Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
ལོ་རྒྱུས་ལུང་བྱང་གི་ཤོག་དྲིལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལོ་རྒྱུས་ལུང་བྱང་གི་ཤོག་དྲིལ།next

ལོ་རྒྱུས་ལུང་བྱང་གི་ཤོག་དྲིལ།

རྟ་མགྲིན་དྲེགས་པ་ཟིལ་གནོན་ལས༔ ལོ་རྒྱུས་ལུང་བྱང་གི་ཤོག་དྲིལ་བཞུགས༔ པདྨ་དབང་ཆེན་ལྷ་ལ་འདུད༔ དབང་ཆེན་དྲག་པོའི་གདམས་སྐོར་འདི༔ ཆོས་རྒྱལ་ཁྲི་སྲོང་སྡེའུ་བཙན་དང་༔ ཁོ་མོ་ཡེ་ཤེས་མཚོ་རྒྱལ་སོགས༔ བདག་ཅག་རྣམས་ཀྱིས་ཞུས་པ་དང་༔ སྔོན་བྱུང་ལོ་རྒྱུས་རིམ་པ་རྣམས༔ གུ་རུ་རྗེ་ཡི་བཀའ་བཞིན་དུ༔ ཡི་གེར་འདེབས་ནས་གཏེར་དུ་བཅོལ༔ ལན་ཅིག་དུས་ཀྱི་ཐ་མ་ལ༔ ལས་འཕྲོ་ལྡན་པས་སྤྱོད་པར་ཤོག༔ སྔོན་ཚེ་བསྐལ་བ་དཔག་མེད་གོང་རོལ་དུ༔ སངས་རྒྱས་ཐུབ་དཀའ་གཞོན་ནུར་དམ་ལོག་སྟེ༔ རིགས་དྲུག་གནས་དང་ཁྱད་པར་ངན་སོང་གསུམ༔ སྡུག་བསྔལ་ཀུན་ཏུ་འཁོར་བས་ཡོངས་སུ་མནར༔ ལས་ཀྱི་ལྷག་མ་དུག་ལྔའི་ནུས་སྟོབས་ཀྱི༔ ཐ་མ་བདུད་པོ་མ་ཏྲཾ་རཱུ་ཊར་སྐྱེས༔ དེ་ཚེ་འཛམ་གླིང་ལས་ཀྱི་ས་པ་འདིར༔ གནས་ཞིང་དུར་ཁྲོད་ལ་སོགས་ཐམས་ཅད་དག༔ ལྷ་དང་ལྷ་མིན་ཀླུ་དང་གནོད་སྦྱིན་དང་༔ དྲི་ཟ་སྲིན་པོ་སོགས་ཀྱིས་བདག་ཏུ་བཟུང་༔ དེ་ཚེ་དེ་དག་མ་ལུས་ཐམས་ཅད་ཀྱི༔ མ་ཏྲཾ་རཱུ་ཊའི་ཆེ་བ་ཐོས་པ་དང་༔ ལངྐའི་རྒྱལ་པོ་དམ་པ་ཏོག་དཀར་དང་༔ ལྷ་མིན་དབང་པོ་ལ་སོགས་ཕམ་པ་ཤེས༔ སྦྱོར་དང་སྒྲོལ་བ་དག་ལ་ཀུན་ཀྱང་དད༔ དེ་རྣམས་འཁོར་ཚོགས་དེ་ལ་སྐྱབས་སུ་སོང་༔ སྐུ་ཡི་བྱ་ར་གསུང་གི་བཀའ་སྡོད་དང་༔ ཐུགས་ཀྱི་དགྱེས་སྡེ་སྦྱོར་སྒྲོལ་མངག་གཞུག་གྱུར༔ དེ་ཚེ་རཱུ་ཊ་འཁོར་བཅས་འཇིག་རྟེན་འདིར༔ ཆེ་བཙན་འགྲན་ཟླ་བྲལ་ཞིང་སྐྱེ་འགྲོ་རྣམས༔ ཕོ་གསོད་མོར་སྦྱོར་མྱ་ངན་མུན་པས་ནོན༔ ལོག་པར་ལྟ་བའི་བདུད་ཚོགས་དེ་རྣམས་ནི༔ དུས་གསུམ་སངས་རྒྱས་རྣམས་ཀྱིས་གདུལ་བྱར་གཟིགས༔ ཡ་ངའི་ཉམ་ཐག་འགྲོ་བ་སྒྲོལ་བའི་ཕྱིར༔ ཆོས་དབྱིངས་གནས་སུ་བཀའ་བགྲོས་དགོངས་པ་བསྡུར༔ ཐབས་ཤེས་ངོ་བོ་རྟ་ཕག་ཡབ་ཡུམ་སྤྲུལ༔ ཁྱད་པར་སངས་རྒྱུས་སྣང་བ་མཐའ་ཡས་ཀྱིས༔ དབང་བཞི་བསྐུར་ནས་བྱིན་བརླབས་མངའ་ཡང་གསོལ༔ སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མ་ཡིས༔ ལུང་བསྟན་དབུགས་དབྱུང་བདུད་འདུལ་ཤིས་པ་མཛད༔ དེ་ནས་ཁྲོ་བོ་རྟ་མགྲིན་ཡབ་ཡུམ་གྱི༔ དབང་དང་དྲག་པོའི་ལས་ཀྱིས་རཱུ་ཊ་བསྒྲལ༔ སྲས་མཆོག་སྨེ་བ་བརྩེགས་པས་ཁྲུས་ཀྱིས་བྲན༔ རྟ་ཕག་ཡབ་ཡུམ་རྟ་ཞལ་ཕག་སྐད་བསྒྲགས༔ ཕྱོགས་བཅུའི་བདེ་གཤེགས་དུས་བཞིའི་སངས་རྒྱས་རྣམས༔ དངས་པའི་མཁའ་ལ་ཆར་སྤྲིན་ལྟ་བུར་བྱོན༔ ཆོས་ཀྱི་དབྱིངས་ལས་གཡོ་བ་མི་མངའ་ཡང་༔ རིགས་ལྔའི་ལྷ་ཚོགས་ཁྲག་འཐུང་ཁྲོ་བོ་དང་༔ ཁྲོ་མོ་ཞི་མ་ཁྲོ་སོགས་རྡུལ་ལྟར་འཚུབས༔ དེ་ཚེ་རཱུ་ཊ་ཕོ་མོའི་དབང་པོ་ཉམས༔ རྟ་ཕག་ཡབ་ཡུམ་མདུན་གྱི་མཁའ་ལ་འཕགས༔ ལྷ་ཆེན་ཚངས་པའི་འདོམ་གང་མཁའ་ལ་འགྱིངས༔ རཱུ་ཊ་ཕོ་མོའི་སྨྲེ་སྔགས་བླངས་པ་ལས༔ གནས་དང་ཞིང་དང་དུར་ཁྲོད་ལ་སོགས་དང་༔ བགེགས་དང་འབྱུང་པོ་མ་ལུས་དེར་འདུས་ནས༔ རཱུ་ཊ་ཕམ་པ་མ་བཟོད་དམག་གཡོས་ནས༔ ཆོ་འཕྲུལ་དུ་མའི་སྤྲུལ་བསྒྱུར་བསྟན་པའི་ཚེ༔ གནོད་སྦྱིན་ལག་ན་རྡོ་རྗེས་སྤྲུལ་པ་བཀྱེ༔ ཁྲོ་བོ་བཅུ་ཡིས་དབང་བསྡུས་ཟིལ་གྱིས་གནོན༔ དེ་ནས་རཱུ་ཊའི་ལུས་ལ་ཐིག་གདབས་ནས༔ ཁྲོ་བོ་ཁྲོ་མོ་རྣམས་ཀྱི་ཕོ་བྲང་བཏབ༔ དེ་ཚེ་དྲེགས་ཚོགས་འཁོར་དང་བཅས་པ་ཡི༔ དབུས་ལ་མཆིས་པའི་སྐལ་བ་མེད༔ དབང་དྲག་ཕོ་བྲང་མུ་རན་སྐྱོང་༔ ཕུད་ལ་འཚལ་བའི་སྐལ་བ་མེད༔ ལྷག་མ་ཞལ་ཆབ་ངེད་ཀྱིས་ཞུ༔ བཀའ་འདས་བསྒྲལ་ཞིང་མུ་རན་སྐྱོང་༔ རང་རང་ལུས་ཆས་སྲོག་སྙིང་ཕུལ༔ ཡེ་ཤེས་ཆས་སུ་བྱིན་གྱིས་བརླབས༔ དེ་ནས་ལག་ན་རྡོ་རྗེ་ཡིས༔ རཱུ་ཊ་ཕོ་མོའི་ཡིད་ལུས་དང་༔ དྲེགས་ཚོགས་འཁོར་དང་བཅས་པ་ལ༔ དམ་ཚིག་གསང་བའི་བདུད་རྩི་བྱིན༔ གནས་གསུམ་རྡོ་རྗེས་དབང་བསྐུར་ཏེ༔ དབང་རྟགས་ཅོད་པན་སྤྱི་བོར་བཏགས༔ ཐར་པ་འཐོབ་པའི་ལུང་ཡང་བསྟན༔ རཱུ་ཊ་ཐར་པ་ནག་པོ་ལ༔ གསང་མཚན་མ་ཧཱ་ཀཱ་ལར་གསོལ༔ བསྟན་པ་བསྲུང་བའི་གཉེར་བྱང་གཏད༔ དེ་ཚེ་ཕྱོགས་བཅུའི་སངས་རྒྱས་དང་༔ ཁྲོ་བོ་ཁྲོ་མོ་མཁའ་འགྲོ་མ༔ མ་ཧཱ་ཀཱ་ལ་འཁོར་བཅས་ལ༔ རྟ་གདོང་རྟ་སྐད་བཞད་པའི་རྒྱུད༔ རྔོག་མ་ལེ་བརྒན་འབར་བའི་རྒྱུད༔ ཧྱ་གྷྲཱི་ཝ་དབང་གི་རྒྱུད༔ པདྨ་ཀྲོ་ཏ་ཁྲོས་པའི་རྒྱུད༔ དབང་དྲག་གཏུམ་པ་གློག་གི་རྒྱུད༔ པདྨ་ཁྲག་འཐུང་རོལ་བའི་རྒྱུད༔ སྔགས་ཀྱི་བཞད་སྒྲ་སྒྲོག་པའི་རྒྱུད༔ དྲེགས་པའི་སྲོག་འབྱིན་དམར་ནག་རྒྱུད༔ དྲེགས་པ་བྲན་དུ་ཁོལ་བའི་རྒྱུད༔ བདེ་གཤེགས་ཁྲོ་ཚོགས་ཐབས་ཀྱི་རྒྱུད༔ མ་རྒྱུད་འབར་མ་ཤེས་རབ་རྒྱུད༔ གཉིས་མེད་རོལ་པ་ཡེ་ཤེས་རྒྱུད༔ སྒྱུ་འཕྲུལ་འབར་བ་གར་གྱི་རྒྱུད༔ དེ་སོགས་བླ་མེད་རྒྱུད་ཀྱི་སྡེ༔ འབར་བ་དབང་གི་རྒྱལ་པོས་གསུངས༔ སྤྲུལ་པའི་མཁའ་འགྲོས་ཡི་གེར་བཏབ༔ དྲ་བའི་གཙུག་ལག་ཁང་དུ་མཆོད༔ རཱུ་ཊའི་བེམ་པོ་དུམ་བུར་བཅད༔ གནས་ཡུལ་དུར་ཁྲོད་རྣམས་སུ་འཕངས༔ མཁའ་སྤྱོད་ས་སྤྱོད་ས་འོག་སྤྱོད༔ གནས་དང་ཡུལ་དུ་བྱིན་གྱིས་བརླབས༔ ཞི་བའི་ལྷ་ཚོགས་ཆོས་དབྱིངས་གཤེགས༔ ཁྲོ་ཚོགས་ཁྲག་འཐུང་གནས་སུ་གཤེགས༔ མཁའ་འགྲོ་གནས་དང་ཡུལ་ལ་གཤེགས༔ སོ་མཚམས་བསྟན་པའི་བྱ་རར་བཞག༔ དབང་དང་དྲག་པོའི་ཕྲིན་ལས་ཀྱིས༔ སྐལ་ལྡན་གྲོལ་བའི་ཐེག་པ་ཤར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྟོན་པའི་བསྟན་པ་ལ༔ རབ་ཏུ་སྡང་བའི་མུ་སྟེགས་ཡུལ༔ རྡོ་རྗེ་གདན་གྱི་ལྷོ་ནུབ་ཏུ༔ ཨུ་མ་དྲག་མོའི་སྤྲུལ་པ་ལས༔ དཔལ་འཛིན་མ་ཞེས་བུད་མེད་ལ༔ ལྷ་ཆེན་དབང་གི་འོད་སྤྲོས་པས༔ སྤྲུལ་པའི་སྲས་མཆོག་མཐུ་སྟོབས་ལྡན༔ དབང་དྲག་ཐོགས་མེད་གྲུབ་པ་ཞིག༔ སྐུ་འཁྲུངས་ཀུན་གྱིས་བཀུར་ཞིང་མཆོད༔ ཕྱི་ནང་གཉིས་ཀྱི་པཎ་ཆེན་ཚོགས༔ ཁྱད་པར་ལྡན་པའི་སྲས་དེ་ལ༔ ནང་པའི་པཎ་ཆེན་ཕལ་མོ་ཆེས༔ སྦྱངས་སྒྲོད་ཐོས་བསམ་མ་བྱས་པའི༔ སྟོབས་དང་རྫུ་འཕྲུལ་ངོ་མཚར་མིན༔ སྨྲས་པས་ཕྱི་པའི་པཎ་ཆེན་གྱིས༔ སྔོན་སྦྱངས་སོང་བའི་སྐྱེས་བུ་ལ༔ ཚེ་འདིའི་སྦྱངས་སྒྲོད་ཅི་ཞིག་བྱ༔ འདུན་པས་སྤྲུལ་པར་དྲི་འོ་ཞེས༔ ཕྱི་ནང་གཉིས་ཀྱི་ཚིག་གི་འཕྲེང་༔ སྤྲུལ་པ་ཉིད་ལ་གསོལ་བ་ལས༔ ང་ནི་ལྷ་དབང་ཐུགས་ཀྱི་སྲས༔ སྟོབས་ལྡན་དྲག་པོའི་རིགས་སྔགས་འཆང་༔ སྤྲུལ་པ་སྡེ་བརྒྱད་ཆོ་འཕྲུལ་བསྒྱུར༔ སུ་ལྟར་མཆོད་པའི་སྐྱབས་དང་མགོན༔ ལོག་པར་ལྟ་བ་ངས་ཚར་གཅོད༔ ཅེས་གསུངས་ནང་པ་ཐམས་ཅད་ཀྱིས༔ འདི་ནི་ལྷ་ཆེན་སྤྲུལ་པའོ༔ ཟེར་ཏེ་མཆོད་སྒྲུབ་མ་བསྟེན་བསྐྱུར༔ ཕྱི་པའི་པཎ་ཆེན་ཐམས་ཅད་ཀྱིས༔ དངོས་གྲུབ་སྩོལ་བའི་གསོལ་བ་བཏབ༔ དེ་ནས་སྤྲུལ་པའི་སྲས་མཆོག་དེས༔ སུས་ཀྱང་མ་བྱས་རང་ཤར་བའི༔ ལྕགས་མཁར་ཕོ་བྲང་བང་རིམ་དགུ༔ ཕྱི་ནི་མཆོད་རྟེན་རང་བཞིན་ལ༔ ནང་ནི་དྲག་པོའི་གཞལ་ཡས་ཁང་༔ རྒྱ་ཁྱོན་མུ་མཐའ་རྔམ་བརྗིད་འབར༔ དེ་དབུས་དྲག་པོའི་དཀྱིལ་འཁོར་བཞེངས༔ ལྷ་ཆེན་དྲག་པོ་བསྒྲུབས་པས་གྲུབ༔ དྲེགས་ཚོགས་ཐམས་ཅད་བྲན་དུ་བཀོལ༔ མཐུ་དང་ནུས་པ་མེ་ལྟར་འབར༔ ཕྱི་པས་མཆོད་ཅིང་ནང་པར་རྦད༔ ཨོ་རྒྱན་པུ་རིའི་ཡུལ་དང་ནི༔ རྒྱ་གར་ཡུལ་ཕྱོགས་མི་འདོད་པའི༔ རྐྱེན་དང་བར་ཆད་སྣ་ཚོགས་འཚུབས༔ སངས་རྒྱས་བསྟན་པ་བབས་ཀྱིས་ཉམས༔ ནང་པའི་པཎ་ཆེན་ཕལ་ཆེར་འདས༔ དེ་ཚེ་སྣང་བ་མཐའ་ཡས་ཀྱིས༔ གདམས་པར་སྤྱོད་ཅིག་ལུང་བསྟན་གནང་༔ བདག་འདྲ་པདྨ་འབྱུང་གནས་དང་༔ སློབ་དཔོན་ཤིནྟིང་གྷརྦྷ་གཉིས༔ བཀའ་བགྲོས་ཨོ་རྒྱན་ཡུལ་དབུས་ནས༔ མཁའ་འགྲོའི་གསང་མཛོད་ཞལ་ཕྱེ་སྟེ༔ དྲེགས་པ་ཟིལ་གནོད་རྒྱུད་དཔེ་བླངས༔ སྤྱན་རས་གཟིགས་ལ་དབང་བསྐུར་ཞུས༔ སྟོན་པ་ཟངས་མཆེའི་མདུན་དུ་ལྷགས༔ བདག་ཅག་གཉིས་ལ་གནས་འདི་གཡོར༔ ལྷག་པའི་ལྷ་ལ་གསོལ་བ་འདེབས༔ ཞུས་པས་ལྷ་ནི་གང་ཡིན་གསུང་༔ དབང་ཆེན་རྒྱལ་པོ་ཡིན་གསོལ་པས༔ ལེགས་སོ་གསུངས་ནས་གནང་བ་བསྩལ༔ དབང་ཆེན་རྟ་མགྲིན་བསྒྲུབ་པ་ལས༔ རྟ་མཆོག་པདྨ་ཧེ་རུ་ཀས༔ སྐུ་ཡི་དཀྱིལ་འཁོར་མངོན་སུམ་བསྟན༔ དབང་ཆེན་དྲག་པོའི་རྟ་སྐད་བཞད༔ ཐུགས་ནི་དབང་དྲག་ཏིང་འཛིན་འབར༔ དེ་ཚེ་དྲེགས་པའི་སྡེ་ཚོགས་དང་༔ ལྷ་ཆེན་ཡབ་ཡུམ་སྲས་དང་བཅས༔ གཙང་རིས་དཔལ་མགོན་ཐམས་ཅད་ཀྱིས༔ བྲན་དུ་ཁས་བླངས་ཐ་ཚིག་ཕུལ༔ བསྟན་པ་གང་ལ་བབས་པ་དེའི༔ བཀུར་སྟི་ཕུ་དུད་བསྙེན་ཅིང་བསྒྲུབས༔ དེ་ཡི་བཀའ་དང་བསྟན་པ་བསྲུངས༔ ཅེས་གསོལ་རྟ་ཕག་ཡབ་ཡུམ་གྱིས༔ སངས་རྒྱས་བསྟན་པ་གཉེན་པོའི་དོན༔ དྲེགས་ཚོགས་སྤྲུལ་འཁོར་ཐམས་ཅད་ཀྱང་༔ འབར་བ་དབང་གི་འཁོར་ལོར་བསྒྱུར༔ དེ་ནས་རྒྱུད་ལ་བརྟེན་པ་ཡི༔ དབང་དང་དྲག་པོའི་འཕྲིན་ལས་རྣམས༔ སློབ་དཔོན་གཉིས་ཀྱིས་ལས་ལ་སྦྱར༔ ལྷ་ཆེན་ཡབ་ཡུམ་སྲས་གསུམ་དང་༔ ལག་ན་རྡོ་རྗེ་དྲེགས་ཚོགས་ཀྱིས༔ ཕྱི་པར་རང་གཤེད་རང་ལ་ཕབ༔ བསྟན་པ་ཉམས་ཤིང་ནང་པ་རྒྱས༔ རྒྱ་གར་གླིང་དགུའི་དཔལ་འབྱོར་འཕེལ༔ ནང་པའི་པཎ་ཆེན་ཉམས་རྟོགས་རྒྱས༔ སངས་རྒྱས་བསྟན་པ་ཆེས་ཆེར་གསལ༔ དེ་ཕྱིར་གདམས་པ་ཟམ་མོ་འདི༔ བརྗོད་པར་བཀའ་བའི་ཆོས་ཡིན་ཀྱང་༔ ཆོས་རྒྱལ་སྐུ་ངོ་ཆེ་ཕྱིར་གདམས༔ མི་བརྗེད་གཟུངས་ཐོབ་མཚོ་རྒྱལ་མས༔ ཡི་གེར་ཐོབ་ལ་གཏེར་དུ་སྦོས༔ མ་འོངས་སྙིགས་མ་རྩོད་ལྡན་ཚེ༔ ཀླུ་ཡི་དབང་པོའི་སྐྱེ་བའི་མཐའ༔ གར་དབང་འགྲོ་འདུལ་གླིང་པའམ༔ ཁམས་པ་ཉི་མ་གྲགས་པས་འབྱིན༔ སངས་རྒྱས་བསྟན་ལ་ཕན་པ་འོང་༔ ཁྱད་པར་ལུང་ནས་བཤད་པའི་བུ༔ བོད་འབངས་སྐྱེ་འགྲོའི་རྩ་ལག་ལ༔ འཕྲོད་ན་བསྟན་འགྲོའི་དོན་ལ་སྤྱོད༔ ས་ལ་གནས་པའི་སེམས་དཔའ་ལྔར༔ འཕྲོད་ན་འཕྲིན་ལས་རྒྱས་པ་དང་༔ ཚེ་ཡང་མཐའ་རུ་ཕྱིན་པར་འགྱུར༔ མོས་གུས་ལྡན་པའི་བུ་བདུན་ལ༔ གདམས་པ་འདི་ཉིད་བཏབ་གྱུར་ན༔ སྒྲུབ་པ་མཐར་ཕྱིན་དངོས་གྲུབ་འཐོབ༔ བཀྲ་ཤིས་དཀོན་མཆོག་འཕགས་པ་དབང་༔ བློ་གྲོས་ངག་དབང་དཔལ་གྱི་མིང་༔ ཚེ་དང་སྐྱབས་ཞེས་སྐལ་ལྡན་དགུར༔ གདམས་པ་བྱིན་ན་དངོས་གྲུབ་འཐོབ༔ ཅེས་གསུངས་པ་རྣམས་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་སྟེ་རིན་པོ་ཆེའི་གཏེར་དུ་སྦས་པ་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ བཀའ་ཡི་སྲུང་མས་བྱ་ར་གྱིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱལ་ཁམས་པ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཁམས་སྲིང་མོ་རྫོང་གི་ནུབ་སྒོ་མེ་འབར་ཕུག་ནས་ཆུ་ཕོ་ཁྱིའི་ལོ་ལ་གཏེར་ནས་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བ་མངྒ་ལཾ།། །།


previousལོ་རྒྱུས་ལུང་བྱང་གི་ཤོག་དྲིལ།next