Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབང་གི་སྦྱིན་སྲེག
   
   
   
   
   
   
   
   
   
   


 
previousདབང་གི་སྦྱིན་སྲེགnext

དབང་གི་སྦྱིན་སྲེག

ཟབ་ཆོས་པདྨ་དྲག་ཁྲོས་ལས། དབང་གི་སྦྱིན་སྲེག་བཞུགས། པདྨ་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བརྒྱུད་པ་དང་བཅས་པ་རྣམས་ལ་ཕྱག་འཚལ་བསྟོད་དེ། སྐྱབས་སུ་མཆིའོ་རྣམ་པ་ཀུན་ཏུ་བྱིན་གྱིས་བརླབ་ཏུ་གསོལ་ལོ། དེ་ཡང་པདྨ་དྲག་པོའི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་བསྙེན་སྒྲུབ་དང་ལྡན་པའི་རྣལ་འབྱོར་པས་འདི་ཉིད་ལ་བརྟེན་ནས་དབང་གི་སྦྱིན་སྲེག་གི་ཆོ་ག་བྱ་བར་འདོད་པས་དེ་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་སོ། དང་པོ་ལ། འབྲིང་པོ་བཞིའི་ཉི་ཤུ་ལ་སོགས་པ་དབང་གི་དུས་ཁྱད་པར་ཅན་ལ། གནས་དབེན་ཞིང་ཡིད་དུ་འོང་བའམ། དབང་གི་ལས་དང་རྗེས་སུ་མཐུན་པའི་གནས་ཉིད་དུ། ཚེ་སྒྲུབ་ཀྱི་སྒྲུབ་པའི་ཁོག་འབུབ་ཞིག་ནས་འབྱུང་བ་ལྟར་ས་ཆོག་ལེགས་པར་བྱ་བའི་ས་ལ་སྟེགས་བུ་རྒྱར་མདའ་གང་པ། དཔངས་སུ་ཁྲུ་གང་པ་བྱས་པའི་དབུས་སུ་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་རྒྱར་ཁྲུ་གང་དཔང་སུ་མཐོ་གང་པ་རྐན་གཉེར་རིམ་པ་གསུམ་དང་ལྡན་པའི་ཁ་ཁྱེར་ལ་པདྨའམ་ལྕགས་ཀྱུའི་ཕྲེང་བས་བསྐོར་བ་བརྩིགས། །དེའི་ནང་དུ་ལྟེ་བ་ཟླུམ་པོའི་ཕྱི་རིམ་ལ་པདྨའི་འདབ་མ་ཉིས་རིམ་མུ་ཁྱུད་ཅན་ལ་ལྷ་རྣམས་ཀྱི་ས་བོན་ནམ་ཕྱག་མཚན་ནམ་ལྷ་གནས་སུ་ཚོམ་བུ་ལྷ་མདོག་ཅན་འགོད་པ་གང་བདེར་བྱས་ལ། ཐབ་ཁུང་གི་ནང་དུ་ཙན་དན་ནམ་མཛོ་མོ་ཤིང་ངམ་ཨ་ཀ་རུ་སོགས་དབང་ལ་ཤིས་པའི་བུད་ཤིང་རྒྱ་ཚོས་སམ་དྲི་བཟང་བཏབ་པས་མདོག་བསྒྱུར་བ་ཟླ་གམ་དུ་བརྩིགས། གཡས་ལོགས་སུ་གོང་དུ་བཤད་པའི་ཤིང་ཟླ་གམ་གྱི་དབྱིབས་སུ་གཞོགས་ལ་རིང་ཐུང་སོར་བཅུ་གཉིས་སྦོམ་ཕྲ་སྲིན་ལག་གམ་གུང་མོ་ཙམ་བྱས་པ་ལ་བསྒྲུབ་བྱ་དམིགས་བསལ་ཡོད་ན་མིང་རུས་དང་། མེད་ན་སྣང་སྲིད་ཐམས་ཅད་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་རྒྱ་སྐྱེགས་ཀྱི་ཁུ་བས་བྲིས་པ་གྲངས་ལྡན་ལ་བུ་རམ་དང་ཏིལ་གྱིས་བྱུགས་པ། མར་ཁུ། ཏིལ། ཡུངས་ཀར། ཟས་སྣ། དཱུརྦ། འབྲས། ནས། སྲན་མ། སོ་བ། གྲོ། ཀུ་ཤཕྲུམ། འབྲུ་སྣ། དར་སྣ། ཤིང་ཏོག །ཟངས། བྱི་རུ། བུར་སྦྲང་། ཧ་ལོ། ཨུག་ཆོས། གླང་སྣ་དམར་པོ། བཙོད། རྒྱ་སྐྱེགས། དར་ཟབ་དམར་པོའི་རིགས་སོགས་དབང་ལ་འོས་པའི་རྫེས་གང་ཚོགས། མར་ལ་གོ་ཡུ་བཏབ་པའི་སོ་རྩི། གོས་ཟུང་རྣམས་དང་། གཡོན་དུ་ཉེར་སྤྱོད་སྨན་རཀ་གཏོར་མ་རྣམས་ཀྱང་། དམར་པོའི་ཚོན་གྱིས་བསྒྱུར་བར་འོས་པ་རྣམས་བསྒྱུར་བ་དང་། མདུན་དུ་རྡོར་དྲིལ་དགང་གཟར་བླུགས། ཀུ་ཤ། ལས་བུམ་སོགས་ཉེ་བར་མཁོ་བ་ཐམས་ཅད་དང་། གཞན་ཡང་བླ་མ་དྲག་པོའི་མཆོད་གཏོར་ཚོགས་མཆོད་སོགས་ཀྱང་བཟང་ཞིང་གྱ་ནོམ་པ། སྣང་བ་གཡོ་བར་ནུས་པའི་རྔམ་བརྗིད་དང་ལྡན་པའི་ས་རྒྱན་གནམ་རྒྱན་སོགས་བཀོད་པའི་རྟེན་འབྲེལ་རབ་ཏུ་ཕུན་སུམ་ཚོགས་པར་བཤམས་ལ། ལས་གཞུང་བསྲང་ཞིང་བསྙེན་པའི་སྐབས་སུ་ཝ་ཤཾ་ཀུ་རུའི་ཤམ་བུ་ཅན་གྱི་བཟླས་པ་དབང་སྡུད་ཀྱི་དམིགས་པ་དང་ལྡན་པའི་སྒོ་ནས་ལོང་སྐབས་དང་བསྟུན་ཏེ་བཟླ། ཚོགས་ལྷག་ཡན་སོང་ནས་ལས་བུམ་བསངས། སྟོང་བའི་ངང་ལས་བུམ་པ་ནི། །རིན་པོ་ཆེ་ཡི་གཞལ་ཡས་ཁང་། །མཚན་ཉིད་རྫོགས་པའི་ནང་ཉིད་དུ། དབང་གི་ཁྲོ་བོ་རྟ་མཆོག་དཔལ། །དམར་པོ་རྡོར་དྲིལ་ཡུམ་ལ་འཁྱུད། །རྟ་མགོས་མཚན་ཞིང་ཁྲོ་ཆས་རྫོགས། །སྐུ་ལས་སྤྲུལ་པའི་ཁྲོ་ཆུང་གིས། །གདོན་བགེགས་བཅོམ་ནས་བུམ་པའི་ཆུར། །ཐིམ་པས་བུམ་ཆུ་ནུས་ལྡན་གྱུར། །ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱྀ་ཝ་ཧཱུྃ་ཕཊ༔ གང་མང་བཟླས་རྗེས། །ཁྲོ་བོ་ཞུ་ནས་བུམ་ཆུར་འདྲེས། །ལས་ཀུན་བསྒྲུབ་པའི་བདུད་རྩིར་གྱུར། དེ་ནས་སྒྲུབ་པ་པོ་དམར་པོའི་ཆས་གོས་དང་རྒྱན་གྱིས་བརྒྱན་ཏེ། བརྗིད་ཤིང་སྒེག་པའི་ཆ་ལུགས་དང་ལྡན་པས་མེ་ཐབ་བསྐོར་ཏེ་རོལ་མོ་རྣམས་སྦིར་ཞིང་། རང་ཉིད་པདྨ་དྲག་པོར་གསལ་བའི་སྐུ་ལས་སྤྲོས་པའི་མེ་དཔུང་དང་མཚོན་ཆའི་ཚོགས་ཀྱིས་གདོན་བགེགས་འབྱུང་པོ་ཐམས་ཅད་ཐལ་བར་བརླགས་ཤིང་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཁྲོ་ཆུང་མཚོན་ཆ་ཐོགས་པ་དང་དམར་ནག་མེ་དཔུང་འཁྱིལ་བའི་བསྲུང་བའི་འཁོར་ལོར་གྱུར་པར་བསམས་ལ། ཧཱུྃ། པདྨ་དྲག་པོའི་ཕོ་བྲང་འདིར། །འབྱུང་བ་མེ་ཡི་མཆོད་སྤྲིན་གྱི། །གསང་བ་མཆོག་ཏུ་བསྒྲུབ་པ་ལ། །ཉན་དང་ལྟ་བར་མི་དབང་པའི། །གདོན་བགེགས་འབྱུང་པོ་གཞན་དུ་སོང་། །བཀའ་དང་དམ་ལས་འདའ་བྱེད་ན། །དབང་མཛད་དམར་མོ་ཐུགས་ཁྲོས་ནས། །གཏུམ་པའི་ཁྲོ་མོས་བགེགས་དཔུང་འཛོམས། །འབར་བའི་མེ་ཡིས་གཟུགས་ཕུང་བསྲེགས། །རྣོ་དབལ་མཚོན་ཆས་དུམ་བུར་གཏོང་། །ཡེ་ཤེས་རྡོ་རྗེས་མགོ་བོ་འགེམས། །དེ་བས་མ་འདུག་གཞན་དུ་སོང་། །ཨཱོཾ་སུམ་བྷཱ་ནི་སོགས་བརྗོད། ཧཱུྃ། སྟེང་ནི་མེ་ཡི་བླ་རེ་ལ། །འོག་ཀྱང་འབར་བའི་ཕྲེང་བས་དཀྲིགས། །ཕྱོགས་མཚམས་ཀུན་ཀྱང་མེ་རིའི་གུར། །བར་སྣང་མེ་ཡི་སྤྲིན་ཕུང་གཏིབས། །གཞན་དུ་མེ་ཡི་ཚྭ་ཚྭ་འཕྲོ། །མེ་སྒྲ་འུར་འུར་ཆེམས་ཆེམས་ལྡིར། །འབར་མ་མེ་ཡི་གུར་ཁང་ལ། །སྲིད་ཞི་སུས་ཀྱང་མི་ཚུགས་པའི། །མཚམས་ཀྱི་དཀྱིལ་འཁོར་གཞོམ་དུ་མེད། ཨཱོཾ་བཛྲ་རཀྵ་ཛྭ་ལ་རཾ་རཾ། ཞེས་བསྒོ་ཞིང་གྲལ་དུ་འཁོད་ལ། ལས་བུམ་གྱི་ཆུས་རྫས་རྣམས་ལ་འཐོར་ཞིང་། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱྀ་ཝ་ཧཱུྃ་ཕཊ༔ ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་བྂ་ལས་པདྨ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཆོད་རྫས་དང་སྲེག་རྫས་ཀྱི་དངོས་པོ་རྣམས་ཟག་མེད་ཀྱི་བདུད་རྩི་ལ་རྣམ་པ་སོ་སོའི་མཚན་ཉིད་མ་འདྲེས་པར་གསལ་བར་རྫོགས་པ། ཆགས་ལྡན་སྙིང་རྩ་འདར་ཞིང་རྒྱལ་བའི་བསམ་གཏན་གཡོ་བར་ནུས་པའི་རྒྱལ་སྲིད་རིན་ཆེན་བཀྲ་ཤིས་རྫས་རྟགས་འདོད་ཡོན་ཉེར་སྤྱོད་སོགས་མཆོད་པའི་སྤྲིན་གྱི་ཕུང་པོ་མ་ཚང་བའི་དངོས་པོ་མེད་པས་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་ཁེངས་པར་གྱུར་པར་བསམས་ལ། ཨཱོཾ་ཨཱཿཧཱུྃ་སརྦ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཧྲཱིཿཐཱ༔ གསུམ་མམ་བདུན་གྱི་བྱིན་གྱིས་བརླབས། དེ་ནས་རྗེའུ་རིགས་སམ་སྨད་འཚོང་མ་ལས་བླངས་པའི་མེ་སྤར་ལ་རླུང་གཡབ་ཀྱིས་གཡབ་ཅིང་། རཾ། སྤྱི་མཐུན་ལས་ཀྱི་བསོད་ནམས་དང་། །རྒྱལ་བའི་ཐུགས་བསྐྱེད་ལས་གྲུབ་པའི། །ལྗོན་ཤིང་ནགས་ཚལ་བསྲུང་བ་ཡི། །ཤིང་གི་ལྷ་མོས་ཤིང་ཐུས་ལ། །སྐྱེ་དགུ་ཀུན་གྱི་སྲོག་འཛིན་ཅིང་། །སྣང་བ་རབ་ཏུ་གསལ་བའི་སྒྲོན། །མེ་ཡི་ལྷ་མོ་སྲེག་བྱེད་མས། །མེ་ལྷའི་ཡུལ་ནས་མེ་སྤོར་ཞིག །འོག་གཞི་རྡོ་རྗེ་རྒྱ་གྲམ་གྱི། །ཡང་ཞིང་གཡོ་བའི་བ་དན་འཛིན། །འབྱུང་བ་རླུང་ལ་མངའ་མཛད་མས། །རླུང་ལྷའི་ཡུལ་ནས་རླུང་གཡོབས་ཤིག །ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཞེས་པའི་སྔགས་བདུན་དང་མར་ཁུ་དགང་བླུགས་བདུན་གྱིས་གསོ། དེ་ནས་ཐབ་ཀྱི་ཁ་ཁྱེར་ལ་ཀུ་ཤ་དགྲམ་ཞིང་། ཨོཾ། གཙང་ཞིང་དགེ་བ་ཀུ་ཤའི་རྩྭ། །རྒྱལ་བས་བྱང་ཆུབ་བརྙེས་པའི་གདན། །དག་ཅིང་ཚངས་པའི་རྫས་མཆོག་འདིས། །བགེགས་རྣམས་གཞིལ་ཞིང་ཤིས་པར་མཛོད། ཨཱོཾ་བཛྲ་ས་ཏྭ་ཨཱ༔ ཞེས་དགྲམ་མོ། དེ་ནས་དངོས་གཞི་ལ་གཉིས་ཀྱི་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ལས་བུམ་ཀྱི་ཆུས་མེ་ཐབ་ལ་འཐོར་ཞིང་བསང་སྦྱངས། མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་འབར་བའི་ཐབ་ཁུང་ཟླ་གམ་དམར་པོ་ཡངས་ཤིང་རྒྱ་ཆེ་བ་རྐན་གཉེར་རིམ་པ་གསུམ་དང་ལྡན་ཞིང་། ཁ་ཁྱེར་ལ་ལྕགས་ཀྱུ་དམར་པོའི་ཕྲེང་བས་བསྐོར་བ། ཟླ་གམ་དབང་གི་གཞལ་ཡས་ཁང་གི་བཀོད་པ་ཐམས་ཅད་རྫོགས་པ། དེ་དག་གི་དབུས་སུ་པད་ཉིའི་གདན་ལ་རཾ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་མེ་ལྷ་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་མེ་ཡི་འཁོར་ལོ་དང་གཡོན་པས་རླུང་གི་འཁོར་ལོ་བསྣམས་པ། ར་སྐྱེས་ཁམ་པ་འཇའ་འོད་དང་གློག་གི་ཕྲེང་བའི་གོང་རྨེད་སྲབ་མཐུར་ཅན་ལ་བཅིབས་པ། རིན་པོ་ཆེ་སྣ་ཚོགས་པ་དང་པདྨའི་ཕྲེང་བས་བརྒྱན་ཞིང་ཞི་འཛུམ་སྒེག་པའི་ཉམས་དང་ལྡན་པ། དེའི་སྤྱི་བོར་ཨཱོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གི་ཁོང་གསེང་དུ་ཐུགས་སྲོག་རཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། སྤྱན་འདྲེན་ནི། ཧཱུྃ། དད་པས་སྤྱན་འདྲེན་དྲང་སྲོང་ཆེ། །དམ་ཚིག་དབང་གིས་ད་ཚུར་སྤྱོན། །ཁམས་གསུམ་སྲིད་གསུམ་དབང་བསྡུད་ཕྱིར། །དྲང་སྲོང་ཆེན་པོ་གཤེགས་སུ་གསོལ། ཨཱོཾ་ཨགྣཱེ་ཡེ་ཛཿཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡ་ཛཿཛ༔ བཞུགས་གསོལ་ནི། ཧཱུྃ། དྲང་སྲོང་ཆེན་པོ་འཕྲིན་ལས་བདག །འདོད་པའི་དངོས་གྲུབ་སྤེལ་བའི་ལྷ། །དེང་གི་གནས་མཆོག་དམ་པ་འདིར། །འབར་བའི་གདན་ལ་བཞུགས་སུ་གསོལ། ཨཱོཾ་ཨགྣཱེ་ཡེ་བཛྲ་ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃ། མེ་ཡི་ལྷ་སྟེ་དྲང་སྲོང་ཆེ། །ལས་བཞིའི་འཕྲིན་ལས་སྩོལ་བའི་ལྷ། །མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །འབར་བ་ཁྱོད་ལ་ཕྱག་འཚལ་ལོ། ཨཱོཾ་ཨགྣཱེ་ཡེ་ས་མ་ཡ་ཨ་ཏི་པུ་ཧོ༔ མཆོད་པ་ནི། ཧཱུྃ། སྟོང་གསུམ་འཇིག་རྟེན་རབ་འབྱམས་ན། ཕྱི་ནང་གསང་བའི་མཆོད་པའི་ཚོགས། །དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་ཏེ། །སྲེག་བྱེད་མེ་ཡི་ལྷ་ལ་འབུལ། །ཨཱོཾ་ཨགྣཱེ་ཡེ་སརྦ་པཱུ་ཙ་ཧོ༔ ཧཱུྃ། དྲང་སྲོང་ཆེན་པོ་འཁོར་བཅས་ལ། །དངོས་གྲུབ་མྱུར་དུ་སྩོལ་བའི་ཕྱིར། །སྨན་གཏོར་རཀྟའི་མཆོད་པ་འབུལ། །བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། ཨཱོཾ་ཨགྣཱེ་ཡེ་མ་ཧཱ་པཉྩ་རཀྟ་བ་ལིངྟ་པཱུ་ཙ་ཁཱ་ཧི། བསྟོད་པ་ནི། ཧཱུྃ། གཟི་བརྗིད་འབར་བ་མེ་ཡི་ལྷ། །ཚངས་པ་འཇིག་རྟེན་དབང་པོའི་སྲས། །འཕྲིན་ལས་མ་ལུས་ཀུན་གྱི་བདག །འབར་བ་ཁྱོད་ལ་ཕྱག་འཚལ་བསྟོད། བྱོན་སྐྱེམས་ནི། མེ་ལྷའི་ལྗགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་རཾ་དང་དགང་བླུགས་ཀྱི་རྩེར་ཧཱུྃ་ཡིག་གིས་མཚན་པར་གྱུར་པར་བསམས་ཤིང་། ཧཱུྃ། འབྲུ་མར་རྩི་མར་བཅུད་ལྡན་སྲེག་པའི་རྫས། །དམ་རྫས་བདུད་རྩིའི་མཆོད་པ་བླ་མེད་འདི། །དྲང་སྲོང་ཆེན་པོ་མེ་ཡི་ལྷ་ལ་འབུལ། །བདག་གི་འདོད་དོན་འཕྲིན་ལས་གྲུབ་པར་མཛོད། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ། ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བདུན་འབུལ། ཡམ་ཤིང་ལ། ཨཱོཾ་བོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ མར་ཁུ་ལ། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཏིལ་ལ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཡུངས་ཀར་ལ། ཨཱོཾ་སརྦ་ཨཪྠ་ས་དྷཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་སྣ་ལ། ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ དཱུརྦ་ལ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ འབྲས་ལ། ཨཱོཾ་བཛྲ་པུཥྟཱ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ སོ་བ་ལ། ཨཱོཾ་བཛྲ་བྀ་ཛཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ནས་ལ། ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ གྲོ་ལ། ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཀུ་ཤ་ལ། ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཕྲུམ་ལ། ཨཱོཾ་ཨཱཿསྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ འབྲུ་སྣ་ལ། ཨཱོཾ་ཛྲིཾ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཤིང་ཏོག་ལ། ཨཱོཾ་བཛྲ་ཤྲཱི་བཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ དར་སྣ་ལ། ཨཱོཾ་བཛྲ་ཝ་སྟྲ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ལ། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ། འབར་བ་མེ་ཡི་ལྷ་ཚོགས་ལ། །ཕྱི་ནང་གསང་བའི་སྨན་རཀ་དང་། །དམ་རྫས་གཏོར་མའི་མཆོད་པ་སོགས། །རབ་འབྱམས་མཆོད་སྤྲིན་རྒྱ་མཚོས་མཆོད། ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་སརྦ་པཱུ་ཙ་ཧོཿ ས་མཆོད། ཧཱུྃ། འབར་བ་མེ་ཡི་ཀློང་དཀྱིལ་ན། །གཟི་བརྗིད་འབར་ཞིང་འཕྲིན་ལས་མཛད། །རྩལ་ལྡན་ར་སྐྱེས་སྟེང་ནས་བརྗིད། །འབར་བའི་དཔའ་བོ་ཁྱོད་ལ་བསྟོད། ཀྱིས་བསྟོད། ཧཱུྃ་ཨགྣཱི་རཱ་ཛ་མེ་ཡི་ལྷས། །རྫས་རྣམས་ལྷག་པའི་ལྷར་འབུལ་ཞིང་། །མེ་ཡང་ཡེ་ཤེས་མེར་མཛད་ནས། །སྣང་བ་དབང་དུ་བསྡུ་བར་མཛོད། །ཅེས་འཕྲིན་ལས་བཅོལ། བཛྲ་མུཿས་མེ་ལྷའི་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་གཤེགས་ནས་མཆོད་བསྟོད་འཕྲིན་ལས་ཀྱི་དཔང་པོ་མཛད་པར་གྱུར། གཉིས་པ་ཡེ་ཤེས་པའི་མེ་ལྷ་མཆོད་པ་ནི། དམ་ཚིག་མེ་ལྷའི་ལྟོ་བ་ཟབ་ཅིང་ཡངས། །རབ་འབྱམས་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་། བྷྲཱུྃ་འཕྲོས་དྲག་པོའི་གཞལ་ཡས་ཁང་། མི་མགོ་སྐམ་རློན་རྩིག་པས་གཏམས༔ ཞེས་པ་ནས། གྷ་རུ་ཌ་ལ་ཕྱག་འཚལ་བསྟོད༔ ཅེས་པའི་བར་ལས་བྱང་བཞིན་ཚར་རྗེས། དེ་ལྟར་མཆོད་ཅིང་བསྟོད་པས་ལྷ་ཚོགས་རྣམས་ཀྱང་བརྩེ་བའི་ཐུགས་རྗེ་ཆེན་པོས་འགྲོ་བ་ཡོངས་ལ་རྗེས་སུ་ཆགས་པའི་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལྟར་དམར་ཞིང་འཚེར་བའི་སྐུའི་གཟི་བརྗིད་ཀྱིས་བརྟན་གཡོ་ཐམས་ཅད་དབང་མེད་དུ་འགུགས་པར་ནུས་པའི་མཐུ་དང་ལྡན་པར་གྱུར། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་རྣམ་པ་ཅན་ནམ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་རཾ་དང་དགང་བླུགས་ཀྱི་ཁར་ཧཱུྃ་དམར་པོ་འོད་དང་བཅས་པས་མཚན་པར་གྱུར་པར་བསམས་ལ། ཧཱུྃ། འབྲུ་མར་རྩི་མར་བཅུད་ལྡན་བསྲེགས་པའི་རྫས། །དམ་རྫས་བདུད་རྩིའི་མཆོད་པ་དམ་པ་འདི། །མེ་ལྷ་རྩ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ། །བདག་གི་འདོད་དོན་འཕྲིན་ལས་བསྒྲུབ་པར་མཛོད། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་སྭཱ་ཧཱ༔ ཞེས་སམ། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཞེས་གཉིས་ཀའམ་གང་རུང་རྩ་སྔགས་དང་སྦྲེལ་བ་བདུན་གྱིས་འབུལ། དེ་ནས་ཡམ་ཤིང་ལ། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་བོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ མར་ཁུ་ལ། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་ཨགྣེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཏིལ་ལ། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཡུངས་ཀར་ལ། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་སརྦ་ཨཪྠ་ས་དྷཱ་ཡ་སྭཱ་ཧཱཿཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་སྣ་ལ། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ དཱུརྦ་ལ། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ འབྲས་ལ། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་པཥྟཱ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིང་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ སོ་བ་ལ། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ནས་ལ། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ སྲན་མ་ལ། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ གྲོ་ལ། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཀུ་ཤ་ལ། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཕྲུམ་ལ། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་ཨཱཿསྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ འབྲུ་སྣ་ལ། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་ཛྲིཾ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིང་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཤིང་ཏོག་ལ། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཤྲི་བཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ དར་སྣ་ལ། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིང་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ལ། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ སླར་ཡང་། ཨཱོཾ་ཨཱ་ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱས་བྱོན་སྐྱེམས་ལྟར་གཤེགས་སྐྱེམས་ཀྱང་ཕུལ་ལ། ཧཱུྃ། དབང་དྲག་པདྨའི་ལྷ་ཚོགས་ལ། །ཕྱི་ནང་གསང་བའི་མཆོད་པ་དང་། །སྨན་རཀ་གཏོར་སོགས་འཇིག་རྟེན་གྱི། མཆོད་པའི་རྫས་ཀུན་ཡོངས་སུ་འབུལ། ཨཱོཾཔདྨ་ཀྲོ་ཏ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་པཱུ་ཙ་ཁཱ་ཧིས་མཆོད། ཨཱོཾ་བཛྲ་ཏམྦུ་ལཱ་ཡེ་སྭཱ་ཧཱས་སོ་རྩི་དང་། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱས་གོས་ཟུང་འབུལ་ཞིང་། ཧཱུྃ། རྒྱལ་བའི་སྤྱི་གཟུགས་དབང་དྲག་རྫོགས༔ ཅེས་པ་ནས། གུ་རུ་ཌ་ལ་ཕྱག་འཚལ་བསྟོད༔ ཞེས་པའི་བར་ལས་བྱང་བཞིན་བྱ། དེ་ནས་འཕྲིན་ལས་བཅོལ་བ་ནི། ཧོཿ འཁོར་འདས་མ་ལུས་ཀུན་གྱི་ཆེ་བཙན། ཁམས་གསུམ་སྲིད་གསུམ་ཡོངས་ཀྱི་དབང་པོ། རབ་འབྱམས་འཕྲིན་ལས་རྒྱ་མཚོའི་མགོན་པོ། དབང་ཆེན་དབང་གི་འཁོར་ལོའི་ཁྱབ་བདག །དབང་དྲག་པདྨ་ཡབ་ཡུམ། རིགས་བདག་སྣང་བ་མཐའ་ཡས། བརྒྱུད་ལྡན་བླ་མ་རྒྱ་མཚོ། སྐུ་ཡི་ལྷ་འཕགས་པ་འཇམ་དཔལ། གསུང་གི་ལྷ་དབང་ཆེན་རྟ་མགྲིན། ཐུགས་ཀྱི་ལྷ་ཕྱག་ན་རྡོ་རྗེ། ཡོན་ཏན་གྱི་ལྷ་མཁའ་འགྲོ་སྡེ་ལྔ། འཕྲིན་ལས་ཀྱི་ལྷ་ཡཀྴ་མེ་དབལ། རིགས་བཞིའི་དྲག་པོ་ཡབ་ཡུམ། ཁྲོ་བཅུ་སྤྲུལ་པའི་ལྷ་ཚོགས། ཕོ་ཉ་ལྕགས་སྡིག་ནག་པོ། སྤྲུལ་པ་བྱ་ཁྱུང་རྒྱལ་པོ། ཕྲ་མེན་སྒོ་མའི་ལྷ་ཚོགས། བསྟན་བསྲུང་འབར་བ་ལྕམ་དྲལ་འཁོར་དང་བཅས་པ་ཁྱེད་རྣམས་ལ། སྲེག་བྱེད་མེའི་མཆོད་པས་མཉེས་པར་བྱས་ཏེ། འདོད་དོན་གྱི་འཕྲིན་ལས་གསོལ་བ་ནི། ཟག་མེད་མྱ་ངན་ལས་འདས་པའི་ཐུགས་རྗེ་དང་འཕྲིན་ལས་ཐམས་ཅད་བླ་ན་མེད་པའི་ཐུགས་རྗེའི་ཤུགས་ཀྱིས་དབང་དུ་བསྡུས་ནས་བདག་ལ་སྩལ་ཏེ་ཚེ་འདི་ཉིད་ལ་མངོན་པར་བྱང་ཆུབ་པར་མཛད་དུ་གསོལ། ཚངས་དབང་བརྒྱ་བྱིན་རྒྱལ་ཆེན་བཞི་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་ཟག་བཅས་འཁོར་བའི་དཔལ་ཐམས་ཅད་དབང་དུ་བསྡུས་ནས་སྲིད་པའི་ཁམས་འདིར་མངོན་པར་མཐོ་བར་མཛད་དུ་གསོལ། འཇིག་རྟེན་ཁམས་ཀྱི་རྒྱལ་བློན་ཆེ་བཙུན་ཁས་དྲག་མོ་བཙུན་འབངས་དང་བཅས་པ་རྗེས་ཆགས་སྙིང་རྗེའི་སྟོབས་ཀྱིས་དབང་དུ་སྡུས་ལ་བྱང་ཆུབ་ཆེན་པོར་འགོད་པར་མཛད་དུ་གསོལ། སྲིད་པ་གསུམ་གྱི་དཔལ་འབྱོར་ལོངས་སྤྱོད་རིན་ཆེན་དར་ཟབ་འབྲུ་སྨན་རྐང་འགྲོ་སོགས་འབྱོར་བའི་དཔལ་ཐམས་ཅད་དབང་དུ་སྡུས་ལ་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དུ་གསོལ། འཁོར་འདས་ཀུན་གྱི་ཚེ་དཔལ་དང་འབྱོར་བ་ཐམས་ཅད་དབང་དུ་སྡུས་ལ་སྲིད་ཞིའི་ཕུན་ཚོགས་ཐམས་ཅད་རབ་ཏུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་གསོལ་ཞིང་དངོས་གྲུབ་བླང་བ་ལ་རྟེན་ཅིང་འབྲེལ་འབྱུང་བཟང་བའི་ཟས་ཀྱི་དངོས་པོ་སྣ་ཚོགས་པ་བཤམས་པ་བཏེགས་ལ། ཧཱུྃ། དབང་དྲག་པདྨའི་ལྷ་ཚོགས་རྣམས། འགྱུར་མེད་སྐུ་ཡི་སྒོ་ཕྱེ་ནས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །རྣམ་དག་གསུང་གི་སྒོ་ཕྱེ་ནས། །སྙིང་པོ་ལུང་གི་དངོས་གྲུབ་སྩོལ། །སྤྲོས་བྲལ་ཐུགས་ཀྱི་སྒོ་ཕྱེ་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཡོན་ཏན་ནོར་བུའི་དཀྱིལ་འཁོར་ནས། །ཁམས་གསུམ་དབང་སྡུད་དངོས་གྲུབ་སྩོལ། །འཕྲིན་ལས་འགྲོ་འདུལ་དཀྱིལ་འཁོར་ནས། །སྲིད་གསུམ་ཟིལ་གནོན་དངོས་གྲུབ་སྩོལ། །ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ ཞེས་བརྗོད་ཅིང་རྫས་རྣམས་དངོས་གྲུབ་ཏུ་རོལ། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་ཞིང་། །མ་འབྱོར་བ་དང་ཉམས་པ་དང་། །སོགས་ཀྱིས་ནོངས་པར་གསོལ། ཧཱུྃ། ཡང་གསང་ཁྲོས་པ་དྲག་པོའི་ལྷ༔ ཤེས་བྱའི་རེ་བ་བསྐང་ནས་ཀྱང་། །སྐྱེ་མེད་ཀློང་དུ་གཤེགས་སུ་གསོལ། །དམ་ཚིག་ལྷ་ཚོགས་རང་ལ་བསྡུ༔ དམིགས་མེད་བློ་འདས་རང་བབས་སྐྱོང་༔ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། སླར་ཡང་འཇིག་རྟེན་པའི་མེ་ལྷ་ཐབ་ཀྱི་ཤར་ལྷོར་དཔང་པོ་བཞུགས་པ་བཛྲ་ས་མཱ་ཛ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་ལ། ཨརྒྷཾ་སོགས་ཀྱིས་མཆོད་ཅིང་། ཧཱུྃ། བསྲེག་པའི་རེག་བྱ་ཚ་བའི་ཀློང་༔ འབར་བའི་ནུས་པས་སྲིད་གསུམ་གྱི། །ལོག་པར་འདྲེན་པ་ཀུན་སྲེག་པའི། །ལྷ་ཡི་ལྷ་མཆོག་ཁྱོད་ལ་བསྟོད། དེ་ནས། ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་སྭཱ་ཧཱ༔ ཨཱོཾ་གྣཱ་ཡེ་སྭཱ་ཧཱ༔ ཞེས་འབུལ། ཨཱོཾ་བོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ༔ ཡམ་ཤིང་གིའོ། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ མར་ཁུའོ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ༔ ཏིལ་གྱིའོ། ཨཱོཾ་སརྦ་ཨཪྠ་ས་དྷཱ་ཡ་སྭཱ་ཧཱ༔ ཡངས་ཀར་གྱིའོ། ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ༔ ཟས་སྣའོ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ དཱུརྦའོ། ཨཱོཾ་བཛྲ་པུཥྟཱ་ཡེ་སྭཱ་ཧཱ༔ འབྲས་ལའོ། ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ༔ སོ་བའོ། ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱ༔ ནས་སོ། ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ སྲན་མའོ། ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱ༔ གྲོའོ། ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ༔ ཀུ་ཤའོ། ཨཱོཾ་ཨཱཿསྭཱ་ཧཱ༔ ཕྲུམ་མོ། ཨཱོཾ་ཛྲིཾ་སྭཱ་ཧཱ༔ འབྲུ་སྣའོ། ཨཱོཾ་བཛྲ་ཤྲཱི་བཱ་ཡ་སྭཱ་ཧཱ༔ ཤིང་ཏོག་གོ། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ དར་སྣའོ། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ལའོ། ཨཱོཾ་བཛྲ་ཏམྦུ་ལཱ་ཡེ་སྭཱ་ཧཱ༔ སོརྩིའོ། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ གོས་ཟུང་ངོ་། ཞེས་པ་རྣམས་ལ་གསུམ་མམ་བདུན་སོགས་འབུལ། རྒྱས་པར་རེ་རེ་ལའམ་བསྡུ་ན་ཀུན་གྱི་མཐར་འདོད་གསོལ་གཅིག་བྱས་ཀྱང་རུང་། དེ་ནས་གཏོར་མ་ལ། ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཅེས་འབུལ། སླར་ཡང་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད་ཅིང་། ཧཱུྃ། གཟི་བརྗིད་ཕུང་པོ་ལྟ་ན་སྡུག །འོད་བཟང་ཉི་མའི་དཔལ་དུ་འབར། །རབ་འབྱམས་འཕྲིན་ལས་རྒྱ་མཚོའི་དཔལ། །ཨགྣཱི་རཱ་ཛ་ཁྱོད་ལ་བསྟོད། ཞེས་བསྟོད། ཡི་གེ་བརྒྱ་པ་བརྗོད། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། མེ་ལྷའི་རྒྱལ་པོ་གང་ཁྱོད་ཀྱིས། །བདག་གཞན་དོན་གཉིས་ཀུན་མཛོད་ཅིག །ཆོས་ཉིད་ཀློང་དུ་གཤེགས་ནས་ཀྱང་། །གསོལ་བ་བཏབ་ན་སླར་ཡང་བྱོན། ཨགྣཱེ་ཡེ་མུ༔ ཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་མེའི་ཕུང་པོར་གྱུར་པར་བསམ་མོ། དེ་ནས་ཤིས་བརྗོད་ནི། ཧཱུྃ། ཆོས་དབྱིངས་རོལ་པ་ཆེན་པོ་ནས༔ འཕྲིན་ལས་འགྲོ་བའི་དོན་དུ་སྤྲུལ༔ མཆོག་དང་ཐུན་མོང་ཀུན་གྱི་བདག༔ རྩ་བ་གསུམ་གྱི་བཀྲ་ཤིས་ཤོག༔ བསྔོ་སྨོན་ནི། ཧཱུྃ། པདྨ་དྲག་པོའི་ལྷ་ཚོགས་ལ༔ སྒོམ་སྒྲུབ་མཆོད་བསྟོད་ཕུལ་པའི་མཐུས༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ དབང་དང་དྲག་པོའི་འཕྲིན་ལས་ཀྱིས༔ མཆོག་ཐུན་དཔལ་ལ་སྤྱོད་གྱུར་ཅིག༔ དེ་ནས་ཐལ་བ་ཆུ་བོ་རྒྱུན་བཟང་ལ་ཕབ་བོ། ཞེས་ཧོར་ལོ་ཆེན་ངག་གི་དབང་པོས་མཛད་པའི་དབང་གི་སྦྱིན་སྲེག་ལྟར་བློ་ལ་འཛིན་བདེ་ཕྱིར་ཚིག་གི་འཆོས་པ་སོགས་སྤངས་ཏེ། བླ་མ་དྲག་པོའི་དབང་གི་སྦྱིན་སྲེག་ཏུ་སྦྱར་བ་འདི་ཡང་སོག་པོ་ཨོ་ལོད་སྐད་ཀྱི་ད་ལའི་བླ་མ་ཨེ་གྱིག་གིས་ཤར་སྟག་མོ་སྒང་དུ་བྲིས་པ་མངྒ་ལཾ།། །།


previousདབང་གི་སྦྱིན་སྲེགnext