Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆར་འབེབས་རྒྱ་མཚོ་ཁ་འབྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆར་འབེབས་རྒྱ་མཚོ་ཁ་འབྱེད།next

ཆར་འབེབས་རྒྱ་མཚོ་ཁ་འབྱེད།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ ཆར་འབེབས་རྒྱ་མཚོ་ཁ་འབྱེད་བཞུགས༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ མ་འོངས་དུས་ཀྱི་རྣལ་འབྱོར་པས༔ སེམས་ཅན་ཀུན་ལ་ཕན་པའི་ཕྱིར༔ ཆར་པ་འབེབས་ན་འདི་ལྟར་བྱ༔ ཀླུ་གནས་ཆུ་མིག་གཉན་པོར་ཕྱིན༔ རང་ཉིད་ཡི་དམ་ལྷ་རུ་བསྒོམ༔ ཕྱོགས་བཞིར་སྐྱེར་ཕུར་བཞི་གདབ་ཅིང་༔ ཛཿཧཱུྃ་བཾ་ཧོ༔ ཨཾ་གུ་ཤ་ཛ༔ པ་ཤ་ཧཱུྃ༔ སྥོ་ཊ་བཾ༔ གྷནྡྷེ་ཧོ༔ ཨ་ཝེ་ཤ་ཡས་ཀླུ་ས་བདག༔ ཆུ་མིག་དེ་དང་གཉིས་མེད་བསམས༔ དེ་ནས་བཅའ་གཞི་འདི་ལྟར་བྱ༔ བ་དཀར་འོ་མས་བག་ཕྱེ་སྦྲུ༔ ཀླུ་སྨན་བཏབ་ཅིང་སྦལ་བཟུགས་བཟོས༔ སྐྱེར་པར་བྲུས་པའི་གཞོང་པར་གཞུག༔ དེ་སྟེང་ཟངས་གཞོང་ཆུ་དཀར་བཀང་༔ གཡམ་པ་བྱ་རོག་མས་བཀབ་ཅིང་༔ སྟེང་དུ་ཐིག་རྒྱབ་འདབ་བརྒྱད་འདྲི༔ ཡི་གེ་ཕུཿབརྒྱད་ཚོན་གྱིས་སྒྱུར༔ བག་ཕྱེར་བཟོས་པའི་སྦལ་གཟུགས་བརྒྱད༔ ཕྱོགས་བཞི་མཚམས་བཞིའི་པདྨར་འགོད༔ དབུས་སུ་ཀླུ་སྨན་ལྡན་པ་ཡི༔ དཀར་གྱི་གཏོར་མ་རྒྱན་ལྡན་བཤམས༔ གཞི་བདག་རྣམས་ལ་གཙང་གཏོར་འབུལ༔ བདེན་པ་བདར་ཞིང་འཕྲིན་ལས་བཅོལ༔ གནོད་བྱེད་བགེགས་ལ་ཆངས་བུ་སྦྱིན༔ སྔགས་ཀྱིས་བསྐྲད་ཅིང་སྲུང་འཁོར་བསྒོམ༔ ལས་གཞུང་བསྲང་ཞིང་ཚོགས་འཁོར་བསྐོར༔ མདུན་བསྐྱེད་ཀླུ་ཡི་ཕོ་བྲང་ནང་༔ ཀླུ་རྣམས་ཐམས་ཅད་བཀུག་པར་བསམས༔ བདེན་སྟོབས་བརྗོད་ཅིང་ཕྱག་རྒྱས་བསྟིམ༔ སྔོ་སྒོག་བཙོང་དང་ལ་ཕུག་སོགས༔ ཤ་ཁྲག་ལ་སོགས་ཁ་ཟས་སྤང་༔ དེ་ནས་ཀླུ་རྒྱལ་འཁོར་བཅས་ཀྱིས༔ བཀའ་ཉན་ལས་བསྒྲུབ་ཆར་ཕབ་བསམས༔ ཏིང་འཛིན་ངང་ནས་སྔགས་འདི་བཟླ༔ ཨཱོཾ་ཨཱཿཧཱུྃ་ནཱ་ག་ཕུ་རཱ་ཛཿཕུ་ཏྲིག་ཏྲག་རཱ་ཛ་ལི་ཆར་ཕོབ་ཧཱུྃ་ཧཱུྃ༔ ཉིན་རེ་བཞིན་དུ་སྟོང་རེ་བཟླས༔ ཐུན་སྐབས་ཀླུ་གཏོར་ཀླུ་མཆོད་ཅིང་༔ ཀླུ་འབུམ་ལ་སོགས་སྒྲོག་པར་བྱ༔ སྐབས་སྐབས་སྤྲིན་སྡུད་སྔགས་འདི་འདོན༔ ཨཱོཾ་ནཱ་ག་ར་ཛ་ཙིཏྟ་ཕུ་ཏིང་སར་རུ་ཏིང་ཧྲིང་ཛཿཛཿསྤྲིན་སྡུས་སྭཱ་ཧཱ༔ རླུང་གིས་གནོད་ན་འདི་ལྟར་བྱ༔ དཀར་པོའི་དར་ལ་རླུང་ལྷ་ནི༔ ཤ་བ་ཉལ་དང་རུ་དར་སྒྲིལ༔ ཉམས་པའི་གཟུགས་བྲིས་ཐ་མ་ལ༔ ཧཱུྃ༔ རླུང་མ་རི་ཤ་ཀུ་རི་ན་ཡ་དུ་ནི་རི་ན་ཁེར༔ འབྱུང་བ་རླུང་ཆོད༔ ཅེས་བྲིས་དགུག་གཞུག་ལེགས་པར་བྱ༔ རེ་བས་དྲིལ་ཞིང་ཉལ་མལ་འོག༔ གྲུ་གསུམ་བྲུས་པའི་ནང་དུ་གཞུག༔ རྒྱ་གྲམ་བྲིས་པའི་གཡམ་པས་བཀབ༔ ཡུངས་ཀར་ཡུངས་ནག་ཀེ་ཚེ་ལ༔ སྔགས་བཟླས་ཐུན་སྐབས་ཐུན་གྱིས་བྲབ༔ ཨཱོཾ་ཡམ་རི་བྷ་ན་ཤི་རི་ཐུམ་ཐུམ་བྷནྡྷ་ཚིནྡྷ་སྟམ་བྷ་ཡ་ནན༔ འདིས་ནི་བསྐལ་པའི་རླུང་ཡང་གཅོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་ལས་ལ་འབད་པའི་ཚེ༔ སྤྲིན་འདུ་ཟངས་གཞོང་རླངས་པ་འོང་༔ དེ་ཚེ་གླང་མའི་མེ་ནར་འབུད༔ དུད་པ་མ་ཆད་ཙམ་དུ་བྱ༔ ཆར་ནི་དར་ལ་དྲག་པ་འབྱུང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀིརྟིས་ཟབ་བུ་ལུང་ནས་གདན་དྲངས་པའོ། མངྒ་ལཾ། །


previousཆར་འབེབས་རྒྱ་མཚོ་ཁ་འབྱེད།next