགས༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ཧཱུྃ་ཧཱུྃ་ལཾ་ལཾ་སྟཾ་བྷ་ཡ་ནན༔ གཤེགས་གསོལ་ནི༔ ཧཱུྃ༔ ཡང་གསང་ཁྲོས་པ་དྲག་པོའི་ལྷ༔ ཤེས་བྱའི་རེ་བ་བསྐངས་ནས་ཀྱང་༔ སྐྱེ་མེད་ཀློང་དུ་གཤེགས་སུ་གསོལ༔ དམ་ཚིག་ལྷ་ཚོགས་རང་ལ་བསྡུ༔ དམིགས་མེད་བློ་འདས་རང་བབས་སྐྱོང་༔ བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ པདྨ་དྲག་པོའི་ལྷ་ཚོགས་ལ༔ བསྒོམ་བསྒྲུབ་མཆོད་བསྟོད་ཕུལ་བའི་མཐུས༔ ཐམས་ཅད་སངས་རྒྱས་འཐོབ་པར་ཤོག༔ དབང་དང་དྲག་པོའི་ཕྲིན་ལས་ཀྱིས༔ མཆོག་ཐུན་དཔལ་ལ་སྤྱོད་གྱུར་ཅིག༔ བཀྲ་ཤིས་ནི༔ ཧཱུྃ༔ ཆོས་དབྱིངས་རོལ་པ་ཆེན་པོ་ནས༔ ཕྲིན་ལས་འགྲོ་བའི་དོན་དུ་སྤྲུལ༔ མཆོག་དང་ཐུན་མོང་ཀུན་གྱི་བདག༔ རྩ་བ་གསུམ་གྱི་བཀྲ་ཤིས་ཤོག༔ རང་ལུས་བསྲུང་ཞིང་རྒྱུན་སྤྱོད་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲང་བན་དྷེས་ཤངས་ཟབ་བུ་ལུང་གི་བར་སྒོ་ནས་ཤིང་ཡོས་ལ་སྤྱན་དྲངས་ཤིང་། ལོ་བདུན་གསང་དམ་གྱི་ཁོངས་ནས་སྐལ་ལྡན་ཙན་སྒོ་ལྷ་བཟོ་ཡབ་སྲས་ཀྱིས་བཀའ་ནན་གྱིས་བསྐུལ་ངོར་ལྕགས་བྱ་ལ་ཤོག་སེར་ལས་བོད་ཡིག་ཏུ་ཕབ་པའོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྤྱི་ཡི་གཟུགས། །པདྨ་ཐོད་ཕྲེང་དབང་དྲག་ཁྲོས་པའི་སྐུར། །བཞེངས་ནས་མི་བསྲུན་དྲེགས་པའི་སྙིང་འབྱིན་པ། །གང་གི་མཆོད་ཕྲིན་པར་དུ་བཞེངས་པའི་དགེས། །བསྟན་འགྲོར་འཚེ་བའི་བདུད་དཔུང་གཡུལ་ཕམ་ནས། །རྒྱལ་བསྟན་འཕེལ་ཞིང་རྒྱས་པའི་སྙན་གྲགས་ཀྱི། །རྔ་སྒྲ་ཚངས་ཆེན་ཞིང་དུ་ཁྱབ་པ་དང་། །འགྲོ་ཀུན་ཟབ་དོན་སྙིང་པོ་རྟོགས་པར་ཤོག །ཅེས་པར་བྱང་སྨོན་ལམ་འདི་པདྨའི་མིང་ཅན་གྱིས་སོ། །མངྒ་ལཾ།། །།


previousལས་བྱང་འཕྲིན་ལས་ལྷུན་གྲུབ།next