Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱིན་དབབ་དངོས་གྲུབ་ཆར་འབེབས།
   
   
   
   
   
   


 
previousབྱིན་དབབ་དངོས་གྲུབ་ཆར་འབེབས།next

བྱིན་དབབ་དངོས་གྲུབ་ཆར་འབེབས།

ཟབ་ཆོས་པདྨ་དྲག་ཁྲོས་ཀྱི། བྱིན་དབབ་དངོས་གྲུབ་ཆར་འབེབས་བཞུགས། རྒྱལ་བ་ཀུན་གྱི་སྤྱི་དཔལ་མཚོ་སྐྱེས་སྐུ། །པདྨ་ཐོད་ཕྲེང་རྩ་གསུམ་ཀུན་བདག་ཆེ། །མི་བསྲུན་གདུལ་ཕྱིར་དབང་དྲག་འབར་བའི་གར། །དྲག་པོ་ཁྲོས་པའི་ལྷ་ཚོགས་རྣམས་ལ་འདུད། །དེ་ཡང་ཟབ་ཆོས་པདྨ་དྲག་ཏུ་ཁྲོས་པའི་ཡེ་ཤེས་བྱིན་འབེབས་གཏེར་གཞུང་དུ་མ་གསལ་བས། དབང་སྒྲུབ་སོགས་ཀྱི་སྤྲོས་བཅས་བྱ་བའི་སྐབས་སུ་ཡེ་ཤེས་བྱིན་འབེབས་བྱ་བར་འདོད་ན། དྲི་ཞིམ་གྱི་སྤོས་བསྲེག་རོལ་མོ་འཁྲོལ་ཏེ། སྙན་པའི་དབྱངས་དང་བཅས་ནས། ཧཱུྃ། རྣམ་དག་བདེ་ཆེན་ཞིང་ཁམས་ནས། །འཆི་མེད་མགོན་པོ་འོད་དཔག་མེད་། བདེ་གཤེགས་ཆོས་སྐུའི་འཁོར་དང་བཅས། །སྒྲུབ་པའི་གནས་འདིར་བྱིན་ཆེན་ཕོབ། །རྣལ་འབྱོར་བདག་ལ་དབང་བཞི་བསྐུར། །རི་བོ་ཏ་ལའི་ཕོ་བྲང་ནས། །འཕགས་མཆོག་ལོངས་སྐུ་སྤྱན་རས་གཟིགས། །འགགས་མེད་ལོངས་སྐུའི་འཁོར་དང་བཅས། །སྒྲུབ་པའི་གནས༴ རྣལ་འབྱོར་བདག༴ པདྨ་འོད་ཀྱི་གཞལ་ཡས་ནས། །འགྲོ་མགོན་སྤྲུལ་སྐུ་པདྨ་འབྱུང་། །སྣ་ཚོགས་སྤྲུལ་སྐུའི་འཁོར་དང་བཅས། །སྒྲུབ་པའི་གནས༴ རྣལ་འབྱོར་བདག༴ མཁའ་སྤྱོད་རྣམ་དག་ཕོ་བྲང་ནས། །མཁའ་འགྲོའི་དབང་ཕྱུག་མཚོ་རྒྱལ་མ། །མ་སྲིང་མཁའ་འགྲོའི་འཁོར་དང་བཅས། །སྒྲུབ་པའི་གནས༴ རྣལ་འབྱོར་བདག༴ ཡེར་པ་ལྷ་རི་སྙིང་པོ་ནས། །ལོ་ཆེན་ཀླུ་ཡི་དབང་པོ་ལ། །སྒྲ་བསྒྱུར་ལོ་ཙཱའི་འཁོར་དང་བཅས། །སྒྲུབ་པའི་གནས༴ རྣལ་འབྱོར་བདག༴ སྲིང་རྫོང་རྡོ་རྗེའི་ཀེའུ་ཚང་ནས། །རིག་འཛིན་ཆེན་པོ་འགྲོ་འདུལ་གླིང་། །ལས་ཅན་དག་པའི་འཁོར་དང་བཅས། །སྒྲུབ་པའི་གནས༴ རྣལ་འབྱོར་བདག༴ སྤྱི་གཙུག་བདེ་ཆེན་ཕོ་བྲང་ནས། །འདྲེན་མཆོག་རྩ་བའི་བླ་མ་ལ། །དྲིན་ཐོབ་ཡོངས་འཛིན་འཁོར་དང་བཅས། །སྒྲུབ་པའི་གནས༴ རྣལ་འབྱོར་བདག༴ དབང་དྲག་རོལ་པའི་ཕོ་བྲང་ནས། །པདྨ་དྲག་པོ་ཐོད་འཕྲེང་རྩལ། །དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས། །སྒྲུབ་པའི༴ རྣལ་འབྱོར༴ དྲག་རྩལ་འབར་བའི་ད་ལ་ནས། །དམ་ཅན་རྒྱ་མཚོ་བསྲུང་མའི་ཚོགས། །ལས་བྱེད་བྲན་གཡོག་འཁོར་དང་བཅས། །སྒྲུབ་པའི༴ རྣལ་འབྱོར་བདག༴ ཅེས་བརྗོད། །དེ་ལྟར་ཡི་དམ་ལྷག་པའི་ལྷ་ཡི་མཆོག །དབང་དྲག་ཁྲོ་རྒྱལ་དྲག་པོར་སྒྲུབ་པའི་ཐབས། །ཆེས་ཟབ་རྒྱལ་བཀའ་འཁྲུལ་མེད་ཟབ་གཏེར་ཆོས། །གདམས་པའི་ནང་ཚན་ཕྲིན་ལས་ལས་གཞུང་དུ། །ཡེ་ཤེས་བྱིན་འབེབས་གསལ་ཁ་མ་མཆིས་པར། །བྱིན་དབབ་རིམ་པ་འདི་ལྟར་ཁ་སྐོང་ཞིག །དགོས་ཞེས་བཙུན་པ་ཡེ་ཤེས་རྡོ་རྗེ་ཡིས། །ནན་ཏན་ཡང་ཡང་བསྐུལ་ངོ་མ་ལྡོག་ཙམ། །ཨོ་རྒྱན་འགྱུར་མེད་བསྟན་འཕེལ་རྒྱ་མཚོས་སྦྱར། །འདི་བཞིན་སྤྲོས་བཅས་སྐབས་སུ་ལན་རེ་ཙམ། །མཛད་ཀྱང་རུང་ལ་མ་གྲུབ་ཡེ་མི་འགལ། །སྤྲོས་སྐབས་དབང་སྒྲུབ་འདྲ་ཡི་དུས་མ་གཏོགས། །རྒྱུན་དུ་མི་དགོས་འདོན་པའི་དགོས་པ་ཆུང་། །ཅེས་ནན་ཏན་དུ་སྨྲས་པའོ། །མངྒ་ལཾ། །


previousབྱིན་དབབ་དངོས་གྲུབ་ཆར་འབེབས།next