Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྙེན་པའི་ཡི་གེ་ནམ་མཁའི་ནོར་བུ།
   


 
previousབསྙེན་པའི་ཡི་གེ་ནམ་མཁའི་ནོར་བུ།next

བསྙེན་པའི་ཡི་གེ་ནམ་མཁའི་ནོར་བུ།

ཟབ་ཆོས་པདྨ་དྲག་ཁྲོོས་ཀྱི་བསྙེན་པའི་ཡི་གེ་ནམ་མཁའི་ནོར་བུ་ཞེས་བྱ་བ་བཞུགས། བླ་མ་དང་དབང་དྲག་པདྨ་དབྱེར་མ་མཆིས་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འབར་ཕྲེང་འཁྲུགས་པའི་བསྐལ་མེའི་ཀློང་དཀྱིལ་ནས། །རབ་འཇིགས་སྐུ་དང་རྡོ་རྗེའི་གད་མོ་ཡིས། །མི་བསྲུན་བདུད་སྡེའི་སྲོག་སྙིང་འགས་མཛད་པའི། །རྡོ་རྗེ་ཐོད་ཕྲེང་ཁྲོ་བོའི་རྒྱལ་པོར་འདུད། །གང་གི་གསང་གསུམ་ལྷ་སྔགས་བདེ་ཆེན་གྱི། །རྣམ་པར་རོལ་པ་གྲུབ་གཉིས་འདོད་པའི་འབྲས། །ཚེགས་མེད་མྱུར་དུ་འགྲུབ་པ་སྒྲུབ་ཐབས་ཀྱི། །གསལ་བྱེད་བསྙེན་པའི་ཡི་གེ་འོད་སྟོང་ཅན། དེང་འདིར་སྤྲོའོ་མི་ཤེས་མུན་པའི་སྨག །ཕ་མཐར་བྱས་ཏེ་ཤེས་བརྩོན་ལྡན་པ་འགའི། རྣམ་དཔྱོད་བློ་མིག་ཡངས་པས་མཆོག་ཐུན་གྱི། དངོས་གྲུབ་དགའ་སྟོན་དཔལ་ལ་ད་སྤྱོད་ཅིག །གང་ཞིག་བླ་མ་དྲག་པོའི་བསྙེན་སྒྲུབ་ལ་ཞུགས་པར་འདོད་ན། སྔོན་འགྲོ་དང་དངོས་གཞི་རྗེས་ཀྱི་རིམ་པ་གསུམ་ལས་དང་པོ་འདི་ཉིད་གྱི་དབང་བཀའ་ལུང་གདམས་ངག་དང་བཅས་པ་རྫོགས་པར་ནོད་ནས་ཕྱི་ནང་གི་ཉེར་འཚེས་དབེན་པའི་གནས་སུ་གཟའ་སྐར་སྦྱོར་བྱེད་སོགས་དགེ་ཞིང་ཤིས་པའི་ཉིན། རྩ་གསུམ་སྤྱི་དང་བྱེ་བྲག་གི་སྐུ་གསུང་ཐུགས་རྟེན་བཤམས་པའི་མདུན་དུ་སྔར་དུལ་བའི་བསྒྲུབ་གནས་ཡུལ་དགོན་ཡིན་ན་ཆེད་གཉེར་དུ་མ་འགྲུབ་ཀྱང་མི་འགལ་ཞིང་། དེ་མིན་ས་བརྟག་སླང་སྦྱང་བ་སོགས་བྱས་ནས་གཞུང་ལྟར་སྟེགས་བུ་རྡུལ་ཚོན་གྱི་དཀྱིལ་འཁོར་རམ། ཡང་ན་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འབྱོར་ན་འབྲུ་ཡི་ཚོམ་བུ་ལྷ་གྲངས་དང་མཐུན་པ་བཀོད་པའི་སྟེང་དུ། མཉྫིའི་ཁར་སྒྲུབ་གཏོར་རིན་ཆེན་འབར་བའི་དབྱིབས་ཅན་མེ་རི་རྒྱན་སྤྲོས་སོགས་གང་ལེགས་བགྱིས་པར་གཙོ་བོའི་ཙཀ་ལི་རྒྱབ་ཡིག་སྙིང་པོ་གསེར་གྱིས་བྲིས་པ་དར་དམར་ནག་གི་གུར་ཕུབ་པ་བཙུགས། གཡས་གཡོན་དུ་སྨན་རཀ་བྱང་ཤར་ནས་བརྩམས་ཏེ་གཡས་སྐོར་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང་། བདུད་བཙན་ཀླུ་གསུམ་དང་གཞན་ཡང་རང་གི་ཆོས་སྲུང་གང་བྱེད་ཀྱི་གཏོར་མ་རྣམས་བཀོད་མཛེས་སུ་བཤམས། དེ་ཡང་རང་ཉིད་ཁ་ནུབ་ཕྱོགས་སུ་བལྟ་བའི་གདན་གྱི་འོག་ཏུ་ས་དཀར་གྱི་གཡུང་དྲུང་རིས་བྲི་ཞིང་། མཚམས་རྒྱུན་རིང་ཐུང་ཅི་བྱེད་ཀྱི་ངེས་པ་ལྡན་པས་ཕྱི་ནང་གི་ཀ་ཅ་གཏོང་བ་དང་ཡིག་འགྲུལ་སོགས་དགོས་ངེས་མ་གཏོགས་སྤངས་ཤིང་གལ་ཤིན་ཏུ་ཆེ་བའི་འབྱིན་འཇུག་དགོས་རིགས་རྣམས་མིག་ལམ་དུ་ཆུད་པའི་ཉེར་བསྡོག་བྱ་ཞིང་དེ་ཡང་རང་ཉིད་དང་པོ་དགོང་ཐུན་ནས་འཇུག་པར་བྱ་སྟེ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་འབྲས་བསླུ་མེད། ཐར་པ་དོན་གཉེར་གྱི་སྐྱབས་སེམས། སྡིག་སྦྱངས་ཡིག་བརྒྱ། ཚོགས་བསག་མཎྜལ། བླ་མའི་རྣལ་འབྱོར་དང་བརྒྱུད་པའི་གསོལ་འདེབས་སོགས་རྒྱུད་དང་ངེས་པར་འདྲེས་པ་བྱས་ནས་དཀར་ཕྱོགས་གཞི་བདག་ལ་གཙང་གཏོར་ཕུལ་ཞིང་བར་ཆད་མི་འབྱུང་བའི་འཕྲིན་ལས་བཅོལ། ནག་ཕྱོགས་བགེགས་རིགས་རྣམས་ལ་གླུད་གཏོར་ཆང་བུ་སྦྱིན་ཞིང་བཀའ་བསྒོ་མཚམས་གཅོད། དེ་ནས་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་གྱི་སྒྲུབ་ཁོག་ལས་འབྱུང་བ་ལྟར། སྤྲོ་ན་རྒྱལ་ཆེན་བཞིའི་ཐོ་བྱང་བཙུགས་ཏེ་གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ། དེ་ལྟར་མ་གྲུབ་ཀྱང་ཕྱི་སྒོ་རྟ་མགྲིན་དང་ནང་སྒོ་བདུད་རྩི་འཁྱིལ་བ་གཉིས་ཀྱི་སྐུ་རབ་གནས་ཅན་བཏགས་ལ། ཡེ་ཤེས་བསྐྱེད་བསྟིམ་གཏོར་མ་འབུལ་ཞིང་བསྲུང་མཚམས་ཀྱི་འཕྲིན་ལས་གཉན་པོ་བཅོལ། དེ་ནས་དངོས་གཞི་ལས་གཞུང་གི་སྐྱབས་སེམས་མཆོད་པ་བྱིན་བརླབས་བྱིན་འབེབས་བཅས་གྲུབ་ནས། བདག་མདུན་གཉིས་ལས་གཞུང་གཅིག་གི་ཁོངས་ནས་ཞལ་སྤྲོད་མེ་རི་འདབས་འབྱར་གྱི་ཚུལ་དུ་གསལ་བར་བསྐྱེད། སྤྱན་འདྲེན་ནས་བཟུང་བཟླས་པ་ལ་ཐུག་གི་བར་བྱ་ཞིང་། ཕྲེང་བ་བྱིན་བརླབས་དང་དབྱངས་གསལ་རྟེན་འབྲེལ་སྙིང་པོ་བཅས་ཉེར་གཅིག་གམ་བདུན་སོགས་གང་འགྲུབ་བཟླས་ཤིང་། བདག་ཉིད་དབང་དྲག་པདྨར་གསལ་བའི་སྐུ་ལ་གསེར་གྱི་རྡོ་རྗེའི་གོ་ཁྲབ་གསོལ་བའི་བར་མཚམས་དྲ་མིག་རྣམས་སུ་ལྕགས་སྡིག་གིས་གཏམས་པར་བསམ་ལ། ཐུགས་ཀར་གསེར་གྱི་མཆོད་རྟེན་གྱི་བུམ་པའི་ནང་དུ་ཕྱག་ན་རྡོ་རྗེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ཀྱི་སྟེང་དུ། ཐུགས་སྲོག་ཧཱུྃ་ཡིག་དམར་པོ་ཞིག་ཏུ་གསལ་བའི་མདུན་ནས་བརྩམས་ཏེ་གཡས་སྐོར་དུ། ཨོཾ་ཨཱཿཧཱུྃ། ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཅེས་པའི་སྔགས་འབྲུ་རྣམས་འགྲེངས་སྟབས་སུ་རང་སྒྲ་དང་བཅས་ཀྱི་ལི་ལི་འཁོར་བར་བསྒོམ། སྔགས་འབྲུ་རྣམས་བརྟེན་སའི་འོད་ཀྱི་ཕྲེང་ཐག་དམར་པོ་གཡོན་དུ་འཁོར། དེ་དག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཕྱོགས་བཅུར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་མདུན་གྱི་ནམ་མཁར་བཞུགས་པར་བསྒོམ། །དེ་དག་ལ་མཆོད་པ་ཕུལ་བས་ཐུགས་རྗེ་ནུས་པ་བྱིན་བརླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ་བདག་མདུན་རྣམས་ལ་ཐིམ་པས་གཟི་བྱིན་ནུས་པ་ཆེས་ཆེར་རྒྱས་པར་བསྒོམ། ཡང་ཐུགས་སྲོག་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། སྟེང་དུ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་རྩིབས་དབལ་ཤིན་ཏུ་རྣོ་བའི་རྩེ་རྣམས་སུ་མཚོན་ཆ་སྣ་ཚོགས་དང་མེ་རབ་ཏུ་འབར་བ་དང་། རྩིབས་མཆན་རྣམས་སུ་གནམ་ལྕགས་ཀྱི་སྡིག་པ་རེ་རེས་མཚན་པ་གཡས་སུ་འཁོར་བ། ཡང་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་ཏུ་མེ་ཡི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་མེ་ལྕེ་རབ་ཏུ་འབར་ཞིང་འཚེགས་པ་གཡོན་བསྐོར་དུ་འཁོར་བར་བསྒོམ་ཞིང་། འཁོར་ལོ་དེ་གཉིས་གཡས་གཡོན་དུ་དྲག་ཏུ་འཁོར་བའི་རྩིབས་བར་དུ་གནོད་བྱེད་གདོན་བགེགས་ཐམས་ཅད་སྲེག་བཅད་གཏུབས་ཏེ་ལྕགས་སྡིག་གིས་དམར་ཆེམ་ཆེམ་ཟ་བར་བསྒོམ། སྟེང་འོག་གི་འཁོར་ལོ་དེ་གཉིས་དཔེར་ན་ཕོར་པ་ཁ་སྦྱར་བ་ལྟ་བུའི་ནང་ཁོངས་སུ་སྲུང་འཁོར་གཞལ་ཡས་དང་བཅས་པ་གསལ་བར་བསྐྱེད་དགོས་རྒྱུ་ཡིན། སླར་ཡང་ཧཱུྃ་ལས་ཧཱུྃ་ཡིག་དམར་པོ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས་པས་སྟོང་གསུམ་ཐམས་ཅད་ཧཱུྃ་གིས་གང་། དེ་ཐམས་ཅད་གནས་གྱུར་ཏེ་ཁྲོ་བོ་ཡཀྴ་མེ་དབལ་སྐུ་མདོག་སྨུག་ནག་གཡས་མེ་ཡི་ཐོ་བ་དང་གཡོན་ཞགས་པ་འཛིན་པ་དཔག་ཏུ་མེད་པར་གྱུར་ནས་ལྷ་སྲིན་སྡེ་བརྒྱད་རྒྱལ་བསེན་འབྱུང་པོ་སོགས་གནོད་བྱེད་ཐམས་ཅད་བསྐྲད་གཟིར་མནན་བསྲེག་གཏུབས་ཏེ་ཐལ་བར་བརླག་པའི་དམིགས་པ་ཡང་ཡང་གསལ་བར་བྱ་ཞིང་ཐུན་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ། བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ སྡེ་བརྒྱད་འབྱུང་པོའི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བཏགས་པ་བརྒྱ་རེ་ཙམ་བཟླས་མཐར་མཆོད་བསྟོད་བྱ་ཞིང་ཚེ་དཔག་མེད་སོགས་གོ་ཆའི་ལྷ་རྣམས་ཀྱི་བསྙེན་པ་ཉུང་ཙམ་རེ་བྱས་ནས། སྐབས་འདིར་རང་གི་ཆོས་སྲུང་གང་བྱེད་ཀྱི་གཏོར་འབུལ་དང་འདི་ཉིད་ཀྱི་བཀའ་སྲུང་འབར་བ་ལྕམ་དྲལ་ལ་གཏོར་འབུལ་གྲུབ་ནས། ཚོགས་འཁོར་བསྐང་བཤགས་བསྒྲལ་སྟབ་བཟློག་པ་ལྷག་མ་ཆད་ཐོ་བསྟན་མ་བྲོ་བརྡུང་སྨོན་ལམ་ཤིས་བརྗོད་བཅས་རྒྱས་པར་གྲུབ་ནས་ཐུན་གྲོལ། དེ་ནས་སྲོད་ཐུན་ལ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་ངག་བྱིན་བརླབས་གྲུབ་ནས་ལྷ་བསྐྱེད་ནས་བཟླས་པའི་བར་བྱ་ཞིང་། བསྙེན་བསྒྲུབ་ཀྱི་དམིགས་པ་དང་མཐར་གོ་ཆའི་ལྷ་རྣམས་ཀྱི་བསྙེན་པ་སོགས་དགོང་ཐུན་བཞིན་བྱ་ཞིང་ཐུན་གྲོལ། ཉལ་བའི་ཚེ་ཐུགས་སྲོག་ལ་སེམས་གཏད་པའམ་ཡང་ན་ཀ་དག་གི་ངང་དུ་ཉལ། ཐོར་ཐུན་གྱི་སྐབས་སུ་གཉིད་ལས་ལྡང་སྟེ་སྐད་ཅིག་གིས་ཆུ་ལས་ཆུ་བུར་བརྡོལ་བ་བཞིན་བསྐྱེད་རིམ་གསལ་བའི་ཁར། བཟླས་པ་ཅུང་ཟད་བྱས་རྗེས་ཚོགས་ཐོག་མཐའ་བར་གསུམ་དུ་བཏང་ཞིང་སྨོན་ལམ་དང་ཤིས་བརྗོད་བྱ། དེ་ནས་ངག་བྱིན་རླབས་ཆོས་སྤྱོད་ཀྱི་རིམ་པ་བརྒྱུད་པའི་གསོལ་འདེབས་བཅས་གྲུབ་ནས་ལས་གཞུང་བསྲང་ཞིང་བཟླས་པ་ནས་བཟུང་ཐུན་གྲོལ་བའི་བར་སྔར་དང་འདྲ། དེ་ནས་སྔ་ཐུན་ལ་ངག་བྱིན་རླབས་ནས་འཛབ་བཟླས་དམིགས་པ་ནས་ཐུན་གྲོལ་བའི་བར་སྔར་བཞིན་ནོ། །དེ་ནས་དགོང་ཐུན་ལ་འཇུག་པ་སོགས་མཐར་ཆགས་སུ་ཐུན་བཞིའི་ཁྲིགས་དེ་ལྟར་བྱ་ཞིང་། ཐོར་ཐུན་གྱི་རྩ་བསྙེན་གཤམ་དུ། ཨོཾ་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་ཉེར་གཅིག་གམ་བདུན་གང་འགྲུབ་བཟླ་ཞིང་སྣོད་བཅུད་རྟེན་བརྟེན་པ་སྔགས་ཕྲེང་འོད་ཟེར་དང་བཅས་པ་དཀར་པོ་འབའ་ཞིག་ཏུ་བསམ་ཞིང་། འོད་ཟེར་སྤྲོ་བསྡུས་རང་གཞན་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་སང་དག་པར་བསམ། སྔ་ཐུན་གྱི་མཇུག་ཏུ། སྭཱ་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་དང་སྣོད་བཅུད་དཀྱིལ་འཁོར་འོད་ཟེར་དང་བཅས་པ་ཐམས་ཅད་སེར་པོར་བསྒོམ་ཞིང་འོད་ཟེར་གྱིས་རང་གཞན་གྱི་ཚེ་བསོད་དཔལ་འབྱོར་ཐམས་ཅད་ཡར་ཟླ་ལྟར་འཕེལ་བར་བསམས། དགོང་ཐུན་གྱི་མཇུག་ཏུ་ཧཱ་ལྷ་འདྲེ་མི་གསུམ་ཐམས་ཅད་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་དང་། ལྷ་ཚོགས་ཐམས་ཅད་གཞལ་ཡས་འོད་ཟེར་དང་བཅས་པ་ཐམས་ཅད་དམར་པོ་གཟི་བརྗིད་འབར་བར་བསྒོམ་ཞིང་། འཕྲོ་འདུའི་འོད་ཟེར་གྱིས་འཁོར་འདས་བརྟན་གཡོ་ཐམས་ཅད་དབང་དུ་འདུ་བར་བསམ། སྲོད་ཐུན་གྱི་མཇུག་ཏུ་ཧཱུྃ་གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ རྟེན་བརྟེན་པ་སྔགས་ཕྲེང་འོད་ཟེར་ཐམས་ཅད་ཁ་དོག་སྔོན་པོ་དང་ལྗང་གུ་ནག་པོར་བསྒྱུར་ནས་དགྲ་བགེགས་གནོད་བྱེད་སྤྱི་དང་ཁྱད་པར་རྒྱལ་བསེན་དམ་སྲི་སོགས་གང་ལ་དམིགས་པ་ཐམས་ཅད་ལ་སྤྲུལ་པའི་ཕོ་ཉ་ཡཀྴ་མེ་དབལ་དང་། ལྕགས་སྡིག་གི་དམིགས་པ་དྲག་ཏུ་སྤྲོ་ཞིང་ཐམས་ཅད་ཚར་བཅད་པར་བསམ་པ་ནི་ལས་བཞིའིཤམ་བུ་སྟེ་རབ་ཏུ་གཅེས་སོ། དེ་ལྟར་རྩ་བའི་སྙིང་པོ་ཨརྩིག་འབྲུ་བཅོ་ལྔ་པ་རབ་འབྲུ་འབུམ། འབྲིང་བྱེ་བ། ཐ་ནའང་འབུམ་ལྔ་ལས་མི་ཉུང་བ་བཟླས་པས་གྲངས་ཀྱི་བསྙེན་པ་ནི་ཟིན། དུས་དང་རྟགས་ཀྱི་རིམ་པ་ནི་སྒྲུབ་པ་པོ་གང་ཟག་གི་རིམ་པ་དང་བརྩོན་འགྲུས་ཆེ་ཆུང་གི་ཁྱད་པར་རོ། །འབྲུ་འབུམ་བྱེད་ཚེ་ཨ་ཡ་མ་དུ་རུ་ཙ་ཤ་ན་བཏགས་པའི་ལས་སྔགས་འབུམ་ཕྲག་གསུམ་ཙམ་དང་། དེ་ལས་ཉུང་བར་བྱེད་ཚེ་འབུམ་གཉིས་དང་གཅིག་སོགས་གང་རུང་བྱེད། ལས་བཞིའི་ཤམ་བུ་ནི་འབུམ་ཚོ་དང་ཁྲི་ཚོ་སྟོང་ཚོ་སོགས་རིགས་པས་འཁྲོལ་ཤེས་བྱ་ཞིང་། བསྙེན་བསྒྲུབ་ཀྱི་དམ་ཚིག་གི་སྤང་བླངས་རྣམས་གསང་བ་སྤྱི་འགྲོས་བཞིན་ངེས་པར་བྱ་ཞིང་མ་ཉམས་པར་སྲུངས། རྗེས་ཀྱི་རིམ་པ་ནི་མཚམས་གྲོལ་བའི་ཚེ་ཐོར་ཐུན་གྱི་བཟླས་པའི་དུས་སུ་འོད་ཟེར་སྤྲོ་བསྡུས་ཕྱོགས་བཅུའི་ཞིང་ཁམས་སྤྱི་དང་ཁྱད་པར་མདུན་བསྐྱེད་ལས་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཐམས་ཅད་བསྡུ་བའི་དམིགས་པ་བྱ་ཞིང་། མཇུག་ཏུ་བཀའ་སྲུང་ལ་གཏོར་འབུལ་དང་ཚོགས་འཁོར་བསྐང་བ་བསྒྲལ་སྟབ་བཟློག་པ་ཡན་གྲུབ་ནས། ཧཱུྃ། དབང་དྲག་པདྨའི་ལྷ་ཚོགས་རྣམས། ཞེས་སོགས་གཏེར་སྟོན་གྱིས་མཛད་པའི་དངོས་གྲུབ་ལེན་ཆོག་དང་རྩ་བསྙེན་མཇུག་ཏུ་ཀ་ཡ་ཝཀ་ཙིཏྟ་སརྦ་སིདྡྷི་སོགས་བཏགས་པ་བཟླ་ཞིང་སྒྲུབ་གཏོར་གནས་གསུམ་དུ་རེག །སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཐམས་ཅད་ཐོབ་པའི་དམིགས་འདུན་རྩེ་གཅིག་ཏུ་བྱ། དེ་ནས་ལྷག་མ་དང་བཀའ་སྲུང་བསྐུལ་གཏོར་མ་གཙང་སར་གཤེགས། ཆད་ཐོ། བསྟན་སྐྱོང་། བྲོ་བརྡུང་། ཡེ་ཤེས་པ་གཤེགས་དམ་ཚིག་པ་བསྡུ་ཞིང་བསྔོ་སྨོན་ཤིས་བརྗོད་བཅས་རྒྱས་པར་བྱ་ཞིང་། སླར་མཆོད་པ་གཏོར་མ་རྣམས་གསར་བ་རྒྱ་ཆེན་པོ་བཤམས་ཤིང་ལས་གཞུང་བསྲང་ཞིང་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་འབུལ་ཚོགས་འཁོར་བསྐང་བཤགས་སྨད་ལས་ཀྱི་རིམ་པ་རྒྱས་པར་བྱའོ། །དེ་ནས་གོ་ཆའི་ལྷ་རྣམས་བསྙེན་པར་འདོད་ན་དཀྱིལ་འཁོར་གཏོར་མ་སྒྲུབ་རྫས་སོགས་རང་རང་གཞུང་བཞིན་བཤམས་ནས། ཐོག་མར་ཚེ་དཔག་མེད་ལྟ་བུ་ལ་མཚོན་ན་དྲག་ཁྲོས་ལས་བྱང་གཞུང་བསྲངས་ཏེ་རྩ་བསྙེན་ལས་སྔགས་བཅས་མང་ཉུང་གང་འགྲུབ་བཟླས་རྗེས་མཆོད་བསྟོད་བྱས་ནས། སྔར་གྱི་བསྐྱེད་པ་རྣམས་སྐད་ཅིག་གིས་སྟོང་པར་སྦྱངས་ནས་བདག་མདུན་རྣམས་ཚེ་དཔག་མེད་དུ་བསྐྱེད་ཅིང་བཟླས་པ་དང་དམིགས་རིམ་སོགས་གཞུང་བཞིན་བྱ་ཞིང་། ཐུན་བཞིའི་ངེས་པ་སོགས་གོང་ལྟར་བྱ། འདི་རྣམས་ལ་དགོང་ཐུན་གྱི་སྐབས་སུ་ཚོགས་འཁོར་སོགས་རྒྱས་པར་བྱ་ཞིང་ཐུན་གཞན་རྣམས་ལ་མ་འགྲུབ་ཀྱང་མི་འགལ། མཚམས་གྲོལ་བའི་ཚེ་སྒྲུབ་རྫས་ལ་དངོས་གྲུབ་དབང་བཞི་ཏིང་ངེ་འཛིན་གྱི་བླང་བ་སོགས་གོང་དུ་བཤད་པ་ལྟར་བྱ། དེས་རིགས་མཚོན་ཏེ་འཇམ་དཔལ་སོགས་གཞན་རྣམས་ཀྱང་རིག་འདྲེས་ཤེས་པར་བྱའོ། རྒྱལ་ཀུན་ངོ་བོ་དཀྱིལ་འཁོར་ཀུན་གྱི་མགོན། །རྡོ་རྗེའི་སློབ་དཔོན་དྲག་པོར་སྒྲུབ་པའི་ཐབས། །མང་ཡང་ཆེས་ཟབ་རེ་འབྲས་མྱུར་སྩོལ་བ། །དཀོན་པའི་ཚད་དུ་ཆེ་བའི་བསམ་འཕེལ་བཞིན། །དེ་ཕྱིར་ལམ་འདིའི་ཞལ་ཤེས་གདམས་པ་རྣམས། །རིག་འཛིན་སྐབས་གསུམ་དབུས་ན་དབང་པོ་ལྟར། །མངོན་པར་མཐོ་བའི་གཏེར་ཆེན་ཆོས་ཀྱི་རྒྱལ། །གང་གི་བཞེད་གཞུང་མ་འཁྲུལ་གསལ་བར་བྱས། དེ་ཡི་དགེ་བས་པདྨ་འོད་ཀྱི་ཞིང་། །ལོག་ནས་མི་འཚོལ་རང་སེམས་རྩལ་ཤར་བར། །ཡིད་ཆེས་ཐག་ཆོད་ངེས་པ་བརྟན་པོ་ཡིས། །ཨོ་རྒྱན་རྡོ་རྗེ་འཆང་གི་ས་ཐོབ་ཤོག །དེ་ལྟར་ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་བསྙེན་ཡིག་འདི་ནི། སྡེ་བ་རིན་པོ་ཆེ་མི་འགྱུར་ཚེ་དབང་གིས་བསྐུལ་བ་དང་གཞན་ཡང་ཆོས་ཚུལ་འདི་ཉིད་ཀྱི་བསྟན་པ་ལ་ཕན་དུ་རེ་བའི་བློས། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ས་ལུག་ཐ་སྐར་གྱི་ཉ་བའི་ཡར་ཚེས་ལ་བཀྲ་ཤིས་སྟེང་དུ་སྦྱར་བ་མངྒ་ལཾ། ཀུཪྺནྟུ།། །།


previousབསྙེན་པའི་ཡི་གེ་ནམ་མཁའི་ནོར་བུ།next