Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ལས་ཚོགས་ཆར་པ་འབེབས་ཐབས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousལས་ཚོགས་ཆར་པ་འབེབས་ཐབས།next

ལས་ཚོགས་ཆར་པ་འབེབས་ཐབས།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ ལས་ཚོགས་ཆར་པ་འབེབས་ཐབས་བཞུགས༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ པདྨ་དྲག་པོའི་རྣལ་འབྱོར་པས༔ གཞན་དོན་འགྲོ་ལ་སེམས་བསྐྱེད་ནས༔ རྫས་ཀྱིས་ཆར་པ་འབེབས་པའི་ཐབས༔ གཙོད་ཁྲག་ཡུགས་སའི་རཀྟ་དང་༔ གླ་རྩི་བཙན་དུག་མུ་ཟི་དང་༔ རྟ་བོན་ཤིང་ཀུན་རྣམ་པ་བདུན༔ ཆ་མཉམ་ཞིབ་བཏགས་རིལ་བུ་བྱ༔ སྨྱུག་ཚིགས་ནང་བླུག་སྤྲ་ཚིལ་བསྡམས༔ གཡག་རོག་སྙིང་རྩིད་སྐུད་པས་བཅིངས༔ ནཱ་ག་གནས་པའི་ཡུལ་དུ་ཕྱིན༔ གླ་རྩི་གུ་གུལ་མུ་ཟི་དང་༔ བཙན་དུག་སྦྲེ་དང་ཁྱི་སྤྱང་བྲུན༔ ཞིབ་པར་བསྣུར་ཞིང་དྲི་ཆུས་སྦྲུས༔ རང་གི་བུ་ག་དགུ་རུ་བྱུག༔ རྣ་བར་རྨ་བྱའི་སྒྲོ་མདོངས་གཟེར༔ བདེན་པ་བདར་ཞིང་བསྐྱེད་རིམ་བསྒོམ༔ གསེར་སྐྱེམས་མཆོད་ཅིང་ཆུ་མིག་སྦ༔ རྫས་ལ་ཆུ་ཡིས་རླན་ཤོར་ན༔ རང་ལ་ཙི་ཙི་ཛྭ་ལས་ཟིན༔ བརྩོན་འགྲུས་བརྩམས་པ་གནད་ཡིན་ནོ༔ འདི་དང་གཞུང་གི་ལས་ཚོགས་གཉིས༔ སྦྲན་ན་རྣོ་མྱུར་ཐོག་དང་འདྲ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་ཟབ་གནད་ཡིག་གདམས་པ་འདི༔ དུས་ཀྱི་ཐ་མ་རྩོད་ལྡན་དུས༔ བོད་ཡུལ་མཐའ་མི་ཧོར་གྱིས་འཛིན༔ རྟ་ཤ་ཟ་ཞིང་ལྷ་ནད་སྡང་༔ དུག་ལྔ་ཚང་བའི་ཁ་ཟས་ཤིག༔ དྲི་ལ་བཟའ་ཞིང་ནམ་མཁར་ཕུ༔ བོད་ཁམས་སྲུང་མ་བརྒྱལ་ཞིང་འབོག༔ རྩ་ལ་རྒྱུག་ཅིང་དབང་པོ་འཐོམ༔ དེ་ཡི་སྟོབས་ཀྱིས་རྒྱལ་ཁམས་མི༔ ཚེ་ཐུང་ནད་མང་ལྷ་སྲུང་འབྲོས༔ ཟག་པ་དྲི་ཆུ་ས་ལ་དོར༔ ཀླུ་དང་ས་བདག་གྲོང་ཁྱེར་ཉམས༔ འབྱུང་ནི་ནག་པོ་རྒྱ་ནས་འབྱུང་༔ དར་ནི་ཧོར་གྱི་ཡུལ་དུ་དར༔ ཟ་ནི་བོད་ཁམས་འགྲོ་བས་ཟ༔ དེ་ཡི་དབང་གིས་འཛམ་གླིང་འདིར༔ མི་ཕྱེད་ནམ་མཁའི་ཟེར་གྱིས་འགུམ༔ ཆར་ཆུ་མི་སྙོམས་སད་སེར་སྡང་༔ དུས་ངན་ཐ་མའི་ཟས་དེ་ལ༔ ཁ་ཟས་ནག་པོ་ཀུན་སྤྱོད་ཟེར༔ སྒོམ་སྒྲུབ་བྱེད་པས་འདི་ཟོས་ན༔ བསྐལ་བ་བརྒྱར་ཡང་ལྷ་མི་འགྲུབ༔ འཆི་བ་འོད་གསལ་ཆོས་ཀྱི་སྐུ༔ དབྱིངས་རིག་བར་དོའི་འོད་གསལ་འགག༔ ཐོས་བསམས་བྱེད་པས་འདི་ཟོས་ན༔ ཤེས་རབ་རླུང་འགག་གཏི་མུག་སྐྱེ༔ ཆགས་སྡང་འཕེལ་ཞིང་བསོད་ནམས་ཉམས༔ དེ་དུས་མི་ཐུབ་ལྔ་འབྱུང་བས༔ ཀུན་གྱི་ཁ་བསྡོམས་འདི་སྤོངས་ཤིག༔ འོན་ཀྱང་ལས་ངན་དབང་ཆེ་བས༔ པདྨ་བདག་ལ་མི་ཉན་དུས༔ བྱ་སླ་ཚེགས་ཆུང་མན་ངག་འདིས༔ ཆར་ཆུའི་སྒང་གཤོངས་བར་ཆད་སེལ༔ སེམས་བསྐྱེད་ངང་ནས་ལས་འདིར་བརྩོན༔ མ་འོངས་འགྲོ་ལ་ཕན་ཐོགས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་ཟབ་བུ་ལུང་ནས་གདན་དྲངས་པའོ། །མངྒ་ལཾ།། །།ཧྂ༔


previousལས་ཚོགས་ཆར་པ་འབེབས་ཐབས།next