Nitartha Digital Library
Tibetan
 
previousལམ་ཡིག་ལོ་རྒྱུས་གནམ་ལྕགས་རལ་གྲི།next

ལམ་ཡིག་ལོ་རྒྱུས་གནམ་ལྕགས་རལ་གྲི།

རྒྱ་མཚོ་དུག་རི་ཁའི་ལམ་ཡིག་ལོ་རྒྱུས་གནམ་ལྕགས་རལ་གྲི་བཞུགས་སོ། །དཔལ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །ཁམས་པ་ཉི་མ་གྲགས་པས་ས་ཕོ་རྟའི་ལོ་ཧོར་ཟླ་དྲུག་པའི་ཡར་ཚེས་དགེ་བར། ལེགས་ཚོགས་ཀྱི་རྟེན་འབྲེལ་ཁ་བྱང་དང་བསྒྲིགས་ཤིང་། གུ་རུ་རིན་པོ་ཆེ་ལ་གསོལ་འདེབས་དང་བཀའ་སྲུང་སྐྱེས་བུ་ལ་མཆོད་ཐབས་ཤ་ཁྲག་རྣམས་ཁྱེར་ནས་གཏེར་གནས་སུ་ཕྱིན་ཏེ། མི་རིང་ལངས་པ་འདྲ་བའི་བྲག་མཐོང་བས་ཤེས་པ་གཏད་མེད་དུ་གྱུར་ཅིང་། ཕག་མོས་ཕེ་གུ་གྱེན་ལ་འཁྲིད་པ་འདྲ་བའི་བྲག་ངོས་ཤིན་ཏུ་མཐོ་བར་རྩ་ཕུང་གི་སྤོ་གཅིག་གི་ཁར་སླེབས་འདུག་པས་ཉམས་ཀྱང་ཟ་ཟི། ཤིས་པ་ཡང་བན་བུན་དུ་འདུག་ཀྱང་། གཏེར་སྒོ་ཡིན་པར་སེམས་ཏེ་བྲག་སྲུབས་སུ་ཕུར་པ་གསེར་མགོ་མ་ལན་གསུམ་བརྒྱབས་པས། གཏེར་སྒོ་མ་བྱེ་ཕུར་པ་འཆགས་ལ་ཉེ་བའི་ཚེ། དམ་ཅན་སྐྱེས་བུ་ཆེན་པོས་རོགས་དན་མཛད་པས། ཤོག་སེར་རྫ་བུམ་གང་མཐོང་ཞིང་དེ་ནས་བདག་ལ་གཅིག་བྱིན་པ་ཚགས་བྱས་མ་ཐག །རྩོལ་མེད་དུ་མཁའ་ལ་བྱ་ལྟར་ལྡིང་ཞིང་ཚུར་ལྡོག་པའི་ཚེ་མུན་པ་དང་མི་མང་འཕྲད་དོགས་པའི་རྐྱེན་དང་ལྡན་ཀྱང་། བློ་མཆོག་ཀུན་གྲོལ་དབང་མོ་རང་དང་བཅས་པ་འཕྲལ་ཉེས་མེད་དུ་སླེབས། སྔགས་འཆང་གུ་རུ་ཆོས་ཀྱི་གྲགས་པ་ཚང་གཏེར་ལྷོངས་འོང་གི་དོགས་ནས་ཤོག་སེར་ཕྱི་སྒོའི་ཡ་ཐེམ་ལ་བཞག །གཏེར་སྲུང་མཆོད་པ་དང་ཚོགས་ཀྱི་འཁོར་ལོ་རྒྱས་པར་བྱས། ཆང་ཉུང་སྐྱོན་ཅུང་ཟད་བྱུང་། །ཀུན་གྱིས་ཅལ་སྒྲོགས་ལ་ནམ་མཁར་འཕུར་བ་དང་གཏེར་བཏོན་པ་སོགས་ཀྱང་གླེང་ཡོད་པར་གདའ། དེ་ལྟའི་ཟབ་ཆོས་རིན་པོ་ཆེ་ཤོག་སེར་ལས་ཕབས་ཏེ་རང་གི་ཉམས་ལེན་རྟགས་ཐོན་དུ་བྱས་པས། སྤེལ་བའི་དུས་ལ་མ་བབས་ཀྱང་བཀའ་སྲུང་ལ་གསོལ་བ་བཏབ་སྟེ། བཙན་སྒོ་ཆོས་བཟང་འགྲོ་འདུག་དཀའ་བའི་གཤིས་ཀྱིས་སྐལ་ལྡན་ཉུང་འདུས་ཤིག་ལ་ཕུལ་བའོ། །མངྒ་ལཾ།། །།


previousལམ་ཡིག་ལོ་རྒྱུས་གནམ་ལྕགས་རལ་གྲི།next