Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱབ་ཆོག་གི་ལས་བྱང་ངམ་ལག་ལེན།
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱབ་ཆོག་གི་ལས་བྱང་ངམ་ལག་ལེན།next

བྱབ་ཆོག་གི་ལས་བྱང་ངམ་ལག་ལེན།

ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་བྱབ་ཆོག་གི་ལས་བྱང་ངམ་ལག་ལེན་བཞུགས། །བླ་མ་རྡོ་རྗེ་འཆང་ཆེན་པོ་དྲག་པོར་ཁྲོས་པའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །བྱབ་ཆོག་ནད་གདོན་ཀུན་སྦྱོང་བྱེད་བར་འདོད་པས། གདན་ནག་གི་སྟེང་དུ་ནད་པའི་སྲིན་ལག་བཞི་སྔགས་མདུད་ཀྱིས་བསྡམས་ཏེ་བཞག །གདན་དཀར་སྟེང་དུ་ངར་མི་བཞག །ལས་གཏོར་རྣམས་མཐོང་རྒྱུན་བཞིན་གྲངས་སྐབས་ལྟར་བསགས། ལས་གཞུང་བསྲང་ཞིང་ཚོགས་ལྷག་ཡན་གྲུབ་ནས། ངར་མིར་ནད་པའི་སྐྲ་གོས་སེན་མོ་སོགས་བཏབ། ཆུ་དཀར་གྱིས་སྦྲན་ཞིང་། ཨཱོཾ་སྭཱ་བྷཱ་ཝས་སྦྱངས་སྟོང་པ་ཉིད་དུ་གྱུར་སྟོང་པའི་ངང་ལས༔ རིན་པོ་ཆེ་སྣ་ཚོགས་བསྡུས་པའི་ཕུང་པོ་མིའི་གཟུགས་བརྙན་དུ་ཤར་བ༔ སྣང་བའི་ངོ་བོ་རྣམ་ཤེས་གསལ་བ༔ ཡིད་ཀྱི་དབང་པོ་སྒོ་ལྔ་བཀྲ་བ༔ ལུས་ཀྱི་ལང་ཚོ་དར་ལ་བབ་པ༔ བཞིན་རས་སྐྱེ་མཆེད་འཛུམ་མདངས་ལྡན་པ༔ བུ་ག་རྣམས་ལས་དྲི་བསུང་འཕྲོ་བ༔ བ་སྤུ་རྣམས་ལས་འོད་ཟེར་འབར་བ༔ སྐྲ་དང་སྨིན་མ་གཡུ་ལྟར་འཚེར་བ༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མ་ཚང་བ་མེད་ཅིང་འདོད་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བིི་ཤྭ་མུ་ཁེ་བྷྱ༴ གསུམ་བརྗོད་ཅིང་སྤེལ། དེ་ནས་མགྲོན་བདེན་པས་འབོད་དེ། ན་མོ༔ དཔལ་ལྡན་བླ་མ་རྣམས་ཀྱི་བཀའ་བདེན་པ༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ༔ དཔའ་བོ་མཁའ་འགྲོ་རྣམས་ཀྱི༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ སྐུ་འཇམ་དཔལ་གྱི་ལྷ་ཚོགས་རྣམས་ཀྱི༴ གསུང་རྟ་མགྲིན་གྱི་ལྷ་ཚོགས་རྣམས་ཀྱི༴ ཐུགས་ཕྱག་རྡོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ ཡོན་ཏན་མཁའ་འགྲོའི་ལྷ་ཚོགས་རྣམས་ཀྱི༴ འཕྲིན་ལས་མེ་དབལ་གྱི་ལྷ་ཚོགས་རྣམས་ཀྱི༴ རིགས་བདག་ཆགས་པ་དམར་པོའི་ལྷ་ཚོགས་རྣམས་ཀྱི༴ ཕོ་ཉ་ལྕགས་སྡིག་ནག་པོ་སྤྲུལ་པ་བྱ་ཁྱུང་རྒྱལ་པོ་རིགས་བཞི་དྲག་པོ་ཡབ་ཡུམ་ཁྲོ་བཅུ་དྲག་པོའི་ལྷ་ཚོགས་ཕྲ་མེན་དྷཀྐི་སྡེ་བཞི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བཀའི་བདེན་པ་དང་བདེན་པ་ཆེན་པོ་འདིའི་མཐུ་དང་ནུས་པ་ལ་བརྟེན་ནས༔ བགེགས་ཀྱི་རྒྱལ་པོ་བྱི་ན་ཡ་ཀ་ལ་སོགས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། ནད་ཐན་ཡམས་ཀྱི་བདག་པོ་བདག་མོ། རྒྱ་འདྲེ་འགོང་པོ་གྲི་བོ་གྲི་མོ་ཕོ་གཤིན་མོ་གཤིན་ཟ་འདྲེ་ཤི་གཤེད་བློ་བུར་དུ་ལྷགས་པའི་གདོན་བགེགས། ཁྱད་པར་དུ་ལེ་གུ་འདི་ཉིད་ཀྱི་ཚེ་ལ་བརྐུ་ཞིང་སྲོག་ལ་འཇབ་པ། བླ་ལ་འཁྱེར་ཞིང་ཡིད་ལ་བརྔམ་པ། ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་བསམ་པ་ལ་བར་གཅོད་གཏོང་བའི་འབྱུང་པོ་མི་མིན་མི་རུ་བརྫུ་ཞིང་ལྷ་མིན་ལྷ་རུ་བརྫུ་བ། ཕག་ཏུ་ཡིབ་ཅིང་རྒབ་ཏུ་འཁྲི་བ། ཁ་ཡི་ཟས་འཕྲོག་པ། ལག་གི་ནོར་འཕྲོག་པ། ཁྱིམ་སྒོ་ལམ་སྲང་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་འདོད་ཡོན་གླུད་ཀྱི་གཏོར་མ་བཞེས་པའི་སླད་དུ་སྐད་ཅིག་རང་དབང་མེད་པར་བསྐྱེད་པའི་གནས་འདིར་ཁུག །ཐོག་མ་ལ་གསུམ། དེ་ནས་ལན་རེའི་མཐར། ཨཱོཾ་ཨཱཿཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏི་ཧཱུྃ་ཕཊ༔ ཏྲི་ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་གདོན་བགེགས་བཛྲ་ཨངྐུ་ཤ་ཡ་ཛཿཛ༔ ཁུག་ཅིག་དྲོངས་ཤིག༔ དང་པོ་ལ་ཉེར་གཅིག །དེ་མིན་ལ་བདུན་རེ་བརྗོད་པའི་མཐར། ཛཿཧཱུྃ་བཾ་ཧོ༔ གསུམ། དེ་ནས་ཆང་བུ་མི་གྲངས་བསགས་པར་ཆུས་སྦྲན་ཞིང་། ཨཱོཾ་སྭཱ་བྷཱ་ཝས་སྦྱངས། ཨཱོཾ་ཨཱཿཧཱུྃ༔ གསུམ་གྱི་བྱིན་གྱིས་བརླབས་ནས་ནད་པ་ལ་སློབ་དཔོན་གྱི་ཕྱག་གིས་ཆངས་བུ་བཟུང་ནས་གཡས་སྐོར་གསུམ་གཡོན་བསྐོར་གཅིག་གིས་དལ་བར་བསྐོར་ཞིང་། ཨཱོཾ་ཨཱཿཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏི་ཧཱུྃ་ཕཊ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༴ བདུན་བརྗོད་པའི་མཐར་ངར་མིའི་ནང་དུ་བསགས་ཏེ། ཆངས་བུ་བརྒྱ་རྫོགས་པར་འབུལ། དེ་ནས་ལག་ཏུ་རྨ་བྱའི་སྒྲོ་ཐོགས་ཏེ། ཧཱུྃ༔ ཉི་དཀྱིལ་ཧཱུྃ་གིས་མཚན་པའི་མཐར༔ སྔགས་ཕྲེང་ཚྭ་ཚྭ་ཕྲོམ་ཕྲོམ་བསམ༔ ནད་པའི་ལུས་ལ་བྱབ་པའི་ཚེ། སྔོན་ལས་འཕྲལ་རྐྱེན་མི་མཐུན་བགེགས༔ ནད་གདོན་བག་ཆགས་བཅས་པ་རྣམས༔ ཁབ་ལེན་རྡོ་ཡིས་ལྕགས་བླངས་ལྟར༔ འུབས་འུབས་ཆིལ་ཆིལ་བསྡུས་ནས་ཀྱང་༔ མདུན་གྱི་ཆངས་བུར་ཐིམ་པར་གྱུར༔ ཨཱོཾ་ཨཱཾ་ཧཱུྃ་ཨརྩིག༴ ཨཱོཾ་ཕུ་ལེ་ཕུ་ལེ་ཕུད་ཕུད༔ ཧ་ལ་ཧ་ལ་ཕུད་ཕུད༔ ནད་གདོན་བགེགས་དང་བར་ཆད་ཐམས་ཅད་སརྦ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ ཅེས་ཆངས་བུ་ལྟར་གཡས་གཡོན་དུ་བསྐོར་ཞིང་ངར་མིའི་ནང་དུ་སྤུངས་པ་ལ་སྔགས་བདུན་ཚོ་བཅུ་གོང་ལྟར་བརྗོད་རྗེས་ཐུན་གཏོར་སྨན་རག་གིས་སྦྲན། ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་དྲག་པོའི་ཐུན་གྱི་གཏོར་མ་འདིའི་ནང་དུ་ཁུག །གསུམ། ཛཿཧཱུྃ་སོགས་སྤྱི་འགྲོས། དེ་ནས་སྲིན་ལག་གི་སྔགས་མདུད་གདན་ནག་སོགས་ཡས་ནང་དུ་བོར་ལ། འདྲེ་ལྔ་བདུད་གཅོད་གོམ་པ་བདུན་ཅུའི་སར་སྐྱེལ་བའམ། འབབ་ཆུར་སྐྱེལ་ཞིང་ལྷའི་ང་རྒྱལ་དྲག་པོ་དང་ལྡན་པས། ཧཱུྃ༔ ཉོན་ཅིག་གདོན་དང་བགེགས་ཀྱི་ཚོགས། འདོད་ཡོན་ལྔ་ལྡན་གླུད་གཏོར་འདི༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བཀྲ༔ མི་བས་གླུད་བཟང་ཁྱད་པར་འཕགས༔ སྔོན་ལས་སྒྲིབ་པ་སྦྱང་ཕྱིར་བསྔོ༔ འཕྲལ་རྐྱེན་གནོད་པ་ཞི་ཕྱིར་བསྔོ༔ རྒྱུ་སྦྱོར་ཡོན་བདག་འདི་ཉིད་ཀྱི༔ ལུས་ངག་ཡིད་གསུམ་ཚབ་ཏུ་སྦྱིན༔ བྱིན་པ་བཞིན་དུ་འདི་ཁྱེར་ལ༔ ལུས་སྲོག་བླ་ཚེའི་དོད་པོ་མཛོད༔ བསྔོས་པ་བཞིན་དུ་འདི་ལོང་ལ༔ ཁྱེད་ཅག་གནོད་སེམས་གདུག་པ་ཁྲོལ༔ གལ་སྲིད་བཀའ་ལས་འདའ་བྱེད་ན༔ དྲག་པོའི་ལས་བྱེད་ཕོ་ཉར་འགྱེད༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ དེ་བས་རང་རང་གནས་སུ་དེངས༔ ཐུན་གཏོར་བཏེག་ཅིང་ནད་པར་བརྒྱབ་སྟེ། ཧཱུྃ་བྷྱོ༔ ང་ནི་པདྨ་དྲག་པོ་རྩལ༔ ཐུགས་ལས་སྤྲུལ་པའི་གདོན་བགེགས་གཤེད༔ གནམ་ལྕགས་སྡིག་པ་མགོ་དགུ་པ༔ མགོ་ལུས་མེད་པར་མིག་གིས་གང་༔ ཚད་ནི་རི་རབ་ཁམས་དང་མཉམ༔ གྲངས་ནི་སྟོངས་གསུམ་ཁྱབ་པར་འགྱེད༔ རྭ་ནི་བཅོ་བརྒྱ་ཟངས་སེ་ཟང་༔ ཡན་ལག་བགྲད་པས་གནམ་ས་ཁེངས༔ མཇུག་མ་གཡུགས་པས་འབྱུང་པོ་འཛིན༔ དྲག་པོའི་མཆེ་གཙིགས་ལྕེ་ནི་གློག༔ དྲག་པོ་སྔགས་ཀྱི་ང་རོ་སྒྲོག༔ རྒྱལ་བསེན་དམ་མེད་འབྱུང་པོའི་གཤེད༔ ཤངས་ནས་དུག་རླངས་ཁམས་ནག་འཕྱོ༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ༔ བྷྱོ་བྷྱོ་བར་ཆད་རྐྱེན་ལ་བྷྱོ༔ གང་ལ་དམིགས་པ་ཁྱོད་ཀྱིས་ཤེས༔ ཐལ་བའི་རྡུལ་བཞིན་བརླག་པར་མཛོད༔ ཀྲུམ་ཀྲུམ་བཞེས་ཤིག་གནོད་བྱེད་ཤ༔ ལྷག་མ་མེད་པར་བཞེས་སུ་གསོལ༔ ཀྲོག་ཀྲོག་འཐུངས་ཤིག་གནོད་བྱེད་ཁྲག༔ ཐིགས་པ་ཙམ་ཡང་མེད་པར་གྱིས༔ ཁྲུམས་ཁྲུམས་མུར་ཞིག་གནོད་བྱེད་རུས༔ ཏིལ་འབྲུ་ཙམ་ཡང་མེད་པར་གྱིས༔ གདོན་བགེགས་འབྱུང་པོ་མྱུར་དུ་སྒྲོལ༔ དུས་ལ་བབ་བོ་ས་མ་ཡཱ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཨཱོཾ་ཨཱཿཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་དགྲ་བགེགས་ཐམས་ཅད་ཀྱི་སྲོག་ལ་དུ་དུ་རུ་རུ་བྷ་ཤ་ཧཱུྃ་མ་མ་སྲོག་དུང་དུང་སྙིང་ལམ་མ་བྷྱོ་ས་མ་ཡ་ཧཱུྃ་ཕཊ༔ ལོག་ཏྲི་པཱ་ལ་ནན༔ ས་ག་པ་ཤ་ནན༔ ནཱ་ག་དུ་དུ་ནན༔ མཾ་མ་མཾ་མ༔ ཙི་ཙར་ཙི་ཙར༔ བཾ་རུ་ལུ་བཾ་རུ་ལུ༔ རྦད་ཏྲ་ཀོ་ཤ་ཡཱ༔ རྦད་ཏྲ་ཀོ་ཤ་ཡཱ༔ ཧོ་ར་ཧོ་ར༔ ཙི་དུ་སོད༔ ཙི་དུ་སོད༔ ཤིག་ལྷུར་གཏུབས༔ ཧ་ལ་པ་ཏི་ནན༔ འཁོར་བ་ཐུལ༔ ཀཱ་ཝཱ་ཙི་བརླག་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨཱོཾ་སུམ་བྷ་ནི་སོགས༴ དུད་པས་གདུག༔ ཐུན་གྱིས་བྲབ། ཧཱུྃ༔ ཐོད་ཕྲེང་དྲག་པོའི་ཐུགས་ཀ་ནས༔ སྤྲུལ་པའི་འོད་ཟེར་གློག་སྟོང་འཁྱུག༔ ཁྲོ་བོ་ཁྲོ་མོ་སྐར་ལྟར་འཕྱོ༔ ཡེ་ནས་དག་པའི་གཞལ་ཡས་འདིར༔ གདོན་བགེགས་འབྱུང་པོ་མཚམས་ཆོད་ཅིག༔ བྷྲུྃ་བཛྲ་རཀྵ་རཀྵ་ཧཱུྃ༔ སྲུང་འཁོར་བསྒོམ། དབང་བསྐུར་བའམ་ཤིས་པ་བརྗོད། ཅེས་པ་འདི་ཚར་གཅིག་ཏུ་བརྩིས་པའི་སུམ་བརྒྱའམ་ལྔ་བརྒྱ་སྟོང་སོགས་ཡུལ་སྐབས་དང་བསྟུན་པར་བྱའོ། ངར་མི་སྐྱེལ་མིས་ཕྱི་མིག་མི་བལྟ་བར་ཁྱིམ་དུ་ལོག །ཤིས་པ་བརྗོད་དུས་ནད་པ་གདན་དཀར་སྟེང་དུ་བཞག །ཅེས་པ་འདི་ཡང་རང་གཞན་གྱི་གཏི་རྒན་རྣམས་ལ་དགོས་པར་སེམས་ཏེ་ཤར་སྟག་མོ་སྒང་དུ་རིག་འཛིན་མིང་གིས་བསྒྲིགས། ཉེས་མཆིས་རྩ་བ་གསུམ་ལ་འཆགས། དགེ་བས་གེགས་ལས་རྒྱལ་བར་ཤོག །མངྒ་ལཾ།། །།


previousབྱབ་ཆོག་གི་ལས་བྱང་ངམ་ལག་ལེན།next