Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  collapse section
   
   
   
   
   
   
   
   
ནཱ་ག་རཀྴའི་ལས་བྱང་འགྲིགས་ཆགས་སུ་བཀོད་པ།
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནཱ་ག་རཀྴའི་ལས་བྱང་འགྲིགས་ཆགས་སུ་བཀོད་པ།next

ནཱ་ག་རཀྴའི་ལས་བྱང་འགྲིགས་ཆགས་སུ་བཀོད་པ།

ཀླུ་བདུད་ནཱ་ག་རཀྴའི་ལས་བྱང་གནམ་ལྕགས་གོ་ཁྲབ་ཁ་སྐོང་གིས་བརྒྱན་ཏེ་འགྲིགས་ཆགས་སུ་བཀོད་པ་བཞུགས་སོ། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ༔ ཡིད་དང་མཐུན་པའི་གནས་ཉིད་དུ༔ སྨན་གཏོར་མཆོད་པའི་བྱེ་བྲག་བཤམས༔ བསྙེན་སྒྲུབ་དབང་སོགས་གང་བརྩམས་ཀྱང་༔ ལས་གཞུང་འདི་ལྟར་གྱེར་བསྒོམ་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་གསུངས་པ་ལྟར་གྱི་བསྙེན་སྒྲུབ་ཀྱི་འཕྲིན་ལས་མཐོང་ཆོག་ནག་འགྲོས་སུ་བཀོད་པ་ནི། བསྙེན་རྐྱང་ཁོ་ན་ཁྱེར་བདེ་བར་འབྲུ་སིལ་མ་བཅལ་དུ་བཀྲམ་པར། མཆོད་གཏོར་གྲུ་གསུམ་བཤོས་ཕྲན་གསུམ་གྱིས་བསྐོར་བ་རྒྱན་ལྡན་གྱི་གཡས་གཡོན་དུ་སྨན་རཀ །མདུན་དུ་མཆོད་པ་རྣམ་ལྔ་སྤྱིི་མཐུན་ལྟར་བཀོད། དབང་སྒྲུབ་ལ་སོགས་པར་སྒྲུབ་ཐབས་ལས་ཇི་ལྟར་བྱུང་བ་ལྟར་གྱི་དཀྱིལ་འཁོར་སྒྲུབ་རྫས་སོགས་ངེས་པར་དགོས་ཤིང་། དེ་ལ་དབུས་སུ་མཉྫིའི་ཁར་བྷནྡྷའི་ནང་དུ་ནད་འཇོམས་ཀྱི་རྫས་རིལ་ཟུང་དང་འཁོར་ལོ་བཅས་པ་དར་ནག་གི་ཁེབས་ལྡན། དེའི་མདུན་དུ་མཆོད་གཏོར་སྨན་རག་མཆོད་པ་རྣམ་ལྔ་སོགས་དང་། གང་བབས་སུ་བཀའ་དང་གཏེར་སྲུང་རྡོར་ལེགས་ཀྱི་གཏོར་མ། གཞན་ཡང་དཀར་བགེགས་ཚོགས་མཆོད་ཌཱ་དྲིལ་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་མངོན་པར་འདུ་བྱས་ཏེ། སྒྲུབ་དཀྱིལ་ལ་ཞལ་ཕྱོགས་པའི་སྟན་ལ་བདེ་བར་འཁོད་དེ། ཐོག་མར་བརྒྱུད་འདེབས་སྔོན་དུ་འགྲོ་བས་གཞི་བགེགས་ཀྱི་གཏོར་མ་བཏང་རྗེས་སུ། ཐུན་བརྡེག་པ་ནི། བདག་ཉིད་ཁྲོ་རྒྱལ་གཤིན་རྗེའི་གཤེད་པོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཐ་ོབ་དང་མེ་ཞགས་འཛིན་པ་དུར་ཁྲོད་ཀྱི་ཆས་ཅན་པད་ཉིའི་གདན་ལ་སྲིད་གསུམ་གང་བའི་སྐུ་ལས་ཁྲོ་མཚོན་མེ་ཆར་དཔག་མེད་འཕྲོས་པས། སྲིད་གསུམ་འབྱུང་ཁམས་དང་བཅས་པ་ཐམས་ཅད་གཞོབ་ཏུ་བཏུལ་ཞིང་མེ་ཟེར་རྡོར་མཚོན་ཁྲོ་ཚོགས་བཅུད་དུ་འདྲིལ་བའི་གུར་ཁང་རིམ་པ་གསུམ་གྱིས་སྲིད་པ་བཅིངས་པས་གཉིས་འཛིན་གྱི་གདོན་ཚོགས་ཀྱིས་ནམ་ཡང་མི་ཕྱེད་པར་བསྒོམ་ལ། ཧཱུྃ༔ ང་ནི་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ འབར་བ་དྲག་པོའི་ཏིང་འཛིན་གྱི༔ ཐུགས་ལས་ཁྲོ་ཆུང་ཚ་ཚྭ་འཕྲོ༔ ལྷའམ་འོན་ཏེ་གནོད་པའི་བགེགས༔ ཀླུ་དང་ས་བདག་རྡུལ་དུ་བརླག༔ ཚིནྡྷ་ཚིནྡྷ་བྷིནྡྷ་བྷིནྡྷ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་མཱ་ར་ཡ་ཧཱུྃ་ཕཊ༔ རཀྵ་རཀྵ་སྭཱ་ཧཱ༔ དེ་ནས་སྐྱབས་སུ་འགྲོ་བ་ནི། ཕྱོགས་བཅུའི་བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཐམས་ཅད་ཐུགས་ཆོས་ཉིད་ཁྱབ་གདལ་ཞལ་ཕྱག་གི་མཚན་མ་ལས་འདས་པ་གདོད་ནས་རང་ཆས་སུ་བཞུགས་པའི་བརྡ་རྟགས་སུ་མཚོན་བྱེད། །སྤྱི་མཐུན་གྱི་བློ་ཡུལ་དུ་འཇུག་པ་བདེ་ཕྱིར། ཆོས་སྐུ་གསང་བའི་བདག་པོ་ཞེས་དང་། སྟོང་པའི་རྩལ་ཁ་གོ་མ་འགགས་པ་འབར་བའི་སྟོབས་ཤུགས་འཆང་བ་བདེ་གཤེགས་ཐམས་ཅད་ཀྱི་སྐུའི་བདག་ཉིད་འཇམ་དཔལ་དབྱངས་དང་། གསལ་སྟོང་ཟུང་དུ་འཇུག་པའི་རྟེན་འབྲེལ་ཐུགས་རྗེའི་དངོས་སྣང་གདུག་པ་འདུལ་ཕྱིར་ཀླུ་བདུད་ནཱ་ག་རཀྴའི་ཆོ་འཕྲུལ་དུ་རོལ་བ་སྟེ། དོན་ལ་ཆོས་ཉིད་སྟོང་པའི་གསལ་མདངས་ཁྲོ་རྒྱལ་ནཱ་ག་རཀྴའི་སྐུར་སྣང་བ་ལ་དེང་ནས་བཟུང་ཇི་སྲིད་རང་བྱུང་དོན་གྱི་ཧེ་རུ་ཀ་མངོན་དུ་མ་གྱུར་གྱི་བར་དུ་རྩལ་མདངས་ལོངས་སྐུའི་དཀྱིལ་འཁོར་དུ་མི་ཕྱེད་དང་བས་སྐྱབས་སུ་འགྲོ་བའི་བློས། ཧཱུྃ༔ ཆོས་སྐུ་གསང་བདག་ལོངས་སྐུ་འཇམ་དཔལ་དབྱངས༔ སྤྲུལ་སྐུ་ཁྲོ་རྒྱལ་ནཱ་ག་རཀྴ་ལ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ དབང་དྲག་འཕྲིན་ལས་སྒྲུབ་ཕྱིར་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པ་ནི། ཁམས་གསུམ་གྱི་སྐྱེ་འགྲོ་སྤྱི་དང་། ཁྱར་པར་གདུལ་དཀའི་འགྲོ་བ་ཐམས་ཅད་འོད་གསལ་གཉུག་མ་མི་འགྱུར་བ་དཔའ་བོ་གྱད་ཀྱི་ངོ་བོར་ཡོངས་སུ་བསྒྲལ་ཏེ་ཕྱིར་མི་ལྡོག་པའི་བློས། ཧཱུྃ༔ སྡུག་བསྔལ་འགྲོ་བ་བདེ་ལྡན་ཕྱིར༔ ཁྲོ་རྒྱལ་འབར་བའི་ཏིང་འཛིན་བསྒོམ༔ དྲག་པོའི་འཕྲིན་ལས་བསྒྲུབ་ནས་ཀྱང་༔ འགྲོ་དོན་སྒྲུབ་པར་སེམས་བསྐྱེད་དོ༔ ལན་གསུམ། མཆོད་པ་བྱིན་གྱིས་བརླབས་པ་ནི། ཕྱི་མཆོད་འདོད་ཡོན་རྣམ་ལྔ་དང་། ནང་མཆོད་སྨན་གཏོར་རཀྟ། གསང་མཆོད་བདེ་སྟོང་ཟུང་འཇུག་ཆོས་ཅན་ཆོས་ཉིད་དབྱེར་མེད་པའི་རྩལ་སྣང་ཡེ་ཤེས་དངས་མའི་འོད་བཅུད་ལྷུན་གྲུབ་ཐིག་ལེར་འཁྱིལ་བ་ཀུན་བཟང་གི་མཆོད་སྤྲིན་ཆེན་པོར་མོས་ལ། ཧཱུྃ༔ དྲག་པོའི་དཀྱིལ་འཁོར་ཆེན་པོ་འདིར༔ ཕྱི་ནང་གསང་བའི་མཆོད་གཏོར་རྣམས༔ རྣམ་དག་བདུད་རྩིའི་རང་བཞིན་ལས༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་གཏིབས༔ ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ལན་གསུམ། དངོས་གཞིའི་བསྐྱེད་རིམ་ཏིང་འཛིན་ནི། སྲུང་འཁོར་གཞལ་ཡས་གདན་ལྷ་ས་བོན་དང་བཅས་པ་བདག་མདུན་སོ་སོར་སྐུ་གསུམ་གྱི་རང་རྩལ་ཅིག་ཅར་དུ་རྫོགས་པ་བདག་བསྐྱེད་ཀྱི་ཁོག་ཏུ་མདུན་བསྐྱེད་ཆུབ་པ། བདག་མདུན་དབྱེར་མེད་གསལ་སྟོང་ཟུང་འཇུག་ལྷུན་གྲུབ་ལོངས་སྐུའི་དཀྱིལ་འཁོར་གྱི་ཀློང་ལས་ཐུགས་རྗེའི་སྤྲུལ་པ་འབར་བའི་རྩལ་བཅུ་ཡོངས་སུ་རྫོགས་པར་གསལ་བ་ནི། ཧཱུྃ༔ བློ་འདས་དབྱིངས་ལས་བརྩེ་བའི་འཕྲུལ༔ གནམ་ལྕགས་རྡོ་རྗེ་ཐུགས་སྲོག་ཕེ༔ འོད་ཟེར་འཕྲོ་འདུའི་སྦྱོར་བ་ལས༔ བཾ་ལས་ཆུ་ཡི་རྒྱ་མཚོའི་ཀློང་༔ ཏྲཾ་ལས་རིན་ཆེན་གཞལ་ཡས་ཁང་༔ གནམ་ལྕགས་རྡོ་རྗེ་ཡི་གེ་ཏྲཾ་དུ་གྱུར་པ་ལས༔ ཀླུ་དང་ས་བདག་ཀ་གདུང་བྲེས༔ ཉ་སྦྲུལ་སྡོམ་སྡིག་ཛ་རས་བཏེག༔ ཐོག་ནི་རུས་སྦལ་ལྤགས་པས་ཁྱབ༔ ཕྱོགས་བཞིར་ཆུ་སྲིན་གྲེ་བའི་སྒོ༔ ཐར་མེད་ཕོ་བྲང་དུག་རླངས་འཚུབ༔ སྐྱི་བུང་ཡ་ང་དྲག་པོའི་ཞིང་༔ གྲུ་གསུམ་དམར་ནག་འབར་བའི་དཀྱིལ༔ ཀླུ་དང་ས་བདག་འབུམ་ཁྲིའི་སྟེང་༔ རང་རིག་ཐུགས་སྲོག་ཡི་གེ་ཕེ༔ སྤྲོ་བསྡུ་སྦྱོར་བས་ཁྲོ་རྒྱལ་སྐུ༔ ཀླུ་སྲིན་མི་སྡུག་ཁྲོས་པའི་གཟུགས༔ སྐུ་ནི་རི་རབ་ལོག་དང་མཉམ༔ སྦྲུལ་མཇུག་རྒྱ་མཚོའི་གཏིང་དུ་ཁྱབ༔ དབུ་དགུ་ཕྱག་ནི་བཅོ་བརྒྱད་འབར༔ དྲག་ཏུ་ཁྲོས་པ་སྲིན་པོའི་ཞལ༔ དུག་ཆེན་ཧ་ལའི་མདོག་ལྟར་འཇིགས༔ སྦྲུལ་མགོའི་བར་སྣང་སྤྲིན་ལྟར་ཁྱབ༔ གཡས་བརྒྱད་གནམ་ལྕགས་གྲི་གུག་གིས༔ ཀླུ་ག །ཉན་འབུམ་ཁྲི་ཁྲུམ་ཁྲུམ་གཏུབ༔ གཡོན་བརྒྱད་ཟངས་ལྕགས་འཁོར་ལོ་བསྐོར༔ ཤ་རུས་དོན་སྙིང་རྡུལ་དུ་བརླག༔ ཞལ་ནས་ཨིག་ཤའི་སྒྲ་སྒྲོག་ཅིང་༔ རྩ་ཕྱག་དང་པོ་གཉིས་གྲི་གུག་སྦྲུལ་ཞགས་ཡུམ་ལ་འཁྱུད་ཅིང་། འོག་མ་བཅུ་དྲུག་གཡས་གཡོན་དུ་གདེངས་པར་བསྒོམ་ན་འཐད་པ་འདིའི་དབང་དང་རིགས་མཐུན་ལས་གསལ་ལོ། གང་ལ་དམིགས་པ་ཀྲུམ་ཀྲུམ་འཆའ༔ ཀླུ་མོ་སྤྱན་གཅིག་ལུས་གྲིབ་ལྟར༔ གཡས་པ་གྲི་གུག་གཡོན་སྦྲུལ་ཞགས༔ ཀླུ་དང་ས་བདག་གཤེད་མར་བསྒོམ༔ ཧཱུྃ༔ ཨ་ཝ་གླང་མགོ་གདུག་པ་སྦྲུལ་གྱི་མགོ༔ གཡས་གཡོན་བཀའ་ཉན་ལྕགས་ཀྱུ་ཞགས་པ་ཅན༔ སྐུ་མདོག་སེར་ནག་ཁྲོ་གཏུམ་དོར་སྟབས་བགྲད༔ ལས་བྱེད་ཕོ་ཉ་དྲག་པོའི་ཐུགས་ལས་སྤྲུལ༔ གཞན་ཡང་སྤྲུལ་པ་ཡང་སྤྲུལ་ཕོ་ཉའི་ཚོགས༔ ཁྲོ་བོ་ཁྲོ་མོ་བྱ་ཁྱུང་སྤྲིན་ལྟར་གཏིབས༔ དེ་ནས་སྤྱན་འདྲེན་པ་ནི། འཁྲུལ་གཞི་མ་རིག་པ་དུག་ལྔའི་སྟོབས་ཤུགས་བཅུད་དུ་སྨིན་པའི་འབྱུང་བ་སྤྱི་དང་། བྱེ་བྲག་ཀླུ་གཉན་རིགས་ལྔའི་རྣམ་པར་སྣང་བའི་གདུག་རྩུབ་མི་ཟད་པས་མནར་བ་དེ་ཉིད་རང་བྱུང་སེམས་ཀྱི་གནས་ལུགས་རིག་པའི་མདངས་ཆ་ཡེ་ཤེས་ཐུགས་རྗེའི་རོལ་གར་འབར་བའི་རྩལ་ཤུགས་འཆང་བ་ཁྲོ་རྒྱལ་ནཱ་ག་རཀྴའི་སྟོབས་ཀྱིས་འདུལ་བ་ལས་གཞན་དུ་མ་གྱུར་པའི་ཚེ་ན། རང་བཞིན་ཆོས་ཀྱི་དབྱིངས་ལས་ཐུགས་རྗེའི་མདངས་རྩལ་འགག་མེད་ཅིར་ཡང་སྒྱུ་འཕྲུལ་ཆེན་པོར་གཟི་བྱིན་བསྐྱེད་པ་ཙམ་ལས་རང་ཉིད་དམ་ཚིག་སེམས་དཔའ་ངན་པ་དང་། ཡེ་ཤེས་སེམས་དཔའ་བཟང་པོ་ཞིག་ལོག་ནས་སྒྲུབ་རྒྱུ་དངོས་འཛིན་ཨ་འཐས་ཀྱི་སྣང་བས་སྤྱན་འདྲེན་པའི་ཡུལ་དང་། འདྲེན་བྱའི་ལྷ་སོགས་གདོད་ནས་དམིགས་མེད་སྤྲོས་བྲལ་ཡེ་གདོད་མའི་ཤེས་པ་མངོན་དུ་གྱུར་པ་ལ་ཡེ་ཤེས་ཞེས་སུ་བཏགས་པ་སྟེ། དམ་ཡེ་དབྱེར་མེད་གདོད་ནས་རང་ཆས་སུ་གྲུབ་ཀྱང་། ཆོས་ཐམས་ཅད་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་ལྟར། སྔོན་བྱོན་གྱི་རིག་འཛིན་གྲུབ་ཐོབ་ཐམས་ཅད་ལྟ་བ་ལ་མཐོ་དམན། སྒོམ་པ་ལ་རེས་འཇོག་སྤྱོད་པ་ལ་སྤང་བླང་དག་ནས་རྩལ་གཞི་ཐོག་ཏུ་འཁྱོལ་བ་ཤ་སྟག་ཡིན་ནའང་། གྲུབ་རྟགས་ལ་ཡོད་མེད་ཐུགས་རྗེ་ལ་ཆེ་ཆུང་ཡོང་བ་ནི། ད་ལྟ་ལམ་གྱི་སྐབས་སུ་རྟེན་འབྲེལ་དང་སྨོན་ལམ་གྱིས་ཁ་བསྒྱུར་བ་ཡིན་པས་ན། ཚོགས་གཉིས་དགེ་བའི་རྒྱུན་གྱིས་སྤྲོས་བཅས་སྤྲོས་མེད་ཟུང་དུ་འཇུག་པས་སྤྱན་འདྲེན་མཆོད་བསྟོད་སོགས་ལམ་གྱི་རྩལ་ཁ་ཐོགས་མེད་དུ་སྤར་བར་བགྱིད་དོ། ཧཱུྃ༔ ཆོས་དབྱིངས་སྤྲོས་མེད་གསང་བདག་ཐུགས་ཀློང་ནས༔ འགག་མེད་ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེའི་གཤེད༔ གཟུགས་སྐུ་དྲག་པོའི་ཆ་ལུགས་འཇིགས་པའི་གཟུགས༔ དུག་ལྔ་མེ་ལྟར་འབར་བའི་དབྱིངས་ནས་བཞེངས༔ དུག་གསུམ་ཆུ་ལྟར་ཁོལ་བའི་གཞལ་ཡས་འདིར༔ ཀླུ་བདུད་ནག་པོ་ཡབ་ཡུམ་སྤྲུལ་འཁོར་བཅས༔ མ་ལུས་འཁོར་བཅས་མ་ཐོགས་མྱུར་དུ་གཤེགས༔ ནཱ་ག་རཀྴ་བཛྲ་ས་མ་ཡ་ཛཿཛ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ དྲག་པོའི་གཞལ་ཡས་ཀླུ་གཉན་འབུམ་ཁྲིའི་སྟེང་༔ ཀླུ་ཡི་སྲིན་པོ་མི་བཟད་འཇིགས་པའི་སྐུ༔ དམ་ཚིག་ཡེ་ཤེས་གཉིས་མེད་བརྟན་པར་བཞུགས༔ ཕྱག་འཚལ་བ་ནི། ཧཱུྃ༔ ཁྲོ་མཆོག་རྒྱལ་པོ་འཇམ་དཔལ་གཤིན་རྗེའི་གཤེད༔ ཁྱོད་ནི་སྔོན་ནས་འབྲལ་མེད་གསང་བའི་ལྷ༔ ད་ལྟ་རང་རིག་ངང་དུ་ཕྱག་འཚལ་ལོ༔ མཆོད་པ་ནི། ཧཱུྃ༔ ཕྱི་མཆོད་ཡིད་འོང་སྣ་ཚོགས་དང་༔ ནང་མཆོད་སྨན་གཏོར་རཀྟའི་ཚོགས༔ གསང་མཆོད་བདེ་སྟོང་དགའ་བ་བཞི༔ ཐུགས་དམ་དབང་གིས་བཞེས་སུ་གསོལ༔ ཁྱད་པར་ཀླུ་གཉན་ས་བདག་འབུམ༔ གང་ལ་དམིགས་པའི་གདོན་དང་བགེགས༔ དབང་པོ་ཤ་ཁྲག་དོན་སྙིང་རུས༔ མུ་མཐའ་མེད་པར་སྤུངས་པ་འདི༔ དམ་ཚིག་དབང་གིས་བཞེས་སུ་གསོལ༔ ཨཱོཾ་ནཱ་ག་རཀྴ་ནག་པོ་ཏི་པ་ཙ༔ ཨཱོཾ་ཕེ་ལམ་ཧཱུྃ་ཕཊ༔ མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་བྷ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་ཨཱ་མྲྀ་ཏ་ལ་ཁཱ་ཧི༔ མ་ཧཱ་བྷ་ལིངྟ་ལ་ཁཱ་ཧི༔ མ་ཧཱ་སརྦ་པུ་ཙ་ཁཱ་ཧི་ཁཱ་ཧི༔ ལན་བདུན་ནམ་ཉེར་གཅིག་གིས་འབུལ༔ བསྟོད་པ་ནི། ཧཱུྃ༔ ཀླུ་དང་ས་བདག་འབུམ་ཁྲི་བསྣོལ་བའི་སྟེང་༔ རིག་པའི་རྒྱལ་པོ་འཆི་བདག་མགོ་དགུ་པ༔ བདུད་ཀྱི་སྡེ་དཔོན་ཀླུ་སྲིན་དྲེགས་པའི་གཟུགས༔ ཁྲོ་བོ་ཁྲོས་པའི་རྒྱལ་ལ་ཕྱག་འཚལ་བསྟོད༔ རབ་འཇིགས་བསྐལ་བའི་མེ་རི་དམར་ནག་འཁྲུག༔ དུག་རི་རྒྱ་མཚོ་མུ་མཐའ་མེད་པར་ཁོལ༔ སྐུ་ཡི་རྔམ་བརྗིད་རི་རབ་ལོགས་དང་མཉམ༔ ཀླུ་བདུད་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དབུ་ནི་མི་མངོན་བར་སྣང་ཁམས་སུ་འཕྱོ༔ སྦྲུལ་ནག་རལ་པ་སྤྲུག་པས་སྡོམ་སྡིག་འཕྲོ༔ དྲག་པོའི་སྤྱན་ནི་དམར་ནག་འཁྲུགས་ཅིང་འཁྱིལ༔ ཀླུ་སྲིན་ཁྲོས་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཨིག་ཤའི་སྒྲ་འབྱིན་རྐན་སྒྲ་སྒྲོག་པའི་ཚེ༔ ཀླུ་འབུམ་ས་བདག་སྦྲུལ་ནག་ཉི་ལི་ལི༔ ཁ་གདངས་མཆེ་གཙིགས་བ་སུ་རིགས་དྲུག་ཟ༔ འཆི་བདག་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ རྒྱལ་རིགས་མགུལ་ཆུན་བྲམ་ཟེ་ཕྱག་གདུབ་བྱས༔ དམངས་རིགས་སྐེད་དཀྲིས་གདོལ་པ་ཞབས་ཀྱིས་མནན༔ འཇིག་རྟེན་འདས་ཀྱང་སོ་མཚམས་གདུག་པ་འདུལ༔ ནཱ་ག་རཀྴའི་སྐུ་ལ་ཕྱག་འཚལ་བསྟོད༔ ཡུམ་མཆོག་ཀླུ་མོ་བཀའ་ཉན་སྤྲུལ་པའི་ཁྱུང་༔ ལས་བྱེད་ཤ་ཟ་བྱེ་བ་སྐུ་ལས་འཕྲོ༔ སྤྲུལ་དང་ཡང་སྤྲུལ་བྲན་དང་ཕོ་ཉའི་ཚོགས༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ༈ ནཱ་ག་རཀྴའི་བསྙེན་སྒྲུབ་དམིགས་རིམ་ངག་འདོན་དུ་བྱ་བ་ནི། ཧཱུྃ༔ བདག་ཉིད་རིག་རྒྱལ་ཐུགས་ཀ་ནས། །ཉི་དཀྱིལ་ས་བོན་ཕེ་ཡིག་ལས། །ཚ་ཞིང་མྱུར་བའི་འོད་དམར་ནག །ཕྱོགས་བཅུར་འཕྲོས་པས་འོག་གདོན་ཚོགས། །སྤྱི་དང་ཁྱད་པར་འཚེ་བ་ཡི། །ཀླུ་གཉན་ས་བདག་ཐམས་ཅད་བཀུག །རང་གི་ཞལ་ནས་སྔགས་བཟླས་པས། །ཀུན་ཀྱང་འབོག་བརྒྱལ་སྙིང་རྩ་ཡེད། །དམྱལ་སྒྲ་དིར་དིར་ཡོད་པར་བསམས། །ཤིན་ཏུ་ཐུལ་དཀའི་གདེང་ཅན་རྣམས། །མཚོན་ཆས་གཏུབ་ཅིང་ཞལ་དུ་གསོལ། །རྡུལ་ཕྲན་བཞིན་དུ་བརླག་པར་གྱུར། །བསྙེན་སྒྲུབ་རྩ་སྔགས་འབྲུ་བཞི་ནི། ཨཱོཾ་ཕེ་ལམ་ཧཱུྃ༔ ཡིག་འབྲུ་བཅུ་བཞི་ནི། ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ༔ ཨཱོཾ་ཕེ་ལམ་ཧཱུྃ༔ རྒྱུན་དུ་གོང་མ་གཙོ་བོར་བྱ། བཅུ་བཞི་པའི་དྲག་སྔགས་མང་ཉུང་རང་གི་འདོད་དང་བསྟུན། གང་ཡང་གོས་ཀྱི་གོང་བ་ཕྱིན་ལ་མི་གོ་བའི་སྒྲ་དག་པར་ཤུབ་བུས་བཟླ་ཞིང་དམིགས་པ་གནད་དུ་བསྣུན་པས་ཀླུ་གཉན་ས་གདོན་ཀྱི་འཚེ་བ་ལས་གྲོལ་བར་འགྱུར་རོ། །ཞེས་པདྨའི་མིང་ཅན་གྱིས་བྲིས་པའོ། །ཅེས་བརྗོད་བསྐྱེད་རིམ་གསལ་ཞིང་བསྙེན་པ་བྱཿ


previousནཱ་ག་རཀྴའི་ལས་བྱང་འགྲིགས་ཆགས་སུ་བཀོད་པ།next