Nitartha Digital Library
Tibetan
 
previousལས་བྱང་གནམ་ལྕགས་གོ་ཁྲབ།next

ལས་བྱང་གནམ་ལྕགས་གོ་ཁྲབ།

ཀླུ་བདུད་ནག་པོའི་གདམས་པ་ལས༔ ལས་བྱང་གནམ་ལྕགས་གོ་ཁྲབ་བཞུགས༔ ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ༔ ཡིད་དང་མཐུན་པའི་གནས་ཉིད་དུ༔ སྨན་གཏོར་མཆོད་པའི་བྱེ་བྲག་བཤམས༔ བསྙེན་སྒྲུབ་དབང་སོགས་གང་བརྩམས་ཀྱང་༔ ལས་གཞུང་འདི་ལྟར་གྱེར་བསྒོམ་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ ཆོས་སྐུ་གསང་བདག་ལོངས་སྐུ་འཇམ་དཔལ་དབྱངས༔ སྤྲུལ་སྐུ་ཁྲོ་རྒྱལ་ནཱ་ག་རཀྴ་ལ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ དབང་དྲག་འཕྲིན་ལས་སྒྲུབ་ཕྱིར་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི༔ ཧཱུྃ༔ སྡུག་བསྔལ་འགྲོ་བ་བདེ་ལྡན་ཕྱིར༔ ཁྲོ་རྒྱལ་འབར་བའི་ཏིང་འཛིན་བསྒོམ༔ དྲག་པོའི་འཕྲིན་ལས་བསྒྲུབ་ནས་ཀྱང་༔ འགྲོ་དོན་སྒྲུབ་པར་སེམས་བསྐྱེད་དོ༔ མཚམས་གཅོད་པ་ནི༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ འབར་བ་དྲག་པོའི་ཏིང་འཛིན་གྱི༔ ཐུགས་ལས་ཁྲོ་ཆུང་ཚ་ཚྭ་འཕྲོ༔ ལྷའམ་འོན་ཏེ་གནོད་པའི་བགེགས༔ ཀླུ་དང་ས་བདག་རྡུལ་དུ་བརླག༔ ཚིནྡྷ་ཚིནྡྷ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་མཱ་ར་ཡ་ཧཱུྃ་ཕཊ༔ རཀྵ་རཀྵ་སྭཱ་ཧཱ༔ མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ དྲག་པོའི་དཀྱིལ་འཁོར་ཆེན་པོ་འདིར༔ ཕྱི་ནང་གསང་བའི་མཆོད་གཏོར་རྣམས༔ རྣམ་དག་བདུད་རྩིའི་རང་བཞིན་ལ༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་གཏིབས༔ ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ༔ གཞལ་ཡས་བསྐྱེད་པ་ནི༔ ཧཱུྃ༔ བློ་འདས་དབྱིངས་ལས་བརྩེ་བའི་འཕྲུལ༔ གནམ་ལྕགས་རྡོ་རྗེ་ཐུགས་སྲོག་ཕེ༔ འོད་ཟེར་འཕྲོ་འདུའི་སྦྱོར་བ་ལས༔ བཾ་ལས་ཆུ་ཡི་རྒྱ་མཚོའི་ཀློང་༔ ཏྲཾ་༼གནམ་ལྕགས་རྡོ་རྗེ་ཡི་གེ་ཏྲཾ་དུ་གྱུར་པ་ལསཿ༽ལས་རིན་ཆེན་གཞལ་ཡས་ཁང་༔ ཀླུ་དང་ས་བདག་ཀ་གདུང་བྲེས༔ ཉ་སྦྲུལ་སྡོམ་སྡིག་ཛ་རས་བཏེག༔ ཐོག་ནི་རུས་སྦལ་ལྤགས་པས་ཁྱབ༔ ཕྱོགས་བཞིར་ཆུ་སྲིན་གྲེ་བའི་སྒོ༔ ཐར་མེད་ཕོ་བྲང་དུག་རླངས་འཚུབ༔ སྐྱི་བུང་ཡ་ང་དྲག་པོའི་ཞིང་༔ གྲུ་གསུམ་དམར་ནག་འབར་བའི་དཀྱིལ༔ ཀླུ་དང་ས་བདག་འབུམ་ཁྲིའི་སྟེང་༔ རང་རིག་ཐུགས་སྲོག་ཡི་གེ་ཕེ༔ སྤྲོ་བསྡུ་སྦྱོར་བས་ཁྲོ་རྒྱལ་སྐུ༔ ཀླུ་སྲིན་མི་གདུག་ཁྲོས་པའི་གཟུགས༔ སྐུ་ནི་རི་རབ་ལོག་དང་མཉམ༔ སྦྲུལ་མཇུག་རྒྱ་མཚོའི་གཏིང་དུ་ཁྱབ༔ དབུ་དགུ་ཕྱག་ནི་བཅོ་བརྒྱད་འབར༔ དྲག་ཏུ་ཁྲོས་པ་སྲིན་པོའི་ཞལ༔ དུག་ཆེན་ཧ་ལའི་མདོག་ལྟར་འཇིགས༔ སྦྲུལ་མགོའི་བར་སྣང་སྤྲིན་ལྟར་ཁྱབ༔ གཡས་བརྒྱད་གནམ་ལྕགས་གྲི་གུག་གིས༔ ཀླུ་གཉན་འབུམ་ཁྲི་ཁྲུམ་ཁྲུམ་གཏུབ༔ གཡོན་བརྒྱད་ཟངས་ལྕགས་འཁོར་ལོ་བསྐོར༔ ཤ་རུས་དོན་སྙིང་རྡུལ་དུ་བརླག༔ ཞལ་ནས་ཨིག་ཤིའི་སྒྲ་སྒྲོག་ཅིང་༔ གང་ལ་དམིགས་པ་ཀྲུམ་ཀྲུམ་འཆའ༔ ཀླུ་མོ་སྤྱན་གཅིག་ལུས་གྲིབ་ལྟར༔ གཡས་པ་གྲི་གུག་གཡོན་སྦྲུལ་ཞགས༔ ཀླུ་དང་ས་བདག་གཤེད་མར་བསྒོམ༔ ཧཱུྃ༔ ཨ་ཝ་གླང་མགོ་གདུག་པ་སྦྲུལ་གྱི་མགོ༔ གཡས་གཡོན་བཀའ་ཉན་ལྕགས་ཀྱུ་ཞགས་པ་ཅན༔ སྐུ་མདོག་སེར་ནག་ཁྲོ་གཏུམ་དོར་སྟབས་བགྲད༔ ལས་བྱེད་ཕོ་ཉ་དྲག་པོའི་ཐུགས་ལས་སྤྲུལ༔ གཞན་ཡང་སྤྲུལ་པ་ཡང་སྤྲུལ་ཕོ་ཉའི་ཚོགས༔ ཁྲོ་བོ་ཁྲོ་མོ་བྱ་ཁྱུང་སྤྲིན་ལྟར་གཏིབ༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་སྤྲོས་མེད་གསང་བདག་ཐུགས་ཀློང་ནས༔ འགག་མེད་ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེའི་གཤེད༔ གཟུགས་སྐུ་དྲག་པོའི་ཆ་ལུགས་འཇིགས་པའི་གཟུགས༔ དུག་ལྔ་མེ་ལྟར་འབར་བའི་དབྱིངས་ནས་བཞེངས༔ དུག་གསུམ་ཆུ་ལྟར་ཁོལ་བའི་གཞལ་ཡས་འདིར༔ ཀླུ་བདུད་ནག་པོ་ཡབ་ཡུམ་སྤྲུལ་འཁོར་བཅས༔ མ་ལུས་འཁོར་བཅས་མ་ཐོགས་མྱུར་དུ་གཤེགས༔ ནཱ་ག་རཀྴ་ས་མ་ཡ་ཛཿཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དྲག་པོའི་གཞལ་ཡས་ཀླུ་གཉན་འབུམ་ཁྲིའི་སྟེང་༔ ཀླུ་ཡི་སྲིན་པོ་མི་བཟད་འཇིགས་པའི་སྐུ༔ དམ་ཚིག་ཡེ་ཤེས་གཉིས་མེད་བརྟན་པར་བཞུགས༔ ཕྱག་ནི༔ ཧཱུྃ༔ ཁྲོ་མཆོག་རྒྱལ་པོ་འཇམ་དཔལ་གཤིན་རྗེའི་གཤེད༔ ཁྱོད་ནི་སྔོན་ནས་འབྲལ་མེད་གསང་བའི་ལྷ༔ ད་ལྟ་རང་རིག་ངང་དུ་ཕྱག་འཚལ་ལོ༔ མཆོད་པ་ནི༔ ཧཱུྃ༔ ཕྱི་མཆོད་ཡིད་འོང་སྣ་ཚོགས་དང་༔ ནང་མཆོད་སྨན་གཏོར་རཀྟའི་ཚོགས༔ གསང་མཆོད་བདེ་སྟོང་དགའ་བ་བཞི༔ ཐུགས་དམ་དབང་གིས་བཞེས་སུ་གསོལ༔ ཁྱད་པར་ཀླུ་གཉན་ས་བདག་འབུམ༔ གང་ལ་དམིགས་པའི་གདོན་དང་བགེགས༔ དབང་པོ་ཤ་ཁྲག་དོན་སྙིང་རུས༔ མུ་མཐའ་མེད་པར་སྤུང་པ་འདི༔ དམ་ཚིག་དབང་གིས་བཞེས་སུ་གསོལ༔ ཨཱོཾ་ནཱ་ག་རཀྴ་ནག་པོ་ཏི་པ་ཙ༔ ཨཱོཾ་ཕེ་ལཾ་ཧཱུྃ་ཕཊ༔ མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་བྷ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་ཀེང་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་ཨ་མྲྀ་ཏ་ལ་ཁཱ་ཧི༔ མ་ཧཱ་བྷ་ལིངྟ་ལ་ཁཱ་ཧི༔ མ་ཧཱ་སརྦ་པུ་ཙ་ཁཱ་ཧི་ཁཱ་ཧི༔ ལན་བདུན་ནམ་ཉེར་གཅིག་གིས་འབུལ༔ བསྟོད་པ་ནི༔ ཧཱུྃ༔ ཀླུ་དང་ས་བདག་འབུམ་ཁྲི་བསྣོལ་བའི་སྟེང་༔ རིག་པའི་རྒྱལ་པོ་འཆི་བདག་མགོ་དགུ་པ༔ བདུད་ཀྱི་སྡེ་དཔོན་ཀླུ་སྲིན་དྲེགས་པའི་གཟུགས༔ ཁྲོ་བོ་ཁྲོས་པའི་རྒྱལ་ལ་ཕྱག་འཚལ་བསྟོད༔ རབ་འཇིགས་བསྐལ་པའི་མེ་རི་དམར་ནག་འཁྲུག༔ དུག་རི་རྒྱ་མཚོ་མུ་མཐའ་མེད་པར་ཁོལ༔ སྐུ་ཡི་རྔམ་བརྗིད་རི་རབ་ལོགས་དང་མཉམ༔ ཀླུ་བདུད་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དབུ་ནི་མི་མངོན་བར་སྣང་ཁམས་སུ་འཕྱོ༔ སྦྲུལ་ནག་རལ་པ་སྤྲུག་པས་སྡོམ་སྡིག་འཕྲོ༔ དྲག་པོའི་སྤྱན་ནི་དམར་ནག་འཁྲུགས་ཅིང་འཁྱིལ༔ ཀླུ་སྲིན་ཁྲོས་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཨིག་ཤའི་སྒྲ་འབྱིན་རྐན་སྒྲ་སྒྲོག་པའི་ཚེ༔ ཀླུ་འབུམ་ས་བདག་སྦྲུལ་ནག་ཉི་ལི་ལི༔ ཞལ་གདངས་མཆེ་གཙིགས་ཟས་སུ་རིགས་དྲུག་ཟ༔ འཆི་བདག་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ རྒྱལ་རིགས་མགུལ་ཆུན་བྲམ་ཟེ་ཕྱག་གདུབ་བྱས༔ དམངས་རིགས་རྐེད་དཀྲིས་གདོལ་པ་ཞབས་ཀྱིས་མནན༔ འཇིག་རྟེན་འདས་ཀྱང་སོ་མཚམས་གདུག་པ་འདུལ༔ ནཱ་ག་རཀྴའི་སྐུ་ལ་ཕྱག་འཚལ་བསྟོད༔ ཡུམ་མཆོག་ཀླུ་མོ་བཀའ་ཉན་སྤྲུལ་བའི་ཁྱུང་༔ ལས་བྱེད་ཤ་ཟ་བྱེ་བ་སྐུ་ལས་འཕྲོ༔ སྤྲུལ་དང་ཡང་སྤྲུལ་བྲན་དང་ཕོ་ཉའི་ཚོགས༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་བསྐྱེད་རིམ་གསལ་ཞིང་བསྙེན་པ་བྱ༔ ཨཱོཾ་ཕེ་ལཾ་ཧཱུྃ༔ སྐབས་སུ་དངོས་གྲུབ་ཞུ་བ་འདི་སྐད་དོ༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་ཀླུ་རྣམས་ཡོངས་ཀྱི་གཤེད༔ འབར་བའི་དབང་གིས་ཁམས་གསུམ་དབང་དུ་སྡུད༔ འཁྲུག་པའི་སྟོབས་ཀྱིས་སྲིད་གསུམ་ཟིལ་གྱིས་གནོན༔ བརྗིད་པའི་སྟོབས་ཀྱིས་ཀླུ་གདོན་རྡུལ་དུ་བརླག༔ ཐུགས་དམ་བསྐུལ་ལོ་སྔོན་གྱི་དམ་ཚིག་དགོངས༔ བདག་གི་རེ་ཞིང་ལྟོས་པའི་ཡི་དམ་ལྷ༔ བསྙེན་བསྒྲུབ་དམ་བཅས་གདུང་བའི་ང་རོས་འབོད༔ ཐུགས་རྗེའི་ཤུགས་ཕྱུངས་ནུས་པའི་རྩལ་བསྐྱེད་ལ༔ སྔོན་གྱི་ལས་བཟློག་འཕྲལ་གྱི་རྐྱེན་སོལ་ཅིག༔ ཀླུ་གདོན་མ་ལུས་ཐུགས་རྗེའི་ཞལ་དུ་སྟོབས༔ སིདྡྷི་རྣམ་གཉིས་བདག་ལ་མྱུར་དུ་སྩོལ༔ ཨཱོཾ་ཕེ་ལཾ་ཧཱུྃ༔ སརྦ་སིདྡྷི་ཧཱུྃ༔ ཐུན་མཇུག་དགེ་རྩ་བསྔོ་བ་ནི༔ ཧཱུྃ༔ ཁྲོ་རྒྱལ་དབང་གི་བསྒོམ་བསྒྲུབ་ལ༔ རིམ་པ་གཉིས་ཀྱི་བསྐྱེད་རྫོགས་བཟླས༔ བསོད་ནམས་མཐུ་ཡིས་འགྲོ་བདེ་ཞིང་༔ ཀུན་ཏུ་བླ་མེད་བྱང་ཆུབ་སེམས༔ རྡོ་རྗེ་འཛིན་པ་གྲུབ་གྱུར་ཅིག༔ ཅེས་བརྗོད་ཡེ་ཤེས་དབྱིངས་སུ་གཤེགས༔ བསྐྱེད་རིམ་ཐིག་ལེ་ནཱ་དར་བསྡུ༔ རྫོགས་རིམ་སྐྱེ་མེད་གནས་ལུགས་སྐྱོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཀླུ་བདུད་ཁྲོས་པའི་ལས་བྱང་འདི༔ མ་འོངས་འགྲོ་བའི་དོན་དུ་བཀོད༔ ཟབ་ཕྱིར་རིན་ཆེན་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་ཕྲད་པའི་ཚེ༔ ཀུན་ལ་མ་སྟོན་སྙིང་དཀྱིལ་སྦོས༔ འཆལ་ན་མི་རུང་རང་ལ་འོང་༔ སེམས་བསྐྱེད་ངང་ནས་སྟོན་མཁས་གྱིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ན་ར་ཀན་རྒྱ་རྒྱ་རྒྱ༔ སཱུརྱ་ཀཱིརྟིས་ས་རྟ་ལ་གཏེར་གནས་ནགས་ཤོད་ཅི་མདའ་ནས་སྤྱན་དྲངས་ཤིང་ལྕགས་སྤྲེལ་ཁམས་སྲིང་མོ་རྫོང་གི་ཨོ་རྒྱན་སངས་རྒྱས་གཉིས་པའི་སྒྲུབ་གནས་ཆགས་རུ་ཕུག་ནག་བདེ་བ་ཆེན་པོའི་ཀེའུ་ཚང་དུ་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བའོ།། །།


previousལས་བྱང་གནམ་ལྕགས་གོ་ཁྲབ།next