Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྱུང་གི་བཟློག་པ་ལྟས་ངན་ཀུན་འཇོམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྱུང་གི་བཟློག་པ་ལྟས་ངན་ཀུན་འཇོམས།next

ཁྱུང་གི་བཟློག་པ་ལྟས་ངན་ཀུན་འཇོམས།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ ཁྱུང་གི་བཟློག་པ་ལྟས་ངན་ཀུན་འཇོམས་བཞུགས༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ ཐོད་ཕྲེང་དྲག་པོའི་རྣལ་འབྱོར་པས༔ བཟློག་པའི་འཕྲིན་ལས་བརྩམས་པའི་ཚེ༔ ཁྱུང་ལས་ཁྱུང་འཕྲོས་སྟོང་གསུམ་གང་༔ གནོད་བྱེད་གདོན་བགེགས་ཀུན་བཟློག་ཅིང་༔ དྲག་པོའི་འཕྲིན་ལས་བསྒྲུབ་པར་བསམས༔ དགྲ་བོའི་ཤ་ཁྲག་གཏོར་མ་འབུལ༔ རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ༔ ནམ་མཁའ་དབྱིངས་ཀྱི་ད་ལ་ནས༔ བྱ་ཁྱུང་རྒྱལ་པོ་གནས་འདིར་སྤྱོན༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ ཐུགས་དམ་བསྐུལ་ལོ་འཕྲིན་ལས་མཛོད༔ ཧཱུྃ༔ དྲག་པོའི་འཕྲིན་ལས་མཛད་པའི་ཚེ༔ འཁོར་དུ་བྱ་ཁྱུང་མང་པོས་བསྐོར༔ སྤྲུལ་པའི་ཁྱུང་ནི་ཐོག་ལྟར་འབེབས༔ ཡང་སྤྲུལ་ཁྱུང་གིས་དགྲ་སྲོག་གཅོད༔ གཉིས་མེད་སྤྲུལ་པས་དགྲ་བགེགས་ཟློག༔ རིགས་བཞིའི་ཁྱུང་སྐད་འབྲུག་ལྟར་ལྡིར༔ ཀླུ་དང་ས་བདག་རྒྱལ་བསེན་རྣམས༔ རང་དབང་མེད་པར་བརྒྱལ་ཞིང་འབོག༔ ཁྱུང་གི་སྐན་སྒྲ་དང་པོ་ཡིས༔ སྟེང་གི་ལྷ་རྣམས་ཡེད་ཅིང་འདར༔ སྟེང་ཕྱོགས་ལྷ་ཡི་གདོན་བགེགས་ཟློག༔ ཁྱུང་གི་རྐན་སྒྲ་གཉིས་པ་ཡིས༔ བར་སྣང་གཉན་རྣམས་སྨྱོ་ཞིང་འབོག༔ བར་སྣང་གཉན་གྱི་གནོད་པ་ཟློག༔ ཁྱུང་གི་རྐན་སྒྲ་གསུམ་པ་ཡིས༔ ཀླུ་དང་ས་བདག་རྡུལ་དུ་བརླག༔ ས་བདག་ཀླུ་ཡི་གདོན་བགེགས་ཟློག༔ ཁྱུང་གི་གཤོག་སྒྲ་དང་པོ་ཡིས༔ གནམ་ས་ཐམས་ཅད་གཡོ་ཞིང་འགུལ༔ གནམ་སའི་གཡོ་འགུལ་ལྟས་ངན་ཟློག༔ ཁྱུང་གི་གཤོག་སྒྲ་གཉིས་པ་ཡིས༔ རྒྱ་མཚོ་ཀུན་ཀྱང་འཁྲུག་ཅིང་འཁྱོམས༔ ཀླུ་དང་ས་བདག་ལྟས་ངན་ཟློག༔ ཁྱུང་གི་གཤོག་སྒྲ་གསུམ་པ་ཡིས༔ རི་རབ་བསྙིལ་ཞིང་ཉི་ཟླ་འབེབས༔ སྡེ་བརྒྱད་རྒྱུ་སྐར་ལྟས་ངན་ཟློག༔ ཤ་ཟ་ཁྲག་འཐུང་རྡོ་རྗེའི་མཆུས༔ སྲིན་པོ་ཡོངས་ཀྱི་ལྟས་ངན་ཟློག༔ ཁྲོ་ཆུ་ཞུན་མ་འབར་བའི་རྭས༔ ལྷ་རྣམས་ཡོངས་ཀྱི་ལྟས་ངན་ཟློག༔ གཙུག་ན་ནོར་བུ་རིན་ཆེན་འབར༔ གནོད་སྦྱིན་ཡོངས་ཀྱི་ལྟས་ངན་ཟློག༔ རལ་པ་ཁམ་ནག་སྲིད་གསུམ་འཐིབ༔ བདུད་རྣམས་ཡོངས་ཀྱི་ལྟས་ངན་ཟློག༔ སྤྱན་ནས་ཁྲག་གི་རྦ་ཀློང་འཕྱོ༔ མ་མོ་ཡོངས་ཀྱི་ལྟས་ངན་ཟློག༔ སྤུ་ལས་རྡོ་རྗེའི་ཚ་ཚ་འཐོར༔ ཐེའུ་རང་ཡོངས་ཀྱི་ལྟས་ངན་ཟློག༔ མཇུག་མས་གནོད་བྱེད་འཕྱག་ཅིང་འདེད༔ དམུ་རྣམས་ཡོངས་ཀྱི་ལྟས་ངན་ཟློག༔ སྡེར་མོ་ལྕགས་ཀྱུར་དྲག་མེ་མཆེད༔ གཟའ་རྣམས་ཡོངས་ཀྱི་ལྟས་ངན་ཟློག༔ ཀྲང་ཀྲང་ཀྲིང་ཀྲིང་རྐན་སྒྲ་རྡེབ༔ རྒྱལ་འགོངས་ཡོངས་ཀྱི་ལྟས་ངན་ཟློག༔ སྦྲུལ་རིགས་ལྔ་གསོལ་ཇུར་མིད་གཏོང་༔ ཀླུ་རྣམས་ཡོངས་ཀྱི་ལྟས་ངན་ཟློག༔ མེ་གཤོག་རྡེབ་པས་སྲིད་གསུམ་འདར༔ བཙན་རྣམས་ཡོངས་ཀྱི་ལྟས་ངན་ཟློག༔ མཆུ་ཡིས་མཆུ་ཅན་ལྟས་ངན་ཟློག༔ རྭ་ཡིས་རྭ་ཅན་ལྟས་ངན་ཟློག༔ སྡེར་མོས་སྡེར་ཅན་ལྟས་ངན་ཟློག༔ གཤོག་པས་འདབ་ཆགས་ལྟས་ངན་ཟློག༔ ཁྱུང་ཆེན་འབར་བའི་ཐུགས་དམ་བསྐུལ༔ གྷ་རུ་ཌ་ཡི་དུས་ལ་བབས༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ ཟློག་ཅིག་སྒྱུར་ཅིག་གྷ་རུ་ཌ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད་ཤ་ཁྲག་གཏོར་མར་སྦྲན༔ སྡེ་བརྒྱད་མ་རུངས་ལྟས་ངན་ཚོགས༔ མི་རུང་སྣ་ཚོགས་འདི་ཡིས་བཟློག༔ ཕྱི་རབས་རྣམས་ཀྱིས་གཅེས་པར་ཆོངས༔ འགྲོ་བའི་བར་ཆད་སེལ་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀཱིརྟིས་ཤངས་ཟབ་བུ་ལུང་ནས་གདན་དྲངས་ཤིང་། ཁམས་སྲིང་མོ་རྫོང་གི་ཕུག་ནག་བདེ་བ་ཆེན་པོའི་ཀེའུ་ཚང་དུ་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བའོ།། །།མངྒཱ་ལཾ།


previousཁྱུང་གི་བཟློག་པ་ལྟས་ངན་ཀུན་འཇོམས།next