Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐེམས་བྱང་གསང་བའི་སྙིང་ཞུན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐེམས་བྱང་གསང་བའི་སྙིང་ཞུན།next

ཐེམས་བྱང་གསང་བའི་སྙིང་ཞུན།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ ཐེམས་བྱང་གསང་བའི་སྙིང་ཞུན་བཞུགས༔ གུ་རུ་མཆོག་གི་སྐུ་ལ་ཕྱག་འཚལ་ལོ༔ དེ་ཡང་དྲག་སྒྲུབ་བླ་མའི་ཆོས་སྐོར་འདི་རྣམས༔ གནས་མཆོག་དམ་པ་ཟབ་བུ་ལུང་དུ༔ སློབ་དཔོན་ཆེན་པོས་བདག་ལ་གནང་བའི་དུས་སུ༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ མཉེས་པའི་ཞབས་ཏོག་དཔག་ཏུ་མེད་པ་བསྒྲུབས་ནས་ཕྱག་འཚལ་པུས་བཙུགས་ཐལ་མོ་སྦྱར་ཏེ་འདི་སྐད་ཞུས་སོ༔ དུས་གསུམ་མཁྱེན་པའི་གྷུ་རུ་རིན་པོ་ཆེ་ལགས༔ ད་ལྟའི་ཟབ་ཆོས་འདི་རྣམས་གནས་ཀྱི་བར་སྒོར་གཏེར་དུ་སྦ་ན༔ མ་འོངས་པ་ན་གཏེར་ནས་འབྱིན་པའི་གང་ཟག་ཅི་འདྲ་འོང་༔ དུས་རྟགས་གང་འདྲ་འབྱུང་༔ ཆོས་བདག་གི་བུ་སློབ་ཅི་འདྲ་ཡོང་༔ འགྲོ་བས་དད་མོས་བྱེད་དམ་མི་བྱེད༔ ཆོས་འདི་ཐེམས་བྱང་དུ་བཀོད་དམ་མི་བཀོད༔ ཅེས་ཞུས་པས༔ སློབ་དཔོན་ཆེན་པོས་འདི་སྐད་གསུངས་སོ༔ ཉོན་ཅིག་མཁར་ཆེན་བུད་མེད་མཚོ་རྒྱལ་མ༔ བླ་མ་རྡོ་རྗེ་འཆང་ཆེན་དྲག་སྒྲུབ་ཆོས༔ ཁྱད་པར་ཟབ་པའི་གདམས་པ་ཡང་ཞུན་འདི༔ གནས་ཀྱི་བར་སྒོར་རྒྱ་བདུན་ཐོབ་ལ་སྦོས༔ སྲུང་མར་བཅོལ་ལ་བཀའ་རྒྱས་ལེགས་པར་ཐོབ༔ མཚལ་གྱི་ཧཱུྃ་ཡིག་དམར་པོ་རྟགས་སུ་བྲིས༔ དེ་ནས་ཆོས་འདིར་དབང་བའི་སྐལ་ལྡན་ནི༔ ཀླུ་ཡི་དབང་པོ་ཁམས་ཀྱི་ཡུལ་དུ་སྐྱེ༔ དབུས་སུ་འཁྱལ་ཏེ་ཆོས་ཀྱི་བག་ཆགས་སད༔ འགྲོ་ལ་བརྩེ་ཞིང་ཁྲོ་བོའི་ངང་ཚུལ་ལྡན༔ ཆགས་ཞེན་ཆུང་ཞིག་སྨྱོན་པའི་སྤྱོད་པ་སྐྱོང་༔ མི་ཁ་སྡང་ཞིང་སྤྱོད་ལམ་བརྟག་མི་ཐུབ༔ དམ་ཚིག་གཙང་ཞིང་ཤེས་རབ་མེ་ལྟར་འབར༔ ཅོལ་ཆུང་འགྲོགས་སླ་བློ་གཏིང་རྟོགས་པར་དཀའ༔ བརྫུན་ཆེན་བརྟག་དཀའ་བྱིས་པའི་ངང་ཚུལ་ཅན༔ ང་ཡི་སྤྲུལ་པ་རིག་འཛིན་དམ་པ་དེ༔ གང་དུ་གནས་པའི་ས་ཕྱོགས་བཀྲ་ཤིས་ཤིང་༔ མ་དང་མཁའ་འགྲོ་སྤྲིན་ཕུང་ལྟ་བུར་འདུ༔ འཇིག་རྟེན་མི་ཡི་བུ་མོ་རྡུལ་ལྟར་འཚུབས༔ ཞལ་མཐོང་ཙམ་གྱིས་ཤེས་རྒྱུད་གཡོ་བར་བྱེད༔ གསུང་ཐོས་ཙམ་གྱིས་ང་རྒྱལ་ཁོང་ཁྲོ་ཞི༔ ཆོས་ཉན་ཏིང་འཛིན་འཆར་ཞིང་ཉམས་རྟོགས་རྒྱས༔ ཕུང་པོ་དེ་ཉིད་བསྐྱུར་མ་ཐག་ཏུ་ནི༔ པདྨ་འོད་ན་ང་ཡི་དྲུང་དུ་འོང་༔ ལས་ཅན་སྐྱེས་བུ་དེ་ཡིས་གཏེར་འདི་འབྱིན༔ དེ་ཚེ་དུས་ནི་བཞི་བཅུའི་མར་འགྲིབ་སྟེ༔ འགྲོ་བའི་ཚེ་ཚད་སུམ་ཅུར་ཉེ་བའི་དུས༔ ཤཱཀྱའི་བསྟན་པ་ནང་དབྱེན་སེལ་འབྱུང་དུས༔ ཆོས་ཀྱི་ཁྲིམས་མེད་འཇིག་རྟེན་ཁྲེལ་མེད་ཅིང་༔ འཛམ་གླིང་ཐམས་ཅད་དུག་མཚོ་ལྟ་བུར་ཁོལ༔ མི་སྲིད་པ་ཡི་སྲིད་པ་སྣ་ཚོགས་སྲིད༔ དེ་ཚེ་མ་ཚོར་ལྷ་ཁང་ཞིག་རལ་འབྱུང་༔ གཏེར་ལུང་བདུན་པའི་ནང་དུ་ཆུ་ཚན་རྡོལ༔ ཀེའུ་ཚང་མདུན་དུ་གཙུག་ལག་ཞིག་རལ་འབྱུང་༔ པི་པི་ལིང་གི་ཆུ་འདིའི་སུམ་ཆ་ཉམས༔ ཤངས་ཀྱི་མདའ་ན་སྔགས་པ་ཞྭ་དཀར་ཅན༔ བཅུ་གསུམ་འབྱུང་ཞིང་ཆུ་ཡིས་འཁྱེར་བའི་དུས༔ ད་ལྟའི་ཟབ་ཆོས་འདི་ཉིད་གཏེར་ནས་འབྱིན༔ ཆོས་བདག་མཚོ་རྒྱལ་སྤྲུལ་པ་བང་སོར་འབྱུང་༔ བྱའམ་ཁྱི་ཡི་ལོ་པ་གསང་སྨེ་ཅན༔ འདི་ནི་རྩ་བའི་ཆོས་བདག་སྐྱེས་བུ་ཡིན༔ རྡོ་རྗེ་མཁའ་འགྲོས་བྱིནགྱིས་བརླབས་པའི་བུ༔ མདོ་ཁམས་སྒང་ནས་གུ་རུའི་མིང་ཅན་ཡོང་༔ རིན་ཆེན་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ བྱང་གི་ཕྱོགས་ནས་རིན་ཆེན་མིང་ཅན་ཡོང་༔ པདྨ་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ མདོ་ཁམས་སྟོད་ནས་རྒྱལ་གྱི་མིང་ཅན་ཡོང་༔ ལས་ཀྱི་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ ཉང་གི་ཡུལ་ནས་དཀོན་མཆོག་མིང་ཅན་ཡོང་༔ སངས་རྒྱས་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ ལ་སྟོད་ཕྱོགས་ནས་དཔལ་གྱི་མིང་ཅན་ཡོང་༔ ད་ལྟའི་རིག་འཛིན་ཡེ་ཤེས་སེང་གེ་འདི༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ་དུ་འགྱེད༔ འཇང་དང་གོ་བོ་ཀ་ཐོག་ཡུལ་དུ་འབྱུང་༔ ཟབ་ཆོས་འདི་ཡི་བདག་པོ་ངེས་པར་བྱེད༔ ཁྱད་པར་བསྟན་པ་སྤེལ་བའི་གང་ཟག་གསུམ༔ བཀྲ་ཤིས་དབང་ཕྱུག་བློ་གྲོས་མིང་ཅན་ཡོང་༔ སྒྲུབ་པ་ཉམས་སུ་ལེན་པའི་སྔགས་འཆང་བརྒྱད༔ དབང་ལྷ་ཆོས་དཔལ་བློ་མཁས་སྐྱབས་དང་དར༔ མ་ངེས་ཕྱོགས་ནས་འབྱུང་དུས་ལུང་བསྟན་གསལ༔ གང་ཟག་བརྟག་མཁས་ཆོས་འདི་སྤེལ་མཁས་གྱིས༔ མ་འོངས་འགྲོ་བ་འདུལ་བའི་དོན་ཕྱིར་དུ༔ ང་ཡི་སྤྲུལ་པ་ཉི་མ་ལྟར་འཆར་ཡང་༔ སྙིགས་མ་རྩོད་ལྡན་སྐྱེ་འགྲོས་ངོ་མི་ཤེས༔ ཐ་སྙད་འབྲེང་ངམ་ཡང་ན་ཐོས་པས་རྨོངས༔ ཡང་ན་ང་རྒྱལ་ཡང་ན་ཆེ་དྲེགས་འཆར༔ ཕལ་ཆེར་བླུན་རྨོངས་ཐེ་ཚོམ་སྒྲོག་གིས་བསྡམས༔ ལ་ལས་ཟོག་པོ་ལ་ལས་རྫུན་མ་ཟེར༔ སྐུར་འདེབས་ལོག་ལྟ་མི་སྙན་སྣ་ཚོགས་སྒྲོག༔ ཐམས་ཅད་བདུད་ཀྱིས་ཁུར་བས་གཤེ་ཞིང་སྡང་༔ དེ་དུས་སྐལ་ལྡན་ཕོ་མོ་ཕལ་ཆེར་ཀྱང་༔ གཏེར་རྫུན་ཟོག་སོགས་བར་ཆད་འཚུབ་པའི་མཐུས༔ ཐེ་ཚོམ་ངང་དུ་ལུས་པ་འབྱུང་སྲིད་པས༔ རྒྱལ་བའི་བཀའ་ཚང་འཕགས་པའི་ལུང་ཚང་ཞིང་༔ ལྟ་སྒོམ་དྲོད་རྟགས་མཐའ་རྒྱས་ལྡན་པའི་ཆོས༔ ལན་གྲངས་བཅུ་དྲུག་བཞུས་པའི་གསེར་འདྲ་འདི༔ མི་འགྱུར་བཀའ་ཡི་ཐེམས་སུ་འདི་ལྟར་ཐོབ༔ དྲག་པོ་ཁྲོས་པས་དྲེགས་པ་སྙིང་འབྱིན་རྒྱུད༔ དེ་ལས་འཕྲོས་པའི་རྩ་བའི་སྒྲུབ་ཐབས་དགུ༔ སྨིན་བྱེད་དབང་ཆོག་གཉིས་དང་ལས་བྱང་དང་༔ བསྐང་བ་གཏོར་བཟློག་བསྒྲལ་ལས་རྩང་དང་བཅས༔ གསེར་སྐྱེམས་དང་བཅས་རྩ་བའི་ཆོས་ཀྱི་སྐོར༔ གཙོ་དང་འཁོར་གྱི་ཐུགས་དམ་བསྐུལ་ཆོག་གསུམ༔ པུ་ཏྲ་གསོ་ཐབས་ལོ་འབྲས་ཕན་གནོད་ལྔ༔ སྡེ་བརྒྱད་སྤྱི་གཤེད་ཁྱུང་གི་ཡིག་སྣ་གཉིས༔ སྦྱིན་སྲེག་བཞི་དང་ཕྲན་བུའི་ལས་ཚོགས་དང་༔ ཀླུ་ནད་སེལ་ཐབས་བྱབ་ཆོག་གླུད་ཀྱི་མདོས༔ བཀའ་སྲུང་མཆོད་ཐབས་གསང་བའི་ཐེམས་བྱང་བཅས༔ བཞི་བཅུ་ཐམ་པ་གྲངས་ཀྱི་ཐེམས་ཡིག་ཅན༔ ནོར་འཁྲུལ་ལྷག་ཆད་མེད་པ་ང་ཡི་བཀའ༔ ཚུལ་བཞིན་ཉམས་སུ་ལོངས་ཤིག་མ་འོངས་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་གསུངས་པ་རྣམས་བུད་མེད་བདག་གིས་ཡི་གེར་བཏབ་སྟེ་གཏེར་དུ་བཅོལ་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ འདི་ནི་ཤིན་ཏུ་ཕག་ཏུ་སྦོས༔ ཨི་དན་ཏེ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་ཤངས་ཟབ་བུ་ལུང་ནས་གདན་དྲངས་ཤིང་། ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་པའོ། །མངྒཱ་ལཾ།


previousཐེམས་བྱང་གསང་བའི་སྙིང་ཞུན།next