Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
གཟུ་དཔང་།
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousགཟུ་དཔང་།next

གཟུ་དཔང་།

ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་གཟུ་དཔང་བཞུགས་སོ། །རབ་འབྱམས་རྒྱལ་བའི་ངོ་བོ་ཨོ་རྒྱན་རྗེ། །དབང་དྲག་འབར་བའི་སྐུར་བསྟན་ཧེ་རུ་ཀ༔ ལུས་ཅན་ཕན་བདེའི་དཔལ་སྟེར་འགྲོ་འདུལ་གླིང་། །བླ་མ་ལྷར་བཅས་ཞབས་ལ་གུས་པས་འདུད། །དྲག་སྒྲུབ་ཟབ་མོའི་འཕྲིན་ལས་ཀྱིས། །སྒྲོལ་བའི་ལས་མཐའ་བརྩམས་པའི་ཚེ། །དྲང་ཤན་གཟུ་དཔང་རིམ་པ་ཞིག །ཉེ་བར་བསྒྲིག་ལ་གནང་བ་སྩོལ། །ཞེས་པས་མཆོད་པར་བརྗོད་ནས། ཟབ་ཆོས་པདྨ་དྲག་ཁྲོས་ཀྱི། སྨད་ལས་སྐབས་སུ་གཟུ་དཔང་བྱ་བར་འདོད་ན། །ཧཱུྃ། རབ་འབྱམས་ཕྱོགས་དུས་སྲས་བཅས་རྒྱལ་བའི་ཚོགས། །ཁྱད་པར་སྐུ་གསུམ་སངས་རྒྱས་ཐུགས་རྗེ་ཅན། །བསླུ་བ་མེད་པའི་སྐྱབས་གྱུར་རིན་ཆེན་རྣམས། །དག་པ་དབྱིངས་ནས་གཟུ་དང་དཔང་མཛོད་ཅིག །ཧཱུྃ། མ་ལུས་རྒྱལ་བའི་ངོ་བོ་ཐོད་ཕྲེང་རྩལ། །གདུག་པ་འདུལ་ཕྱིར་རབ་འཇིགས་དྲག་པོའི་སྐུ། །རེ་ཞིང་བལྟོས་པའི་ལྷ་མཆོག་ཧེ་རུ་ཀཿ ཐུགས་རྗེ་མ་གཡེལ་རྣལ་འབྱོར་གཟུ་དཔང་མཛོད། །མཁའ་ལྡིང་ཁྱུང་ཆེན་རིགས་བདག་འོད་དཔག་མེད། །འཇམ་དཔལ་དབང་ཆེན་གསང་བདག་ཡུམ་ཆེན་ལྔ། །མེ་དབལ་གོ་ཆའི་ལྷ་ཚོགས་མཐུ་སྟོབས་ཅན། །སྒྲུབ་པོ་རྣལ་འབྱོར་གཟུ་དང་དཔང་པོ་མཛོད། །ལས་ཀྱི་ཕོ་ཉ་ལྕགས་སྡིག་དྲག་རྩལ་ཅན། །རིགས་བཞི་དྲག་པོ་ལས་བཞིའི་འཕྲིན་ལས་བདག །དཔལ་ཆེན་འབར་བའི་ཁྲོ་རྒྱལ་ཆེན་པོ་བཅུ། །སྒྲུབ་པོ་རྣལ་འབྱོར་གཟུ་དང་དཔང་པོ་མཛོད། །འཕྲིན་ལས་བཞི་བསྒྲུབ་ཕོ་བྲང་སྒོ་སྐྱོང་བཞི། །ལས་བྱེད་དམ་ཅན་བཀའ་དང་གཏེར་བསྲུང་བའི། །ཆོས་སྐྱོང་སྲུང་མ་རྒྱ་མཚོ་མ་ལུས་པས། །སྒྲུབ་པོ་རྣལ་འབྱོར་གཟུ་དང་དཔང་པོ་མཛོད། །རིག་འཛིན་བདག་ནི་སྤྲོས་བྲལ་རིག་པའི་དོན། །སྟོང་ཉིད་བློ་འདས་སྒོམ་ལས་མི་འདའ་བར། །སྙམ་ཡང་དུག་ལྔའི་དགྲ་བོས་བར་བཅད་པས། །ཉོན་མོངས་འཁྲུལ་སྣང་ཡེ་ཤེས་དབྱིངས་སུ་སྦྱོར། །ཟུང་འཇུག་རིམ་པ་གཉིས་ཀྱི་ཉམས་ལེན་ལ། །གཞོལ་བར་སེམས་ཀྱང་ལྷ་བུའི་བདུད་ཀྱི་སྡེས། །སྣ་ཚོགས་འཕྲུལ་གྱིས་བར་དུ་བཅད་གྱུར་པས། །རྩེ་གཅིག་ལྷ་སྔགས་འཁོར་ལོ་སྒྲུབ་ལ་སྦྱོར། །ལུས་ངག་དགེ་བའི་ལས་དང་མཐུན་པ་ཡིས། །སྤྱོད་ལམ་བརྩོན་པའི་སེམས་དང་ལྡན་གྱུར་ཀྱང་། །ནད་གདོན་འཚེ་བས་གཟིར་བ་རྣམ་མང་བས། །མི་མཐུན་དཔུང་ཚོགས་རྣམ་པར་ཞི་བར་མཛོད། །ཁྱད་པར་བྱང་ཆུབ་བསྒྲུབ་ལ་མོས་པ་ཡིས། །དགེ་བའི་སེམས་དང་ལྡན་ཡང་མི་བསྲུན་པའི། །ལོག་འདྲེན་དགྲ་བོས་སྣ་ཚོགས་བར་ཆད་པས། །དྲང་ཤན་ཕྱེ་ལ་མྱུར་མགྱོགས་སྟོབས་ཀྱིས་སྒྲོལ། །ཧཱུྃ། གསོན་ཅིག་དབང་དྲག་ཁྲོས་པའི་ལྷ་ཚོགས་རྣམས། །བསྟེན་ཅིང་བསྒྲུབས་དང་མཆོད་ཅིང་བསྟོད་པའི་འབྲས། །ཆུད་དུ་མ་གསོན་ཐུགས་དམ་དབྱིངས་ནས་བསྐུལ། །ལེགས་ཉེས་གཟིགས་ནས་དྲང་ཤན་ད་ཕྱེ་ཞིག །སངས་རྒྱས་བསྟན་དང་རྡོ་རྗེ་ཐེག་པའི་དགྲ། །བླ་མའི་སྐུ་དགྲ་ཆོས་ལ་ཉེ་བར་འཚེའི། །སྡང་བྱེད་དགྲ་གདོན་བརླག་པའི་འཕྲིན་ལས་མཛོད། །ལོག་འདྲེན་ཁ་དར་ཆོས་བྱེད་ཉམས་དམའ་བས། །ལྷ་ཚོགས་ཐུགས་རྗེའི་སྤྱན་གྱིས་མ་གཟིགས་ན། །དམ་ལྡན་རྗེས་འཇུག་སྐྱབས་མེད་སུ་ལ་རེ། །དེ་ཕྱིར་མ་གཡེལ་འཕྲིན་ལས་མཛད་དུ་གསོལ། །ཅེས་པ་འདི་ནི་གཏེར་གཞུང་དུ་གསལ་ཁ་མེད་པ་དང་། །གསར་དུ་ཁ་འགེང་མཛད་པ་མ་མཆིས་པས། འདི་ལྟ་བུ་དགོས་ཞེས་ལྷག་པའི་ལྷ་འདི་ཡི་དམ་དུ་བསྟེན་པའི་རྣལ་འབྱོར་པ་པདྨ་འཕྲིན་ལས་ཀྱིས་བསྐུལ་བའི་ངོར་གཏེར་ཆེན་བླ་མའི་རྗེས་འཇུག་གྱི་ན་བ་ཨོ་རྒྱན་བསྟན་འཛིན་གྲགས་པས་ཤར་སྟག་མོ་སྒང་སྐལ་བཟང་ཕུན་ཚོགས་གླིང་གི་ཆོས་གྲཱར་སྦྱར་བ་ཛ་ཡནྟུ། སརྦ་མངྒ་ལཾ་བྷ་ཝནྟུ། །


previousགཟུ་དཔང་།next