Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  collapse section
   
   
   
   
   
   
   
ནཱ་ག་རཀྴའི་བརྒྱུད་པའི་གསོལ་འདེབས།
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནཱ་ག་རཀྴའི་བརྒྱུད་པའི་གསོལ་འདེབས།next

ནཱ་ག་རཀྴའི་བརྒྱུད་པའི་གསོལ་འདེབས།

ཀླུ་བདུད་ནཱ་ག་རཀྴའི་བརྒྱུད་པའི་གསོལ་འདེབས་བཞུགས། །ན་མོ་དྷེ་ཝ་ནཱ་ག་རཀྴ་སརྦ་སིདྡྷི་ཧཱུྃ། །གནས་མཆོག་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །ཆོས་སྐུ་གསང་བའི་བདག་པོ་ལ་གསོལ་བ་འདེབས། །གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ལོངས་སྐུ་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །དུག་རི་རྒྱ་མཚོ་ཁོལ་བའི་གཞལ་ཡས་ནས། །སྤྲུལ་སྐུ་ནཱ་ག་རཀྴ་ལ་གསོལ་བ་འདེབས། །ལྷོ་ཕྱོགས་སྐུ་ལ་རྫོགས་པའི་གནས་མཆོག་ནས། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གསོལ་བ་འདེབས། །ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་ནས། །གུ་རུ་པདྨ་བཛྲ་ལ་གསོལ་བ་འདེབས། །བསམ་ཡས་ཟུར་མོ་མཁར་གྱི་གནས་མཆོག་ནས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །ཡེར་པ་ལྷ་རི་སྙིང་བོའི་གཞལ་ཡས་ནས། །ལོ་ཆེན་ཀླུ་ཡི་དབང་པོ་ལ་གསོལ་བ་འདེབས། །གནས་མཆོག་སྲིང་མོ་རྫོང་གི་གཞལ་ཡས་ནས། །རིག་འཛིན་ཉི་མ་གྲགས་པ་ལ་གསོལ་བ་འདེབས། །འགྲོ་ཕན་ཐུགས་སྐྱེད་རྣམ་དག་ཕོ་བྲང་ནས། །ཨོ་རྒྱན་བསྟན་འཛིན་གྲགས་པ་ལ་གསོལ་བ་འདེབས། །སྣང་སྲིད་གཞིར་བཞེངས་བརྡལ་བའི་ཞིང་ཁམས་ནས། །ཁྱབ་བདག་དབང་གི་རྒྱལ་པོ་ལ་གསོལ་བ་འདེབས། །ཕྱོགས་མེད་ཞིང་ཁམས་དག་པའི་ཕོ་བྲང་ནས། རིག་འཛིན་བསྟན་སྐྱོང་རྒྱ་མཚོ་ལ་གསོལ་བ་འདེབས། །མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །རྐྱེན་ངན་ཕྱི་ནང་གསང་བའི་བར་ཆད་སོལ། །ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཅེས་པ་འདི་མེ་ཉག་ཀླུ་རྒྱལ་པས་དགོས་གསུངས་པར་རིག་འཛིན་པས་བྲིས། །མངྒ་ལཾ།། །།


previousནཱ་ག་རཀྴའི་བརྒྱུད་པའི་གསོལ་འདེབས།next