Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousnext

ཅེས་མཆོག་གི་རྣལ་འབྱོར་པ་རྣམས་ནི་རིག་པ་ཀྲོང་གྱུར་གྱི་རྟོགས་པ་བསལ་བཞག་དོན་གྱི་ཧེ་རུ་ཀ་མཚན་འཛིན་གདོན་བགེགས་ཀྱིས་མི་ཕྱེད་པ། ཀ་དག་གྱད་ཀྱི་དཔའ་བོ་ཆེན་པོར་རྫོགས་པ་ཡིན་ཀྱང་། ཉམས་རྟོགས་ལ་བྲི་གང་སྤང་ལེན་བར་མཚམས་ཕྲ་མོ་ཡོད་པའི་བར་དུ་རྟེན་འབྲེལ་གྱི་མཚམས་སྦྱོར་ཁོ་ན་གཙོ་ཕྱིར་ཡི་དམ་ལྷ་ཡི་གསལ་སྣང་ཆེས་ཆེར་བསྐྱེད་པའི་སྟོབས་ཀྱིས་སྣང་སྲིད་ཐམས་ཅད་ཡེ་ཤེས་ཀྱི་ཆོ་འཕྲུལ་དང་རོལ་བར་ཡེ་ཡིན་ལ། སླར་གསལ་གདབ་པ་རྩལ་སྣང་སྤྲོ་བསྡུ་གང་འདོད་དུ་བསྒྱུར་ལ་བཟླས་པ་བྱའོ། །ལམ་ཞུགས་པ་རྣམས་ཀྱིས་ནི། བདག་ཉིད་དམ་ཚིག་སེམས་དཔའ་ནཱ་ག་རཀྴའི་སྐུ་གསལ་སྟོང་ཐུགས་མཆོག་ཡེ་ཤེས་སེམས་དཔའ་གསང་བདག་གི་རང་བཞིན་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་ལངས་པའི་ལྟེ་བར་ཉི་དཀྱིལ་ལ་ཏིང་ངེ་འཛིན་སེམས་དཔའ་ཕེ་དམར་ནག །རྡོ་རྗེའི་མཐའ་སྐོར་དུ་རྩ་བའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་མདུན་བསྐྱེད་ཀྱི་ཐུགས་ཀར་མཆོད་པའི་ཚུལ་དུ་འཕྲོས་ཤིང་ཐིམ་པས་ཐུགས་རྒྱུད་དགྱེས་ཤིང་ཐུགས་དམ་དབྱིངས་ནས་བསྐུལ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས། བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ་བས་ཐུགས་རྒྱུད་བདེ་བ་ཆེན་པོའི་བདུད་རྩིས་གཏམས། དེ་དག་གི་ཐུགས་རྗེ་ནུས་རྩལ་ཐམས་ཅད་སྐུ་དང་ཡིག་འབྲུ་ཐིག་ལེའི་རྣམ་པར་ཆར་ལྟར་བབས་པ་བདག་མདུན་གྱི་ཐུགས་སྲོག་སྔགས་འཕྲེང་དང་བཅས་པ་ལ་ཐིམ་པས། རིག་སྔགས་ཀྱི་ནུས་རྩལ་རྫོགས་ཏེ་གཟི་བྱིན་སྟོབས་ཤུགས་འབར་བའི་དབལ་ལས་མེ་ཟེར་རབ་ཏུ་མཆེད་པས་ལུས་ཀྱི་རྩ་གནས་ཐམས་ཅད་ཁྱབ་སྟེ་རྣམ་རྟོག་གི་རང་གཟུགས་གཟའ་ཀླུ་སྡེ་བརྒྱད་ཀྱི་དུག་རླངས་བཅུད་དུ་སྨིན་པ་སྲོག་ཆགས་ཀྱི་རྣམ་པར་གྱུར་པ་རྣམས་ཕྱི་རོལ་དུ་དེད་དེ་གཞོབ་ཏུ་བསྲེག །ནད་དང་སྡིག་སྒྲིབ་ཐམས་ཅད་ཁྲག་རྣག་དང་ན་བུན་གྱི་རྣམ་པར་ཕྱིར་དབྱུངས་ཏེ་དམིགས་མེད་དུ་སྦྱངས། འཁོར་འདས་ཐམས་ཅད་ཁྲག་འཐུང་རོལ་བའི་ཞིང་ཁམས་ཡེ་ཤེས་ཀྱི་ཁྲོ་བོ་ཁྲོ་མོ་བྱ་ཁྱུང་ལྕགས་སྡིག་དུག་རླངས་མེ་མཚོན་གྱིས་གང་ཞིང་། སྒྲར་གྲག་པ་ཐམས་ཅད་འབྲུ་བཞིའི་སྔགས་ཀྱི་སྒྲ་སྒྲོག་པས་ཀླུ་གཉན་ས་བདག་གི་གནོད་བྱེད་རྣམས་འབོག་བརྒྱལ་སྙིང་རྩ་ཡེད་ཅིང་དམྱལ་སྒྲ་དིར་དིར་ཡོད་པར་བསམ་ཞིང་། དུག་ཁྲག་ཡེ་ཤེས་ཀྱི་གཟི་འོད་ཆེས་ཆེར་འབར་བས་སྣང་སྲིད་ཀུན་ཏུ་འགྲན་ཟླ་དང་བྲལ་བའི་ཏིང་འཛིན་གཡེལ་མེད་ཀྱི་ངང་ནས་འབྲུ་བཞི་པ་ཁོ་ན་བཟླ། ཨཱོཾ་ཕེ་ལམ་ཧཱུྃ༔ སླར་ཡང་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་བདེ་ཆེན་བསྐྱེད། ཟུང་འཇུག་སྦྱོར་བའི་འགུགས་ཟེར་ཕྱོགས་བཅུར་སྤྲོས་པས་སྣོད་བཅུད་ཀྱི་ནུས་རྩལ་ཐམས་ཅད་བསྡུས་ཏེ་གཟི་བྱིན་འབར་བས། གནམ་ལྕགས་ཞུན་མའི་ཕོ་བྲང་གཞོམ་མེད་རེག་གཅོད་ཀྱི་ཚྭ་ཚྭ་འཕྲོ་བ་ཞིག་ཏུ་བསྐྱེད་ལ་བཟླ། ཨཱོཾ་ཕེ་ལམ་ཧཱུྃ༔ ཡང་འབྲུ་བཅུ་བཞི་པའི་སྐབས་སུ། བདག་མདུན་གྱི་ལྷ་རྣམས་སླར་ཡང་སྔར་ལས་དྲག་ཏུ་ཁྲོས་ཤིང་ཐུགས་སྲོག་ས་བོན་དང་སྔགས་འཕྲེང་ལས་འོད་ཟེར་རྡོ་རྗེ་མེའི་ཚྭ་ཚྭ་རབ་ཏུ་ཁོལ་ཞིང་འཕྱུར་བས། སྐུའི་དབྱིངས་ཐམས་ཅད་ལྕགས་སྲེག་དང་ཁྲོ་ཆུ་ཞུན་མའི་བྱེད་ལས་བཞིན་དུ་འབར་བའི་ཤུགས་ལས། གནམ་ལྕགས་ཀྱི་ཐོག་དང་མེ་ཟེར་ཁྲོ་མཚོན་ཁྱུང་སོགས་ཕོ་ཉ་རབ་ཏུ་འཁྲུག་པས། སྣང་སྲིད་ཀྱི་འདྲེ་སྲིན་གཟའ་ཀླུ་བདུད་འགོང་འབྱུང་པོ་བྱད་གདོན་ཐམས་ཅད་དབང་དུ་བསྡུས་ཟིལ་གྱིས་མནན་ཅིང་། རྡུལ་ཕྲན་ཕྱེ་མར་མེ་ལྕེར་སྦྲང་བུ་ལྷུང་བ་ལྟར་སྐད་ཅིག་ཉིད་ལ་བཅོམ་ཞིང་དམིགས་མེད་དུ་བརླག་ནས། སྲོག་གི་དངས་བཅུད་སྐུའི་དབྱིངས་སུ་བསྡུས་པས་རབ་འབྱམས་ཞི་ཁྲོའི་གཟི་བྱིན་ནུས་སྟོབས་ཐམས་ཅད་ཅིག་ཅར་དུ་རྫོགས་ཏེ། འཁོར་འདས་ཟིལ་གནོན་གྱི་ཏིང་ངེ་འཛིན་དང་བཅས་ནས་རྟགས་རྫོགས་སུ་བཟླའོ། །ནག་པོ་ཏི་པ་ཙ་ཡ༔ ནཱ་ག་རཀྴ༔ ཨཱོཾ་ཕེ་ལམ་ཧཱུྃ༔ དེ་ལྟར་བསྙེན་བསྒྲུབ་སྔོན་དུ་སོང་ནས། ཡེ་ཤེས་ཀྱི་ཌཱཀྐིའི་སྙན་བརྒྱུད་ལས་བྱུང་བའི་ཕ་རོལ་བྱད་མའི་གཏད་ཁྲམ་བཟློག་པར་འདོད་ན། བདག་ཉིད་ཀླུ་བདུད་ནག་པོ་རྒྱ་མཚོ་ཆེན་པོའི་ཀློང་ལས་སྐུ་སྟོད་ཡན་ཐོན་པ་ཀླུ་གཉན་ས་བདག་དཔག་ཏུ་མེད་པས་བསྐོར་བ་ཐམས་ཅད་དུག་ལྔའི་སྟོབས་ཤུགས་འབར་བའི་དབལ་ལས་ནད་མཚོན་དུག་རླངས་གླིང་ཁམས་ཁྱབ་པར་འཕྲོས་པས་འཇིག་རྟེན་ཐམས་ཅད་སྨྱོ་འབོག་རེངས་ཤིང་བརྒྱལ། ཁྱད་པར་ཕ་རོལ་བྱད་མའི་མི་ནོར་ཕྱུགས་འཁོར་ཡུལ་ཞིང་དང་བཅས་པ་ཕོ་ཉ་རྣམས་དང་། ལས་རླུང་དྲག་པོའི་རྦ་ལ་གཡེངས་ཏེ། བདག་ཉིད་ཀྱི་ཞལ་དུ་སིབ་སིབ་བཏབ་པ་རྔམ་པའི་སྟོབས་ཀྱིས་ཀྲུམ་ཀྲུམ་བཞེས་ཏེ་འཁོར་བ་རྩད་ནས་གཅོད་པར་སྒོམས་ལ་དྲག་སྔགས་བརྒྱ་ཕྲག་དུ་བཟླ་བ་སྲོད་ཐུན་ལའོ། །ཡང་འཁོར་འདས་ཀུན་གྱི་རྦོད་གཏོང་དང་དམོད་ཁ་བཟློག་པར་འདོད་ན། བདག་ཉིད་ཁྲོ་རྒྱལ་ནཱ་ག་རཀྴ་སྟོང་གསུམ་གསལ་ཁྱབ་ཀྱི་སྐུར་བསྒོམ་པའི་ལྟོ་བར། གླིང་བཞི་རི་རབ་ལྕགས་རི་མུ་ཁྱུད་སྡེ་བརྒྱད་དྲེགས་པའི་གནས་རྟེན་ཐམས་ཅད་ཡོངས་སུ་ཆུབ་པ་ལ། རླུང་བུམ་པ་ཅན་གྱི་སྦྱོར་བས་བསྣུན་པས་ཡེ་ཤེས་རྡོ་རྗེ་སེར་བ་དྲག་པོས་འབྱུང་པོ་ཐམས་ཅད་དམྱལ་ཐག་བཅད། མཐར་ལྟོ་བ་གཡས་སུ་བསྐོར་བས་འབྱུང་ལྔ་རབ་ཏུ་འཁྲུགས་པའི་སྤུ་གྲི་འབར་བས་དྲེགས་བྱེད་ཕོ་རྒྱུད་ཐམས་ཅད་ཚར་བཅད། གཡོན་དུ་འཁོར་བས་མོ་རྒྱུད་ཐམས་ཅད་ཚར་བཅད། དྲག་ཏུ་མནན་པས་མ་ནིང་གི་སྡེ་ཚོགས་ཐམས་ཅད་ཚར་བཅད་པས། བག་ཆགས་སྣང་གཟུགས་ཀྱི་ཤ་ཁྲག་ཐམས་ཅད་འོག་ཏུ་ལྟེམ་གྱིས་ཞུ་བ། བདག་ཉིད་དཔལ་ཆེན་པོའི་སྲས་སུ་གྱུར་ནས་བཀྲག་མདངས་གཟི་བརྗིད་ཆེས་ཆེར་འབར་ཏེ་། སྲིད་པའི་འབྱུང་ཁམས་ཐམས་ཅད་ཐུགས་རྗེའི་རོལ་པར་ཁྱབ་གདལ་བས་གཟུང་འཛིན་གྱི་བདུད་ཚོགས་ནམ་ཡང་ལྡང་མེད་དུ་མོས་ལ། ཨཱོཾ་ནཱ་ག་རཀྴ་ཡ་མནྟ་ཀ་བཛྲ་པཱ་ཎི་ཀྲོ་ཏ་ཙཎྜ་ཨེ་ཀ་དུ་ན་ཨེ་ས་བྷྱོཿབཟློག༔ ཅེས་བཟླ་བ་སྟེ་དག་སྣང་དང་ལྡན་པ་རྣམས་ཀྱིས་ཉམས་སུ་ལེན་བྱར་གྱུར་པའོ། །དེ་ལ་ཞལ་ཤེས་ནི། ཐུན་མཚམས་དབྱངས་གསལ་ཡིག་བརྒྱ་ཡེ་དྷར་བཟླ་ཞིང་མཆོད་ཅིང་བསྟོད་ནས་དངོས་གྲུབ་ཞུ་བ་འདི་སྐད་དོ། །ཧཱུྃ༔ ཁྲོ་བོའི་རྒྱལ་པོ་ཀླུ་རྣམས་ཡོངས་ཀྱི་གཤེད༔ འབར་བའི་དབང་གིས་ཁམས་གསུམ་དབང་དུ་སྡུད༔ འཁྲུག་པའི་སྟོབས་ཀྱིས་སྲིད་གསུམ་ཟིལ་གྱིས་གནོན༔ བརྗིད་པའི་སྟོབས་ཀྱིས་ཀླུ་གདོན་རྡུལ་དུ་བརླག༔ ཐུགས་དམ་བསྐུལ་ལོ་སྔོན་གྱི་དམ་ཚིག་དགོངས༔ བདག་གི་རེ་ཞིང་ལྟོས་པའི་ཡི་དམ་ལྷ༔ བསྙེན་བསྒྲུབ་དམ་བཅས་གདུང་བའི་ང་རོས་འབོད༔ ཐུགས་རྗེའི་ཤུགས་ཕྱུང་ནུས་པའི་རྩལ་བསྐྱེད་ལ༔ སྔོན་གྱི་ལས་བཟློག་འཕྲལ་གྱི་རྐྱེན་སོལ་ཅིག༔ ཀླུ་གདོན་མ་ལུས་ཐུགས་རྗེའི་ཞལ་དུ་སྟོབས༔ སིདྡྷི་རྣམ་གཉིས་བདག་ལ་མྱུར་དུ་སྩོལ༔ ཨཱོཾ་ཕེ་ལམ་ཧཱུྃ༔ སརྦ་སིདྡྷི་ཧཱུྃ། ཅེས་པས་དབང་དངོས་གྲུབ་ཡིད་ལེན་བྱེད། ༈ འདིར་བླ་མེད་ཀྱི་རྒྱུད་དང་འབྲེལ་བར་གཞུང་ནས་བསྟན་ཕྱིར་ཚོགས་མཆོད་ཀྱི་རིམ་པ་བྱ་བར་སྤྲོ་ན། ཚོགས་རྫས་སུ་འོས་པ་རྣམས་བཤམས་ལ་བདུད་རྩིས་བསངས། ཨཱོཾ་ཨཱཿཧཱུྃ། འཁོར་འདས་དམིགས་མེད་རང་བཞིན་དབྱིངས་ཀྱི་སྣོད། །ཀ་དག་རིག་བཅུད་ག །ཉུག་མ་བདུད་རྩིའི་རྒྱུན། །ལྷུན་གྲུབ་ཡེ་ཤེས་འོད་ལྔར་བརྡལ་བའི་སྤྲིན། །རྨད་བྱུང་ནམ་མཁའི་མཐའ་ཀླས་ཁྱབ་པར་གྱུར། །ཨཱོཾ་ཨཱཿཧཱུྃ། ཕུད་དང་པོ་མཆོད་པ་ནི། ཧཱུྃ༔ ཐེག་བཅུད་འོད་གསལ་སྙིང་པོའི་མཆོད་སྤྲིན་མཆོག །གང་དུ་མི་གནས་ཅིར་ཡང་ལྷུན་གྲུབ་པ། །རང་བྱུང་རོལ་པ་རྒྱན་གྱི་འཁོར་ལོའི་ལྷ། །འཇོམས་བྱེད་ཁྲོ་རྒྱལ་འབར་བའི་སྣང་ཆ་རུ། །སྲིད་གསུམ་ཀ་ནས་དག་པར་འབུལ་ལགས་ན། །ཁམས་གསུམ་ཡོངས་སྒྲོལ་ཀློང་དུ་བཞེས་སུ་གསོལ། །གྷ་ན་ཙཀྲ་པཱུ་ཙ་ཁཱ་ཧི། བར་པ་བསྐང་བ་ནི། ཧཱུྃ༔ ཀློང་ལྔའི་རྩལ་མདངས་ཡེ་ཤེས་རོལ་པའི་གར། །གཏུམ་ཆེན་གདུག་པ་ཀུན་འདུལ་ཐུགས་དམ་བསྐང་། །སྐུ་མཆོག་རིགས་སྔགས་དམོད་པ་མཚོན་ཆའི་དབལ། །འཇིགས་བྱེད་འཇམ་དཔལ་དཔའ་བོའི་ཐུགས་དམ་བསྐང་། །སྟོབས་བཅུའི་རྩལ་འབྱིན་ནག་པོ་ཀླུ་གཉན་གཤེད། །ཁྲོ་རྒྱལ་ནཱ་ག་རཀྴའི་ཐུགས་དམ་བསྐང་། །ཤེས་རབ་སྟོང་པའི་དབྱིངས་སུ་ཆོས་ཀུན་སྡུད། །བདེ་ཆེན་ཀླུ་མོ་སྤྱན་གཅིག་ཐུགས་དམ་བསྐང་། །རྨོངས་ཚོགས་སྲིད་གཞོམ་ཆོས་དབྱིངས་སྙིང་པོ་ཅན། །འཆི་བདག་གླང་གདོང་སེར་པོའི་ཐུགས་དམ་བསྐང་། །ཞེ་སྡང་སྲིད་གཞོམ་ཡེ་ཤེས་འོད་ཆེན་པོ། །གདུག་པ་སྦྲུལ་གདོང་ནག་པོའི་ཐུགས་དམ་བསྐང་། །ཞེན་ཆགས་སྲིད་གཞོམ་ཐུགས་རྗེ་སོ་སོར་གསལ། །བྱ་ཁྱུང་སྲོག་ཟན་དམར་པོའི་ཐུགས་དམ་བསྐང་། །ང་རྒྱལ་སྲིད་གཞོམ་ཡིད་བཞིན་འབར་བའི་ཤུགས། །ལས་བྱེད་སྤྲུལ་དང་ཡང་སྤྲུལ་ཐུགས་དམ་བསྐང་། །ཕྲག་དོག་སྲིད་གཞོམ་འཁོར་འདས་དམིགས་མཐའ་བྲལ། །མེ་རླུང་ཚ་ཟེར་འཁྲུགས་པས་ཐུགས་དམ་བསྐང་། །མ་བསྐྱེད་གསལ་རྫོགས་འོད་སྐུའི་རྣམ་རོལ་ཅན། །ལྷུན་འབྱམས་རྫོགས་པ་ཆེན་པོའི་ཐུགས་དམ་བསྐང་། །བཤགས་པ་ནི། ཧོ་འོད་གསལ་ཀློང་ཡངས་དམིགས་མེད་ཐུགས་རྗེའི་དཔྱིད། །རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་དགུ་ཡི། །རྟེན་འབྲེལ་ས་མཚམས་སྤང་བླང་རྒྱུ་ཡི་ཆོས། །འགོག་ལམ་ཉེས་ལྟུང་དམ་ཚིག་ཉམས་ཆག་སོགས། །བཟང་རེ་ངན་དོགས་རྣམ་རྟོག་འཁྲུལ་པའི་དྲི། །མི་གནས་མི་དམིགས་ཆོས་སྐུའི་ཀློང་དུ་བཤགས། །རིས་མེད་བློ་འདས་ངང་དུ་བཟོད་པར་གསོལ། །ཅེས་ཡིག་བརྒྱ་བཟླ། ཐ་མ་སྒྲལ་བ་ནི། ཨེ་ལས་གཏིང་མཐའ་བྲལ་བའི་གནམ་ལྕགས་ཁང་། །གྲུ་གསུམ་མཚོན་ཚོགས་ཁྲོ་ཆུ་ཁོལ་མའི་རུམ། །ནག་པོ་ཀླུ་ཁམས་རྣམ་རྟོག་འདྲེ་གདོན་རྣམས། །ཉམ་ཐག་སྐད་ངན་ཙི་དིར་ཁོལ་བའི་སྟེང་། །བདག་ཉིད་དཔལ་ཆེན་ཐུགས་ལས་སྤྲུལ་བའི་སྲས། དམར་ནག་བྱ་ཁྱུང་མེ་ཟེར་སྲིད་གསུམ་འཁྲུག །སྐུ་སྟོད་ཁྲོ་རྒྱལ་ཡེ་ཤེས་ཐུགས་དང་ལྡན། །སྒྲོ་གཤོག་རླབས་ཀྱིས་ས་བཞི་བརྡར་ཤ་གཅོད། །སྐུ་སྨད་སྒྲོལ་བྱེད་དབལ་བཤམས་རྣོ་ངར་ལྡན། །གསོད་ཅིང་སྡིགས་པས་ཤུགས་ཀྱིས་ཕུང་ཁམས་བཤིག །སྒྲིབ་གཉིས་བག་ཆགས་དངོས་འཛིན་ཀ་ནས་དག །དཔལ་ཆེན་སྲས་མཆོག་ཡེ་ཤེས་སྦུབས་སུ་ཐིམ། ཁྲོམ་གྷ་རུ་ཊ་ཀཱི་ལ་ཡཱ་ནཱ་ག་སརྦ་ཏྲིག་ནན་རྦད་ཡ། ཅེས་བསྒྲལ་ཏེ་བསྟབ་པ་ནི། ཧཱུྃ། ཡེ་ཤེས་རང་རྩལ་རྔམ་ཡང་དགྱེས་པའི་ཞལ། །ཕྱེས་ཤིག་རང་རིག་ལྟ་བའི་མཐོང་ལམ་ཕྱེས། །བསྟབ་བོ་ལས་དང་ཉོན་མོངས་སྡིག་སྒྲིབ་བསྟབ། །བཞེས་ཤིག་རིས་མེད་མཉམ་པ་ཆེན་པོར་བཞེས། །ཨ་ལ་ལ་ཏེ་སུ་ཁ་ཛྙཱ་ན་ཧོ༔ ཅེས་ཕུལ། དེ་ནས་སྐབས་འདིར་བསྙེན་སྒྲུབ་ལས་སྦྱོར་མཐའ་རུ་ཕྱིན་པའི་ཚེ། སྒྲུབ་རྫས་བྷནྡྷ་རྟེན་གཏོར་ལྷར་གསལ་བ་སྤྱི་བོར་བཀོད་ལ། ཧཱུྃ། ཁྲོ་བོའི་རྒྱལ་པོ་ཀླུ་རྣམས་ཡོངས་ཀྱི་གཤེད། སོགས་ཀྱི་དབང་བླངས་ཤིང་ཙཀྲ་མགུལ་དུ་བཏགས། །རྫས་རིལ་ནང་རེ་བཞིན་ལོངས་སྤྱོད་པའམ། སླད་དོན་དམོད་རྫས་སུ་བཅང་བ་ཡུལ་དང་བསྟུན། ཚོགས་ལྷག་ནི། ཧཱུྃ། ཡེ་ཤེས་རོལ་པའི་ཆོ་འཕྲུལ་དཀྱིལ་འཁོར་ལྷ། མ་ཡེངས་མི་རྟོག་རྩོལ་བྲལ་ལྷུག་པའི་མདངས། །སྤྲུལ་དང་ཡང་སྤྲུལ་བྲན་གྱི་ཚུལ་སྣང་བ། །ཕོ་རྒྱུད་མོ་རྒྱུད་དྲེགས་པའི་སྡེ་ཚོགས་རྣམས། །འདོད་ཡོན་ཚོགས་ཀྱི་ལྷག་མ་འདི་བཞེས་ལ། ཟབ་གསང་བསྟན་འདི་ཕྱོགས་བཅུར་འཕེལ་ཞིང་རྒྱས། །བསྟན་དགྲ་གནོད་བྱེད་མིང་ཡང་མེད་པར་མཛོད། །ཨུ་ཙི་ཊ་བྷཀྵ་བྷྱ་སྭཱ་ཧཱ། དེ་ནས་སྐབས་འདིར་བསྲུང་མའི་བསྐུལ་པ་གཏོང་ཞིང་གཏོར་མ་འབུལ། ཆད་ཐོ་བྱ་བ་ནི། ཧཱུྃ། སྔོན་དུས་ཡེ་ཤེས་དཔལ་གྱི་དམ་ཚིག་དང་། །བར་དུ་སྤྲུལ་བའི་རིག་འཛིན་དམ་ཚིག་དང་། །ཐ་མར་གང་ཟག་དམ་ཚིག་གཉན་པོ་དང་། །ད་ལྟ་བདག་ཅག་རྣལ་འབྱོར་དམ་ཚིག་ལ། །ཚུལ་བཞིན་རྟོགས་པ་མ་ལུས་འདིར་གཤེགས་ལ། །ཇི་ལྟར་རང་རང་དམ་བཅས་ཇི་བཞིན་དུ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་དབུལ། བསྟན་སྐྱོང་ནི། ཧཱུྃ་བྷྱོ༔ སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་དུ། །འཛམ་གླིང་བོད་ཁམས་སྐྱོང་བར་ཞལ་བཞེས་པའི། །བསྟན་མ་ཆེན་མོ་མ་སྲིང་འཁོར་དང་བཅས། །འདིར་གཤེགས་བཀའ་ཡི་གཏོར་མ་འདི་བཞེས་ལ། །དགྲ་བགེགས་སྒྲོལ་ལ་རྐྱེན་ངན་བར་ཆད་བཟློག །ནད་ཁ་ཆོད་ལ་རིམས་ཁ་མ་ལུས་སྒྱུར། ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་འཕྲིན་ལས་མཛོད། །གཏོར་བྲོ་བརྡུང་བ་ནི། གཏོར་གཞོང་ཁ་སྦུབ་པའི་འོག་ཏུ་དགྲ་བགེགས་མནན་པར་བསམ་སྟེ། ཧཱུྃ། སྟོང་གསུམ་བརྡལ་བའི་དཔལ་གྱི་གཞལ་ཡས་སུ། །རྔམ་བརྗིད་རོལ་པ་ཁྲོ་རྒྱལ་གཤིན་རྗེའི་གཤེད། །རྐང་པ་རྡོ་རྗེ་འཁོར་ལོ་འབར་བ་ཡི། །བྲོ་བརྡུང་འཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ། །ཤཱནྟིང་པུཥྟིང་ཝ་ཤཾ་མཱ་ར་ཡ་ནན༔ དེ་ནས་མཆོད་བསྟོད་ནོངས་བཤགས་བྱས་ཏེ་གཤེགས་སུ་གསོལ་བའམ་རྟེན་ཡོད་ན་བརྟན་བཞུགས་སོགས་བྱ་ཞིང་། དཀྱིལ་འཁོར་བསྡུ་བ་ནི། ཧཱུྃ། རིག་པའི་ཆོ་འཕྲུལ་ཧེ་རུ་ཀ །དམིགས་མེད་ཀ་དག་ཀློང་དུ་མུ། །འགག་མེད་སྐུ་གསུམ་ལྷུན་གྲུབ་ཞིང་། །འཁོར་འདས་དབྱེར་མེད་ཨ་ལ་ལ། །ཅེས་རྫོགས་རིམ་བསྡུ་ཞིང་། རྗེས་སྣང་གི་རྒྱུན་སྤྱོད་ལ་འཇུག །ཐུན་མཇུག་དགེ་རྩ་བསྔོ་བ་ནི། ཧཱུྃ༔ ཁྲོ་རྒྱལ་དབང་གི་བསྒོམ་བསྒྲུབ་ལ༔ རིམ་པ་གཉིས་ཀྱི་བསྐྱེད་རྫོགས་བཟླས༔ བསོད་ནམས་མཐུ་ཡིས་འགྲོ་བདེ་ཞིང་༔ ཀུན་ཏུ་བླ་མེད་བྱང་ཆུབ་སེམས༔ རྡོ་རྗེ་འཛིན་པ་འགྲུབ་གྱུར་ཅིག༔ བཀྲ་ཤིས་ནི། གང་ཞིག་བླ་མེད་བཅོམ་ལྡན་གཤིན་རྗེའི་གཤེད། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་མ་ལུས་པ། །འགྲོ་བ་ཀུན་གྱི་རྒྱུད་ལ་རབ་ཞུགས་ནས༔ དངོས་གྲུབ་རྣམ་གཉིས་འཕེལ་བའི་བཀྲ་ཤིས་ཤོག །ཅེས་དང་། གཞན་ཡང་བཀྲ་ཤིས་ཅི་རིགས་བརྗོད་ཅིང་དཀྱིལ་འཁོར་གྱི་སྣང་ཆ་རྣམས་སྐལ་མེད་ཀྱི་མིག་ལམ་དུ་མི་མངོན་པར་བསྡུ་བ་སོགས་མཐའ་རྒྱས་པར་བྱའོ། །ཅེས་པ་འདི་ནི་གཏེར་ཆེན་ཉི་མ་གྲགས་པའི་གཏེར་བྱོན་ལ་གོ་དོན་ཟབ་མོ་གསལ་བར་བྱས་པ་སོགས་མ་ཚང་ཁ་སྐོང་རྣམས་གུ་རུའི་ཟབ་གཏེར་གྱི་བཀའ་རྟགས་མངོན་དུ་གྱུར་པ་ཐུགས་མཆོག་རྡོ་རྗེས་མཛད་པ་ལྟར་ལ། གོང་འོག་འཁྲིགས་རིམ་རྣམས་གཏེར་ཆེན་ཉི་མ་གྲགས་ཀྱི་ཕྱག་བཞེས་མ་འཁྲུལ་བར་འགྲིགས་ཆགས་སུ་བཀོད་པ་འདི་ནི་འགྱུར་མེད་པདྨ་ཀུན་གྲོལ་རྣམ་རྒྱལ་པས་དད་མོས་ཀྱི་ངང་ནས་བྲིས་པའོ། །མངྒ་ལཾ། ༈ རབ་འཇིགས་འབར་བའི་བྱིན་གཟས་གདེང་ཅན་དཔུང་། །སྲེག་བྱེད་རིགས་གསུམ་འདུས་པའི་སྒྲུབ་ཕྲིན་ཁྲིགས། །པར་དུ་བཞེངས་པའི་དགེ་དེས་སྙིགས་དུས་འགྲོ། །འཇམ་དཔལ་དཔའ་བོའི་གོ་འཕང་མཆོག་ཐོབ་ཤོག །ཅེས་པའང་རིག་འཛིན་པས་བྲིས་པ་མངྒ་ལཾ།། །།


previousnext