Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་དམ་བསྐུལ་ཆོག་དགྲ་བགེགས་ཀུན་འདུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་དམ་བསྐུལ་ཆོག་དགྲ་བགེགས་ཀུན་འདུལ།next

ཐུགས་དམ་བསྐུལ་ཆོག་དགྲ་བགེགས་ཀུན་འདུལ།

ཟབ་ཆོས་པདྨ་ཁྲོས་ལས༔ ཐུགས་དམ་བསྐུལ་ཆོག་དགྲ་བགེགས་ཀུན་འདུལ་བཞུགས༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ དྲག་པོ་པདྨའི་རྣལ་འབྱོར་པས༔ དགྲ་བགེགས་གནོད་པ་བཟློག་སྒྱུར་དོན༔ ཐུགས་དམ་དབྱིངས་ནས་བསྐུལ་བ་ནི༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ གཏོར་མར་འབུལ་ཞིང་འདི་སྐད་དོ༔ ཧཱུྃ༔ ང་ནི་པདྨ་ཧེ་རུ་ཀ༔ ང་ནི་བདུད་རྣམས་ཡོངས་ཀྱི་གཤེད༔ ང་ནི་བགེགས་རྣམས་ཡོངས་ཀྱི་དགྲ༔ ང་ནི་སྲིད་གསུམ་ཡོངས་ཀྱི་བདག༔ ང་ལས་ཆེ་བཙན་སུ་ཡང་མེད༔ ཧཱུྃ༔ དབུ་དགུ་ཕྱག་ནི་བཅོ་བརྒྱད་འབར༔ དྲག་ཏུ་ཁྲོས་པ་གཏུམ་པའི་སྐུ༔ གནམ་ས་བར་སྣང་ཁྱབ་ཅིང་འཁྲུག༔ ཞལ་གདངས་སྤྱན་ལྡོག་ཁྲོ་གཉེར་ཅན༔ ཕྱག་མཚན་མཚོན་ཆས་གདུག་བྱེད་སྒྲོལ༔ དྲག་པོའི་མཆེ་གཙིགས་སྲོག་ལ་བརྔམ༔ བདུད་དཔུང་སྒྲོལ་ཞིང་རྐན་སྒྲ་རྡེབ༔ གདོན་བགེགས་འབྱུང་པོ་རྡུལ་དུ་རློག༔ ཁྲོ་རྒྱལ་ཡབ་ཡུམ་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ ཐུགས་དམ་དབང་གིས་འཕྲིན་ལས་མཛོད༔ ཧཱུྃ༔ ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་ནས༔ སྐུ་ལ་དྲག་པོའི་ལྷ་ཚོགས་རྫོགས༔ དུང་ཁང་འབར་བའི་གཞལ་ཡས་ནས༔ ཡ་མཱནྟ་ཀའི་ཐུགས་དམ་བསྐུལ༔ ལོངས་སྤྱོད་འཁོར་ལོའི་གཞལ་ཡས་ནས༔ ཧྱ་གྷྲཱི་བའི་ཐུགས་དམ་བསྐུལ༔ ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ནས༔ བཛྲ་པཱ་ཎིའི་ཐུགས་དམ་བསྐུལ༔ ཡོན་ཏན་སྤྲུལ་པའི་གཞལ་ཡས་ནས༔ དྷཀྐི་སྡེ་ལྔའི་ཐུགས་དམ་བསྐུལ༔ འཕྲིན་ལས་དྲག་པོའི་གཞལ་ཡས་ནས༔ ཡཀྴ་མེ་དབལ་ཐུགས་དམ་བསྐུལ༔ རིགས་བདག་འབར་བའི་གཞལ་ཡས་ནས༔ ཨ་མི་དྷེ་ཝའི་ཐུགས་དམ་བསྐུལ༔ སྤྱི་གཙུག་སྟེང་གི་ནམ་མཁའ་ནས༔ བྱ་ཁྱུང་རྒྱལ་པོའི་ཐུགས་དམ་བསྐུལ༔ ཤར་ལྷོ་ནུབ་བྱང་གཞལ་ཡས་ནས༔ རིགས་བཞི་དྲག་པོའི་ཐུགས་དམ་བསྐུལ༔ སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ནས༔ ཁྲོ་བོ་བཅུ་ཡི་ཐུགས་དམ་བསྐུལ༔ བཀའ་ཉན་ལས་བྱེད་ད་ལ་ནས༔ སྒོ་མ་བཞི་ཡི་ཐུགས་དམ་བསྐུལ༔ སྤྲུལ་པ་ཡང་སྤྲུལ་གཞལ་ཡས་ནས༔ ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ སྔོན་གྱི་ཐུགས་དམ་དུས་ལ་བབས༔ བསྟན་པ་བཤིག་པའི་དགྲ་དང་བགེགས༔ མྱུར་དུ་སོད་ལ་དྲག་ཏུ་སྒྲོལ༔ ཁུག་ཅིག་དྲོངས་ཤིག་དབང་དུ་སྡུས༔ མྱོས་པར་མཛོད་ལ་རྡུལ་དུ་རློག༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད་ལིང་རོ་གཏོར་མར་འབུལ༔ ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་གྱིས༔ དགྲ་བགེགས་གནོད་བྱེད་དབང་དུ་སྡུས༔ རྡུལ་དུ་བརླག་པའི་ལས་མཛད་བསམས༔ ས་མ་ཡཱ༔ འདི་ལྟར་དྲག་པོའི་འཕྲིན་ལས་བསྐུལ༔ དུས་མིན་གང་ཐོད་མི་བྱ་བར༔ བསྟན་དགྲ་བར་ཆད་ནམ་སྡང་དུས༔ དྲག་པོའི་གཏོར་མས་བཟློག་ཅིང་སྒྱུར༔ ཐུགས་དམ་བསྐུལ་ཆོག་འདི་འབད་ཅིང་༔ གཏོར་མ་མི་མཐུན་དགྲ་ལ་འཕེན༔ བརྩམས་པའི་འཕྲིན་ལས་ཐོགས་མེད་འགྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀཱིརྟིས་ཤངས་ཟབ་བུ་ལུང་ནས་གདན་དྲངས་པའོ།། །།མངྒ་ལཾ། །


previousཐུགས་དམ་བསྐུལ་ཆོག་དགྲ་བགེགས་ཀུན་འདུལ།next