Nitartha Digital Library
Tibetan
 
previousནཱ་ག་རཀྴའི་དབང་ཆོག་ཁྲིགས་སུ་སྡེབས་པ་ཕན་བདེའི་ཉིན་བྱེད།next

ནཱ་ག་རཀྴའི་དབང་ཆོག་ཁྲིགས་སུ་སྡེབས་པ་ཕན་བདེའི་ཉིན་བྱེད།

ཀླུ་བདུད་ནཱ་ག་རཀྴའི་དབང་ཆོག་ཁྲིགས་སུ་སྡེབས་པ་ཕན་བདེའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །རབ་ཞིའི་དཔལ་ལས་ཆེར་ཁྲོས་འཇམ་དཔལ་དབྱངས། ཀླུ་སྲིན་དྲག་པོར་རོལ་བའི་རྣམ་འགྱུར་གྱིས། འབྱུང་གདོན་ཟ་བར་དུས་ཀྱི་ལྕེ་རྣོན་བཞིན། རབ་འབར་རིག་པའི་རྒྱལ་པོར་གུས་བཏུད་ནས། གདེངས་ཅན་དུག་རླངས་མུན་པས་འཚེ་བའི་སྨག །གཞིལ་ནུས་གསང་བདག་ཁྲོ་བོའི་བསྐྱེད་བཟླས་ཉི། དོན་གཉེར་སྐལ་བཟང་དགའ་བའི་ལེགས་བཤད་སྐྱེས། དབང་ཆོག་ཕན་བདེའི་སྣང་བ་དེང་འདིར་སྤྲོ། དེ་ཡང་འཇམ་དཔལ་རིག་པའི་རྒྱལ་པོ་ནཱ་ག་རཀྴའི་དབང་བསྐུར་བ་ལ་སྦྱོར་བ་ཡོ་བྱད་ཀྱི་བཤམས་དང་དབང་བསྐུར་བའི་ཚུལ་གཉིས་ལས། དང་པོ་ནི་སྟེགས་བུ་ཁེབས་ལྡན་གྱི་ཁར་རས་བྲིས་སམ་ཡང་ནའང་འབྲུ་ཚོམ་གྱི་ཁར་གཏོར་མ་དམར་ནག་ཟུར་གསུམ་པ། གཡས་གཡོན་དུ་ཅུང་ཟད་དམན་པའི་འཁོར་རང་འདྲ་གཉིས་ཙཀླི་གཏོར་གདུགས་ནག་པོས་བརྒྱན་པ། གཡས་སུ་གྲི་གུག །གཡོན་དུ་སྦྲུལ་ཞགས། མདུན་དུ་བྱ་ཁྱུང་སྐུ། རྒྱབ་ཏུ་ཀླུ་གདོན་ཙཀླི། དམ་ཚིག་གི་ཆུ་ལ་སོགས་པ་དང་། གཞན་ཡང་སློབ་དཔོན་མདུན་དུ། ནས་ཟེ། སྤོས་ཐུན། ཌ་དྲིལ། ལས་བུམ། བགེགས་གཏོར། མཎྜལ། སོགས་ཚོགས་པར་བྱས་ལ་ལས་ཀྱི་གཞུང་བསྲང་ཞིང་འཛབ་བསྙེན་ནུས་ལྡན་དུ་བྱ་ཞིང་བདག་འཇུག་བླང་། དེ་ནས་ལས་བུམ་བསང་སྦྱངས། སྭ་བྷ་ཝཱ་སོགས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲུྃ་ལས་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དབང་གིས་ལྷས་དབང་བསྐུར་མི་བསྐྱོད་པས་དབུ་རྒྱན་པར་གྱུར། ཨོཾ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །བདུད་རྩི་འཁྱིལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་གནོད་བྱེད་ཐམས་ཅད་ཚར་བཅད་སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བཀུག་ནས་བུམ་པའི་ཆུ་ལ་ཐིམ་པར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། གང་འགྲུབ་བཟླ་ཞིང་མཐར། ཁྲོ་བོ་འོད་དུ་ཞུ་ནས་བུམ་ཆུའི་རྣམ་པར་གྱུར། ཞེས་བསྐྱེད་བཟླས་གྲུབ་ནས། སློབ་མ་ཁྲུས་བྱ། གྲལ་དུ་འཁོད། བགེགས་བསྐྲད། ཆོས་བཤད་ཇི་རིགས་པ་སྔོན་དུ་འགྲོ་བས། འདིར་བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཉིད་གཏི་མུག་གདུག་པ་འདུལ་བའི་ཆེད་དུ་རིག་པའི་རྒྱལ་པོ་ནཱ་ག་རཀྴའི་སྐུར་བཞེངས་པའི་སྒྲུབ་ཐབས་ཁྱད་པར་ཅན་འདི་ནི། སྔོན་རྒྱ་གར་བྷ་ཡ་ཏི་རར་རྒྱལ་པོ་གཙུག་གི་ནོར་བུ་མཐའ་ཡས་འོད་ཅེས་བྱ་བ་ལོ་བཅུ་གཅིག་ལོན་པ་ས་བདག་དམངས་རིགས་ཀྱི་གདོན་གྱིས་ཟིན་པ་ལ་བླ་མཆོད་དུ་དགེ་སློང་ཚུལ་ཁྲིམས་དག་པ་གཅིག་ཡོད་པ་དེས་ལྷ་ལ་གསོལ་བ་བཏབ་པས། རི་བོ་མགྲིན་བཟང་ནས་སངས་རྒྱས་འོད་སྲུང་གི་མཆོད་རྟེན་གྱི་བུམ་པའི་ནང་ན་ཀླུ་བདུད་འབུམ་གྱི་སྙིང་པོ་ཡོད་པ་ལོང་ལ་ཉམས་སུ་ལོང་ཞིག་བྱ་བ་བྱུང་བས། གཏེར་ནས་ཕྱུངས་ཏེ་རྒྱལ་བུ་ནད་ལས་བཀྲོལ། ཕྱིས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་ཆོས་འཁོར་བསམ་ཡས་བཞེངས་དུས། མལ་གྲོའི་ཀླུས་སྤྲུལ་བའི་གཟུགས་ཀྱིས་གྲོགས་བྱས་པའི་དྲིན་བརླན་ཕྱིར་གཟུགས་བསྟན་པ་ནན་གྱིས་བསྐུལ་བ་ལས་གཟི་ཅན་གྱི་རང་གཟུགས་སྟན་པའི་དུག་གིས་ཕོག་པས་ནད་དང་སྡུག་བསྔལ་གྱིས་མནར་བར་གྱུར་ཅིང་། འོན་ཀྱང་སློབ་དཔོན་ཆེན་པོ་ལྟ་བུ་བཞུགས་པས་ཕན་བའི་ཐབས་མཆིས་སམ་སྙམ་སྟེ། ཚུལ་དེ་ཞུས་ནས་གསོལ་བ་བཏབ་པས་གདམས་པ་འདི་ཉིད་བསྟན་པས་རྒྱལ་པོ་བསྙུན་ལས་གྲོལ་ཏེ་སྔོན་གྱི་རབས་ཀྱང་གསུངས་སོ། །དེ་ལྟ་བུའི་གདམས་པ་འདི་ནི། ཇི་སྐད་དུ། སློབ་དཔོན་ཆེན་པོས། དྲན་པ་ཙམ་གྱིས་ཀླུ་ནད་འཇོམས༔ ས་བདག་ས་སྲིན་སྨོས་ཅི་དགོས༔ ས་བདག་ཀླུ་ཡི་གཤེད་མ་ནི༔ ནཱ་ག་རཀྴ་ཞེས་བྱ་བ༔ ཀླུ་རྣམས་སྲོག་གཅོད་སྲིན་པོ་ཡིན༔ ཞེས་གསུངས་པ་ལྟར་མཐུ་སྟོབས་བྱིན་རླབས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པའི་ལྷག་པའི་ལྷ་འདི་ལ། སྒྲུབ་པའི་བཀའ་སྲོལ་རྣམ་གྲངས་མང་དུ་བཞུགས་པ་ལས། འདིར་ནི་ཁམས་པ་ཉི་མ་གྲགས་པའམ་གར་དབང་འགྲོ་འདུལ་གླིང་པ་ཞེས་ཡོངས་གྲགས་ཀྱི་གཏེར་ཆེན་དེ་ཉིད་ཀྱིས་གདན་དྲངས་པ་སྟེ། དེ་ཡང་སྒྲུབ་ཐབས་ལས། མ་འོངས་བོད་ཀྱི་མི་དགེར་འབུང་༔ དཀར་ཕྱོགས་ཉམས་ཤིང་ནག་ཕྱོགས་དར༔ ཁྱད་པར་གཟའ་ཀླུས་མི་ཐོག་འཇོམས༔ དེ་དུས་འགྲོ་ལ་ཕན་དོན་དུ༔ ཤིན་ཏུ་ཟབ་པའི་གདམས་པ་ཞིག༔ ཡི་གེར་འདེབས་ནས་གཏེར་དུ་བཅོལ༔ ཞེས་དང་ཨེ་མ་གསང་བ་ཐུགས་ཀྱི་བཅུད༔ ཤིན་ཏུ་གསང་བའི་ཡང་སྙིང་འདི༔ བོད་ཡུལ་གངས་ཀྱི་རི་ལྗོངས་འདིར༔ མཐའ་དབུས་ལྔ་ལ་གཏེར་དུ་སྦོས༔ ཤར་གཏེར་ལྷོ་གཏེར་ནུབ་ཀྱི་གཏེར༔ བྱང་གཏེར་དབུས་གཏེར་རྒྱལ་པོའི་དཀོར༔ སྐལ་ལྡན་ལྔ་ལ་སྨོན་ལམ་བཏབ༔ ཁྱད་པར་འཕགས་པའི་གདམས་པ་འདི༔ ཤར་ཕྱོགས་རྡོ་རྗེའི་ཆོས་སྐོར་དུ༔ ཤར་ཕྱོགས་མཐོན་པོའི་རི་བོའི་ལྷོ༔ ཅི་མདའ་བྲག་དམར་མགུལ་དུ་སྦས༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ ལས་འཕྲོ་ཅན་དང་འདི་འཕྲད་ནས༔ འགྲོ་བའི་སྡུག་བསྔལ་སེལ་བར་ཤོག༔ ཅེས་གསུངས་པ་ལྟར་ཁམས་ཀྱི་སྲིང་མོ་རྫོང་གི་ལྷོ་ཕྱོགས་ནགས་ཤོད་ཅི་མདའ་བྲག་དམར་ཞེས་ཆུ་བོ་ཆེན་པོ་རབ་ཏུ་འཁྲུག་པའི་ཕར་འགྲམ་ན། ཤིན་ཏུ་མཐོ་བའི་བྲག་རི་ལྟར་མི་བཟོད་པའི་གཡང་ས་ཆེན་པོ་ཉམས་ང་བའི་ལོགས་ལ། གཏེར་སྟོན་རིག་འཛིན་ཆེན་པོ་དེ་ཉིད་མཁའ་ལ་བྱ་ལྟར་ལྡིང་བའི་རྫུ་འཕྲུལ་གྱི་བཀོད་པ་རྨད་དུ་བྱུང་བས། ཆུ་དང་བྲག་གཡང་སོགས་གང་ལའང་ཐོགས་མེད་དུ་གཤེགས་པའི་ཚེ་དམ་སེལ་ཞིག་གི་རྐྱེན་གྱིས་གཏེར་སྒོ་འགག་ཏུ་ཉེ་བ་ན་དམ་ཅན་སྐྱེས་བུ་ཆེན་པོའི་གཟུགས་དངོས་སུ་བསྟན་ནས་ཤོག་སེར་རྫ་བུམ་གང་ཕུལ་བ་བཞེས་ནས། སླར་ཡང་རྫུ་འཕྲུལ་འགོག་པ་མེད་པའི་རྣམ་འཕྲུལ་དུ་མ་དང་བཅས་ཚུར་འགྲམ་དུ་གཤེགས་པར་མཛད་པ་ངོ་མཚར་ཡ་མཚན་གཞལ་དུ་མེད་པར་བསྟན་ནས་གདན་དྲངས་པའི། ཟབ་ཆོས་གསང་བདག་རིག་པའི་རྒྱལ་པོ་ནཱ་ག་རཀྴའི་ཆོས་ཚན་ཟབ་ཁྱད་ཕུལ་དུ་བྱུང་བའི་གདམ་ཟབ་གང་གི་སྒོ་ནས་དབང་བསྐུར་བ་ལ། སློབ་དཔོན་གྱི་བགྱི་འོས་དང་སློབ་མའི་བགྱི་བ་གཉིས་ཀྱི་སློབ་དཔོན་གྱི་བགྱི་བར་འོས་པ་རྣམས་ལེགས་པར་གྲུབ་ཟིན་པས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཞེས་བརྡ་སྤྲད། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཤཾ༔ ཀླུ་བདུད་ནག་པོའི་གདམས་པ་ལས༔ དབང་ཆོག་གནམ་ལྕགས་དྲག་མེ་བཞུགས༔ ཤཾ༔ ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ༔ དབེན་པའི་གནས་སུ་དཀྱིལ་འཁོར་ནི༔ སྒྲུབ་པའི་གཞུང་ལྟར་བཤམས་ནས་ཀྱང་༔ གཡས་སུ་གྲི་གུག་གཡོན་སྦྲུལ་ཞགས༔ ཀླུ་དང་ཁྱུང་གི་ཙཀ་ལི་བསགས༔ སྨན་རག་མཆོད་པ་སྣ་ཚོགས་བཤམས༔ ལས་གཞུང་བསྲང་ཞིང་བསྙེན་སྒྲུབ་གསོ༔ ཏིང་འཛིན་བསྐྱེད་ཅིང་དམིགས་པ་བསྒྱུར༔ ཀླུ་དང་ས་བདག་དབང་བསྡུས་ནས༔ ཟིལ་གྱིས་མནན་ཞིང་བཀའ་ཉན་བསམ༔ བུམ་པ་བསང་སྦྱངས་སློབ་མ་བཀྲུ༔ བགེགས་བཏོར་བསྔོ་ཞིང་མཚམས་གཅོད་བྱ༔ དབང་ཡོན་གོ་ཁྲབ་མཎྜལ་འབུལ༔ དབང་དོན་མཚམས་སྦྱོར་ལོ་རྒྱུས་འཕྲོད༔ སློབ་དཔོན་ལྷར་གསལ་གསོལ་བ་གདབ༔ ཀྱཻ༔ ཁྲོ་བོའི་རྒྱལ་པོ་འབར་བའི་སྐུ༔ གདུག་པ་འདུལ་མཛད་ཧེ་རུ་ཀ༔ འབར་བ་དབང་གི་དཀྱིལ་འཁོར་དུ༔ བདག་ནི་སྨིན་པར་མཛད་དུ་གསོལ༔ ལན་གསུམ༔ ལན་སྦྱིན་པ་ནི༔ ཧཱུྃ༔ ང་ནི་དཔལ་ལྡན་ཧེ་རུ་ཀ༔ ཁྱེད་ཅག་རྡོ་རྗེའི་བུ་ཡིན་ནམ༔ དམ་ཚིག་བཀའ་ལས་མི་འདའ་ཞིང་༔ ཚུལ་བཞིན་སྒྲུབ་པར་བརྩོན་ནུས་སམ༔ ལན་གསོལ་བ༔ དགོངས་ཤིག་ཁྲོ་རྒྱལ་གཤིན་རྗེ་གཤེད༔ བདག་ནི་གསང་བའི་ཆོས་ལ་དད༔ བཀའ་ལས་མི་འདའ་དམ་ཚིག་བསྲུང་༔ ལུས་སྲོག་འབེན་བཙུག་སྒྲུབ་ལ་བརྩོན༔ ཁྱེད་ཀྱིས་རྗེས་སུ་འཛིན་པར་ཞུ༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ ཕྱོགས་བཅུའི་བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཐམས་ཅད་ཐུགས་ཆོས་ཉིད་ཁྱབ་བརྡལ་ཞལ་ཕྱག་གི་མཚན་མ་ལས་འདས་པ་གདོད་མ་ནས་རང་ཆས་སུ་ཞུགས་པའི་བརྡ་རྟགས་མཚོན་བྱེད། སྤྱི་མཐུན་བློ་ཡུལ་དུ་འཇུག་པ་བདེ་ཕྱིར་ཆོས་སྐུ་གསང་བའི་བདག་པོ་ཞེས་དང་༔ སྟོང་པའི་རྩལ་ཁ་གོ་མ་འགགས་པའི་སྟོབས་ཤུགས་འཆང་བ་བདེ་གཤེགས་ཐམས་ཅད་ཀྱི་སྐུའི་བདག་ཉིད་འཇམ་དཔལ་དབྱངས་དང་གསལ་སྟོང་ཟུང་དུ་འཇུག་པའི་རྟེན་འབྲེལ་ཐུགས་རྗེའི་དངོས་སྣང་གདུག་པ་འདུལ་ཕྱིར་ཀླུ་བདུད་ནཱ་ག་རཀྴའི་ཆོ་འཕྲུལ་དུ་རོལ་པ་སྟེ། དོན་ལ་ཆོས་ཉིད་སྟོང་པའི་གསལ་མདངས་ཁྲོ་རྒྱལ་ནཱ་ག་རཀྴའི་སྐུར་སྣང་བ་ལ་དེང་ནས་བཟུང་སྟེ་ཇི་སྲིད་རང་བྱུང་དོན་གྱི་ཧེ་རུ་ཀ༔ མངོན་དུ་མ་གྱུར་གྱི་བར་དུ་རྩལ་མདངས་ལོངས་སྐུའི་དཀྱིལ་འཁོར་ལ་མི་ཕྱེད་དད་པས་སྐྱབས་སུ་འགྲོ་བའི་བློས། ཧཱུྃ༔ ཆོས་སྐུ་གསང་བདག་ལོངས་སྐུ་འཇམ་དཔལ་དབྱངས༔ སྤྲུལ་སྐུ་ཁྲོ་རྒྱལ་ནཱ་ག་རཀྴ་ལ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ དབང་དྲག་ཕྲིན་ལས་སྒྲུབ་ཕྱིར་སྐྱབས་སུ་མཆི༔ ལན་གསུམ༔ སེམས་བསྐྱེད་པ་ནི༔ ཁམས་གསུམ་སྐྱེ་འགྲོ་སྤྱི་དང་ཁྱད་པར་གདུལ་དཀའི་འགྲོ་བ་ཐམས་ཅད་འོད་གསལ་གཉུག་མ་མི་འགྱུར་བ་དཔའ་བོ་གྱད་ཀྱི་ངོ་བོར་ཡོངས་སུ་བསྒྲལ་ཏེ་ཕྱིར་མི་ལྡོག་པའི་བློས༔ ཧཱུྃ༔ སྡུག་བསྔལ་འགྲོ་བ་བདེ་ལྡན་ཕྱིར༔ ཁྲོ་རྒྱལ་འབར་བའི་ཏིང་འཛིན་བསྒོམ༔ དྲག་པོའི་འཕྲིན་ལས་སྒྲུབ་ནས་ནི༔ འགྲོ་དོན་འགྲུབ་པར་སེམས་བསྐྱེད་དོ༔ ལན་གསུམ༔ དེ་ནས་དམ་ཆུ་བླུད༔ ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ༔ དམ་ཚིག་ཉམས་ན་རྡུལ་དུ་བརླག༔ དེ་བས་ཁྱེད་ཀྱིས་དམ་ཚིག་བསྲུང་༔ ནཱ་ག་རཀྴ་ཙིཏྟ་ཧཱུྃ༔ དེ་ནས་རྡོ་རྗེ་མགོ་ལ་བཞག་སྟེ༔ ཧཱུྃ༔ ང་ནི་རྡོ་རྗེ་འཛིན་པ་སྟེ༔ རྡོ་རྗེ་འཆང་དབང་ང་ཡི་བཀའ༔ ཁྱོད་ཀྱི་ཚུལ་བཞིན་རྟག་དུ་བསྲུང་༔ ནམ་ཡང་འདའ་བར་མ་བྱེད་རྒྱ༔ ས་མ་ཡ་བཛྲ་ཧཱུྃ༔ སྐྱབས་སེམས་ཕོག་ལ་ཡེ་ཤེས་དབབ༔ ཏིཥྛ་བཛྲ་མེ་ཏོག་འཐོར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པ་ལས་བུམ་གྱི་ཆུས་བསངས། ཨོཾ་མ་ཧཱ་ཤུ་ནྱ་ཏ༴ སོགས་ཞེས་བརྗོད་པས་ཁྱེད་རང་རྣམས་རྣམ་སྨིན་གྱི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་བཾ་ལས་རྒྱ་མཚོ་ཆེན་པོའི་ཀློང་དུ་གྲུ་གསུམ་དམར་ནག་གི་དབུས་སུ་ཀླུ་གཉན་ས་བདག་འབུམ་ཁྲི་བསྣོལ་བའི་སྟེང་དུ། ཁྱེད་རང་རྣམས་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཕེ་དམར་ནག་ཞིག་ཏུ་གྱུར། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་ཁྲོ་རྒྱལ་རིག་པའི་རྒྱལ་པོ་ནཱ་ག་རཀྴ་ཀླུ་སྲིན་མི་སྡུག་པའི་ཉམས་ཅན། དབུ་དགུ་ཕྱག་བཅོ་བརྒྱད་པ་རབ་ཏུ་ཁྲོས་པ་སྲིན་པོའི་ཞལ་ལ་རྣོ་ཞིང་གདུག་པའི་དུག་གི་མཆེ་བ་ཟུར་གསུམ་དུ་གཙིགས་ཤིང་སྤྱན་དགུ་སྡང་མིག་ཏུ་བགྲད་པ། ཤིན་ཏུ་མི་བཟད་པ་དུག་ཆེན་ཧ་ལའི་མདོག་ལྟ་བུའི་སྐུ་རི་རབ་འབར་བའི་ལོགས་ལ་བརྟེན་པའི་དུག་སྤྲུལ་ནག་པོའི་གདེང་ཀས་བར་སྣང་སྤྲིན་ལྟར་འཐིབ་པ་འཇུག་མ་རྒྱ་མཚོའི་གཏིང་དུ་འཁྱིལ་བ། རྩ་བའི་ཕྱག་གཉིས་གྲི་གུག་དང་སྦྲུལ་ཞགས་འཛིན་པས་ཡུམ་ལ་འཁྱུད་པ། ལྷག་མ་བཅུ་དྲུག་གི་གཡས་གྲི་གུག་དང་གཡོན་རྣམས་ཟངས་ལྕགས་ཀྱི་འཁོར་ལོ་འཛིན་པ། ཞལ་ནས་ཨིག་ཤའི་སྒྲ་སྒྲོགས་ཤིང་ཀླུ་གདོན་གདུག་པ་ཐམས་ཅད་ཀྲུམ་ཀྲུམ་འཆའ་བ། ཀླུ་མོ་སྤྱན་གཅིག་སྐུ་ལ་འཁྲིལ་བ་གཡས་སུ་ཨ་ཝ་གླང་མགོ་དང་གཡོན་དུ་གདུག་པ་སྦྲུལ་མགོ་གཉིས་སེར་ནག་ལྕགས་ཀྱུ་དང་ཞགས་པ་འཛིན་པ། ཞབས་དོར་སྟབས་སུ་བཞུགས་པར་གསལ་བའི་ཐུགས་སྲོག་ཡི་གེ་དང་བླ་མ་དང་མདུན་བསྐྱེད་ཀྱི་སྐུ་ལས་ཀྱང་འོད་ཟེར་འཕྲོས་པའི་རྐྱེན་གྱིས། རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས། ཁྱེད་རྣམས་ལ་སིབ་སིབ་ཐིམ་བྱུང་སྙམས་པའི་མོས་པ་མཛོད། ཅེས་བརྗོད་སྤོས་རོལ་དང་བཅས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་སྤྲོས་མེད་གསང་བདག་ཐུགས་ཀློང་ནས༔ འགགས་མེད་ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེའི་གཤེད༔ གཟུགས་སྐུ་དྲག་པོའི་ཆ་ལུགས་འཇིགས་པའི་གཟུགས༔ དུག་ལྔ་མེ་ལྟར་འབར་བའི་དབྱིངས་ནས་བཞེངས༔ དུག་གསུམ་ཆུ་ལྟར་ཁོལ་བའི་གཞལ་ཡས་འདིར༔ ཀླུ་བདུད་ནག་པོ་ཡབ་ཡུམ་སྤྲུལ་འཁོར་བཅས༔ མ་ལུས་འཁོར་བཅས་མ་ཐོགས་མྱུར་དུ་གཤེགས༔ ནཱ་ག་རཀྴ་བཛྲ་ས་མ་ཡ་ཛཿཛ༔ ཞེས་དང་རྩ་སྔགས་མཐར། ཨ་བེ་ཤ་ཡ་ཨ་ཨཱཿ བརྗོད་ལ་བྱིན་ཕབ། སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་བརྟན་པའི་མོས་པ་མཛོད༔ ཅེས་རྡོ་རྗེ་མེ་ཏོག་བཅས་སྤྱི་བོར་རྒྱས་གདབ། ཏིཥྛ་བཛྲ་སོགས་ཀྱིས་བརྟན་པར་བྱའོ། །དེ་ནས་དབང་རྣམས་གཞུང་རིམ་ལྟར་བསྐུར་བ་ནི། དེ་ནས་གཏོར་མ་ལག་ཏུ་ཐོགས༔ སློབ་བུའི་མགོར་བཞག་འདི་སྐད་དོ༔ ཧཱུྃ༔ ཁྲོ་རྒྱལ་དྲག་པོ་ཧེ་རུ་ཀ༔ སྐུ་དང་གཉིས་མེད་གཏོར་མའི་དབང་༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ ཀླུ་བདུད་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཕེ་ལཾ་ཧཱུྃ༔ ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་མགྲིན་པར་བཞག༔ ཧཱུྃ༔ ཁྲོ་རྒྱལ་དྲག་པོ་ཧེ་རུཿཀ༔ གསུང་དང་གཉིས་མེད་གཏོར་མའི་དབང་༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཕེ་ལཾ་ཧཱུྃ༔ ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་སྙིང་གར་བཞག༔ ཧཱུྃ༔ ཁྲོ་རྒྱལ་ཀླུ་བདུད་མགོ་དགུ་པ༔ དེ་རིང་ཁྱོད་ཀྱི་སྙིང་ལ་ཤར༔ ཙིཏྟ་ཐུགས་ཀྱི་དབང་ཐོབ་ནས༔ བསྐྱེད་རྫོགས་ལས་སུ་རུང་བར་ཤོག༔ ཨོཾ་ཕེ་ལཾ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕྱག་མཚན་ལག་ཏུ་གཏད་ལ༔ ཧཱུྃ༔ གནམ་ལྕགས་གྲི་གུག་རྡོ་རྗེ་གྲི༔ སྦྲུལ་ཞགས་ཀླུ་རྣམས་འཆིང་ཤིང་སྡོམས༔ ཡོན་ཏན་ཕྱག་རྒྱས་དབང་བསྐུར་བས༔ ཁྲོ་རྒྱལ་དྲག་པོའི་དབང་ཐོབ་ཤོག༔ རྩ་སྔགས་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྱ་ཁྱུང་གནས་ལྔར་བཞག༔ ཧཱུྃ༔ ཐུགས་ལས་སྤྲུལ་པའི་བྱ་ཁྱུང་སྐུ༔ ཁྱོད་ཀྱི་གནས་ལྔར་རྒྱས་གདབ་པས༔ གཟའ་ཀླུ་དབང་བསྡུས་ཟིལ་གྱིས་གནོན༔ རྡུལ་དུ་བརླག་པའི་དབང་ཐོབ་ཤོག༔ ཨོཾ་ཁྲོཾ་གྷ་རུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཀླུ་རྣམས་གདན་དུ་འབུལ༔ ཧཱུྃ༔ རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས༔ གདོལ་བ་ལ་སོགས་ཀླུ་ཆེན་རྣམས༔ དེ་རིང་ཁྲོ་རྒྱལ་གདན་དུ་སྦྱིན༔ འཕྲིན་ལས་འགུགས་འཆིང་སྦྱོར་སྒྲོལ་དབང་༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ རྩ་སྔགས་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དཔལ་གཏོར་སྤྱི་བོར་བཞག༔ ཁྲོ་བོ་ཆེན་པོའི་བདེན་སྟོབས་དང་༔ བཀའ་གཏད་བྱ་ཞིང་ཤིས་པ་བརྗོད༔ དམ་ཚིག་བསྲུང་ཞིང་བསྙེན་སྒྲུབ་འབུང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་གསང་བའི་སྙིང་ཞུན་འདི༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས༔ བཀའ་རྒྱས་བཏབ་སྟེ་བདག་ལ་གནང་༔ བདག་གིས་གཅེས་ཤིང་སྙིང་ལ་གབ༔ འོན་ཀྱང་ཆོས་རྒྱལ་སྐུ་ངོ་ཆེ༔ བར་ཆད་རྐྱེན་འཕྲང་སེལ་ཕྱིར་གདམས༔ འདི་ནས་མ་འོངས་ཕྱི་མའི་དུས༔ རྒྱལ་པོའི་རྐྱེན་བྱས་ས་བདག་དར༔ ཁྱད་པར་ཀླུ་ཡི་གདོན་གྱིས་སྡང་༔ ཙི་ཙི་ཛྭ་ལས་མི་ཕྱེད་འཆི༔ དེ་དུས་ཐུགས་སྲས་ཀླུ་དབང་གི༔ སྐྱེ་བས་ཆོས་འདི་རྙེད་ནས་ཀྱང་༔ བསྟན་དང་སེམས་ཅན་དོན་བྱེད་ཤོག༔ དྲག་སྒྲུབ་ཕུར་པའི་ཆོས་སྐོར་དང་༔ བཀའ་འདི་ཐིག་ལེ་རྩལ་གྱིས་བསྲུང་༔ ས་མ་ཡཱ༔ གཏེར་རྒྱ༔ སྦས་རྒྱ༔ ས་མ་ཡཱ༔ བདག་བནྡྷེ་སུརྱ་ཀིརྟིས་ནགས་ཤོད་ཅི་མདའ་བྲག་དམར་ཞེས་བྱ་བ་ནས་ས་རྟ་ལོར་གདན་དྲངས་ཤིང་ལྕགས་སྤྲེལ་ལོར་ཁམས་སྲིང་མོ་རྫོང་གི་ཆགས་རི་ཨོ་རྒྱན་སྒྲུབ་ཕུག་གི་ཀེའུ་ཚང་དུ་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བའོ། །གཞུང་ལས་དེ་ནས་དཔལ་གཏོར་སྤྱི་བོར་བཞག༔ ཁྲོ་བོ་ཆེན་པོའི་བདེན་སྟོབས་དང་༔ བཀའ་གཏད་བྱ་ཞིང་ཤིས་པ་བརྗོད༔ ས་མ་ཡཱ༔ ཞེས་གསུངས་པའི་དོན་རིགས་མཐུན་ལས། གཏོར་མ་འདི་ཉིད་རིག་པའི་རྒྱལ་པོ་ནཱ་ག་རཀྴ་དངོས་སུ་བསྒོམ། དེ་ལ་མོས་གུས་དུང་དུང་བ་བྱས་པས་དེ་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ཕྱི་ནང་གི་བར་ཆད་ཐམས་ཅད་བསྲུང་བ་དང་གདོན་བགེགས་ཐམས་ཅད་ཚར་བཅད་ནས་ཞལ་དུ་ཆེམ་ཆེམ་གསོལ་བར་མོས་ཤིག་བྱས་ལ། གཏོར་མ་སྤྱི་བོར་བཟུང་ལ་རོལ་མོ་དང་བཅས་པས་བཀའ་བསྒོ་དྲག་ཏུ་བྱས་པའི་མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་སྤྱི་བོར་ཐིམ་ཏེ་གཉིས་སུ་མེད་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་བཅོམ་ལྡན་འདས་ཆོས་སྐུ་གསང་བའི་བདག་པོ། ལོངས་སྐུ་འཇམ་དཔལ་དབྱངས། སྤྲུལ་སྐུ་ནཱ་ག་རཀྴ། པདྨ་ཐོད་ཕྲེང་རྩལ། མཁར་ཆེན་གཟའ། ཀླུ་དབང་བསྲུང་། གཏེར་ཆེན་ཉི་མ་གྲགས། རྒྱལ་སྲས་རིན་པོ་ཆེ། རྡོ་རྗེ་འཆང་ཀུན་བཟང་ཐེག་མཆོག་རྒྱ་མཚོ། ངེས་དོན་བསྟན་འཛིན་བཟང་པོ། ཨོ་རྒྱན་བསྟན་པའི་ཉི་མ། མི་འགྱུར་ནམ་མཁའི་རྡོ་རྗེ། འཇིགས་མེད་ཆོས་དབྱིངས་རྡོ་རྗེ། ཀུན་བཟང་ཐེག་མཆོག་རྡོ་རྗེ། ཨོ་རྒྱན་འགྲོ་འདུལ་རྡོ་རྗེ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། དྲིན་ཅན་རྩ་བའི་བླ་མ་སོགས་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་། ཡི་དམ་རྒྱལ་བའི་དཀྱིལ་འཁོར་སྤྱི་དང་ཁྱད་པར་བཅོམ་ལྡན་འདས་གསང་བདག་ནཱ་ག་རཀྴའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་པའི་སྟོབས་ཀྱིས་རྡོ་རྗེའི་སློབ་མ་འདིའི་སྒོ་གསུམ་ལ་བྱིན་གྱིས་རླབས་པ་དང་། གནོད་བྱེད་འབྱུང་པོ་ཀླུ་དང་ས་བདག་གི་འཚེ་བ་ལས་བསྲུང་ཞིང་སྐྱོབས་པར་མཛད་དུ་གསོལ། ཨོཾ་ཕེ་ལཾ་ཧཱུྃ༔ སརྦ་བྷ་ལིངྟ་ཀ་ཡ་ཝཀྐ་ཙིཏྟ་ཨ་དྷིཥྛ་ན་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་གཏོར་མ་ལག་དུ་བཞག །དེ་ནས་ཤིས་བརྗོད་ནི༔ གང་ཞིག་བླ་མེད་བཅོམ་ལྡན་གཤིན་རྗེའི་གཤེད༔ སྐུ་གསུང་ཐུགས་ཀྱི་ཡོན་ཏན་མ་ལུས་པ༔ སྐལ་ལྡན་འདི་ཡི་རྒྱུད་ལ་རབ་ཞུགས་ནས། དངོས་གྲུབ་རྣམ་གཉིས་འཕེལ་བའི་བཀྲ་ཤིས་ཤོག །ཅེས་དང་། བགེགས་རིགས་སྟོང་ཕྲག༴ སོགས་བརྗོད་མེ་ཏོག་མཐོར། དེ་ལྟར་འཇམ་དཔལ་རིག་པའི་རྒྱལ་པོ་ནཱ་ག་རཀྴའི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས། གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་རིམ་པ་ཚུལ་བཞིན་བསྲུང་བར་བགྱི་སྙམས་པས་འདིའི་རྗེས་བཟློས་གྱིས། གཙོ་བོས་ཇི་ལྟར་སོགས་གཏང་རག་གི་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་བ་ལྟར་སྤྲུལ་ཏེ་འབུལ་སྙམས་པས་འདིའི་རྗེས་བཟློས་གྱིས། དེང་ནས་བརྩམས་ཏེ༴ སོགས། དེ་ལྟར་དབང་བསྐུར་ཐོབ་པའི་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བར་གྱིས། བསོད་ནམས་འདི་ཡི་སོགས་དང་། རིན་ཆེན་དགེ་ཚོགས༴ སོགས་བརྗོད། སྲུང་མའི་གཏོར་མ་ཡོད་ན་ཕུལ། དཀྱིལ་འཁོར་གྱི་རྗེས་ཆོག་ལས་གཞུང་ལྟར་མཇུག་བསྐྱང་ངོ་། འབྱུང་གདོན་མུན་པའི་སྨག་དག་རྒྱང་བསྲིང་ཞིང་། །ཕན་བདེའི་ལེགས་ལམ་མི་འགོག་སྣང་བའི་དཔྱིད། །སྦྱིན་བྱེད་གདམས་པའི་ཉི་མ་འོད་པོ་ཆེ། །འདྲེན་པའི་ཤིང་རྟ་ལེགས་བཤད་ཁྱུང་སྔོན་སྐྱེས། །ཚུལ་འདི་དཔལ་ལྡན་བླ་མའི་བཀའ་སྩལ་ཉིད། །བསྐུལ་བས་དྲོད་ཆུང་བླུན་པོའི་སྤྱི་བརྟོལ་ནི། །བབ་ཅོལ་ཤར་རིའི་རྩེ་ནས་ལངས་པའི་འོད། །འདི་ཡང་འགྲོ་ལ་ཕན་པའི་ཆེད་དུ་བསྔོ། །ཞེས་འཇམ་དཔལ་རིག་པའི་རྒྱལ་པོ་ནཱ་ག་རཀྴའི་དབང་ཆོག་ཁྲིགས་སུ་སྡེབས་པ་འདི་ནི། སྒྲུབ་པའི་དབང་པོ་བསྟན་འཛིན་སྙིང་པོ་དང་རྣམ་འདྲེན་དམ་པ་འགྱུར་མེད་བློ་ལྡན་ཟུང་གིས་བཀའ་བསྩལ་སྤྱི་བོར་བཅིང་ནས། གཏེར་གཞུང་ཉམས་མེད་ལ་སྔོན་རབས་ལོ་རྒྱུས་དང་བསྐྱེད་རིམས་གསལ་འདེབས་བཀའ་བསྒོ་མཚམས་སྦྱོར་ཤིས་བརྗོད་བཅས་གསར་དུ་བྲིས་པ་འདི་ནི་སྤྲང་བན་བླུན་རྨོངས་ཝ་གིནྡྲའི་མིང་གིས་བགྱིས་པ་ཉེས་འགལ་མཆིས་ན་རྣམ་འདྲེན་བླ་མ་ཉིད་ལ་ཚེ་རབས་སྡིག་དང་ལྷན་ཅིག་ཏུ་སྙིང་ནས་བཤགས་སོ། །དགེའོ། དགེའོ། དགེའོ།། །།


previousནཱ་ག་རཀྴའི་དབང་ཆོག་ཁྲིགས་སུ་སྡེབས་པ་ཕན་བདེའི་ཉིན་བྱེད།next