Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
དཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཟིལ་གནོན་གྱི་རྒྱུད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཟིལ་གནོན་གྱི་རྒྱུད།next

དཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཟིལ་གནོན་གྱི་རྒྱུད།

དཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཟིལ་གནོན་གྱི་རྒྱུད་བཞུགས་སོ༔ ཨོ་རྒྱན་སྐད་དུ༔ ཧྱ་གྷྲཱི་ཝ་མ་ཧཱ་ཀ་རུ་ཏྲི་ཀྲནྟ་ཛྭ་ལ་ཏཎྚ་ན་མ༔ བོད་སྐད་དུ༔ དཔལ་ཆེན་པོ་འབར་བ་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་རྒྱུད་ཅེས་བྱ་བ༔ དབང་ཆེན་ཁྲོ་བོ་ཆེན་པོ་དྲེགས་པའི་སྤྱི་གཤེད་དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པའི་དུས་ཀྱི་ཚེ༔ གནས་ཆེན་པོ་གསང་ཆེན་རོལ་པའི་དུར་ཁྲོད་དྲག་པོ་རབ་ཏུ་ཁྲོས་ཤིང་དྲེགས་པ་ཅན་ཟིལ་གྱིས་མནན་པའི་ཕོ་བྲང་༔ ཐོད་མཁར་འབར་བའི་གཞལ་ཡས་དུག་གསུམ་མེ་ལྟར་འབར་ཞིང་དུག་ལྔ་ཆུ་ལྟར་ཁོལ་བའི་དབྱིངས་རོལ༔ ཤ་ཆེན་པོ་རྣམ་པ་ལྔའི་འཇམ་འཇིམ་དང་ཁྲག་ཞག་གི་རྦ་ཀློང་རབ་ཏུ་འཁྲུག་པའི་དཀྱིལ་ཡངས་བདུད་བཞི་རུ་ཊ་དང་ཉི་མ་ཟླ་བ་པདྨ་འབར་བའི་གདན་མེ་རི་དང་མེ་དཔུང་དུས་མཐའི་སྲེག་བྱེད་ལྟར་འབར་བའི་ཀློང་དུ༔ སྟོབས་ལྡན་དཔལ་ཆེན་པོ་ཁྲག་འཐུང་གི་རྒྱལ་པོ་པདྨ་ཧེ་རུ་ཀཿ གར་དགུའི་འགྱིངས་བག་དང་ལྡན་པའི་དབྱིངས་ནས་རྟ་སྐད་འཚེར་ཞིང་ཕག་སྐད་ངུར་བས༔ དབྱིངས་དང་ཡེ་ཤེས་ཀྱི་སངས་རྒྱས་བྱང་སེམས་ཁྲོ་བོ་དང་ཁྲོ་མོ་ཕོ་བརྒྱུད་མོ་བརྒྱུད་དྲེགས་ཚོགས་ཐམས་ཅད་སྐད་ཅིག་དེ་ཉིད་ལ༔ དབང་ཆེན་འབར་བའི་དུར་ཁྲོད་ཆེན་པོ་དེ་ཉིད་དུ་འདུས་ཤིང་ཚོགས་པར་གྱུར་ཏོ༔ དཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཟིལ་གནོན་གྱི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཡང་དག་བཤད་བྱ་བ༔ སྟོན་པ་དབང་ཆེན་ཧེ་རུ་ཀས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཁྲོ་བོ་ཁྲོ་མོ་གནས་ཡུལ་བདག༔ དྲེགས་པའི་ཚོགས་དང་བཅས་པ་ལ༔ བཞད་པའི་སྟོབས་ཀྱི་གད་མོ་ཡི༔ དགྱེས་པའི་རྡོ་རྗེའི་གླུས་བསྐུལ་བ༔ ཧ་ཧ་རྟོག་མེད་དེ་བཞིན་གཤེགས༔ རྙོག་པ་མེད་ཅིང་མཐའ་དང་བྲལ༔ འབྱུང་བ་མེད་ཅིང་རྣམ་པར་དག༔ དོར་བ་མེད་ཅིང་དབྱིངས་སུ་ཡལ༔ ཐོབ་པ་མེད་པས་བདུད་ལས་རྒྱལ༔ འཛིན་པ་མེད་པས་རང་སར་གྲོལ༔ རྟོགས་པ་མེད་པས་གཞི་ལས་འདས༔ མཐོང་བ་མེད་པས་ཡིད་ཀྱང་འགག༔ བླང་བ་མེད་པས་ཁམས་ལྔ་དག༔ གྲོལ་བ་མེད་པས་རེ་བ་ཟད༔ འཁྲུལ་བ་མེད་པས་སྡུག་བསྔལ་བྲལ༔ ཧི་ཧི་དཔལ་མཆོག་ཆེ་བའི་རྒྱལ༔ གཟུགས་རྣམས་སྟོང་པའི་རང་རྩལ་ཏེ༔ འགག་མེད་དབྱིངས་ལས་སྣ་ཚོགས་འཕྲོ༔ དཀར་སེར་དམར་ལྗང་མཐིང་གའི་མདངས༔ རྣམ་པར་དག་པའི་ངོ་བོ་ནི༔ མེ་ལོང་ཡེ་ཤེས་རང་བཞིན་ཏེ༔ མཉམ་པ་ཉིད་ནི་བློ་ལས་འདས༔ རྟོག་པ་མེད་པས་ཡེ་ཤེས་སྐུ༔ ཀུན་ཁྱབ་གསལ་བ་དོན་རིག་ལྡན༔ སོ་སོར་རང་རིག་རྣམ་པར་སྤྱད༔ འབད་པ་མེད་པས་ལྷུན་གྱིས་གྲུབ༔ སྟོང་ཞིང་བདག་མེད་དེ་བཞིན་ཉིད༔ རིས་མེད་ཆ་ཤས་ཡོད་མ་ཡིན༔ ལྔ་ལྡན་ཡེ་ཤེས་དཔལ་དུ་འབར༔ ཆེ་བའི་སྐུ་སྟེ་ཆེ་བའི་མཆོག༔ གྲགས་ཆེན་རྣམ་པར་གྲགས་པ་སྟེ༔ སྔགས་ཀྱི་ཐེག་པའི་སྒྲ་ཆེན་སྒྲོགས༔ ཧཱུྃ་ཧཱུྃ་ཆོས་ཉིད་རང་སྒྲ་ནི༔ བརྗོད་མེད་ཚིག་དང་བྲལ་བ་ནས༔ སྐྱེ་མེད་སྙིང་པོའི་སྒྲ་དབྱངས་ཀྱིས༔ མཆོད་ཅིང་བསྟོད་པའི་གླུ་གར་བསྒྱུར༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་སོགས༔ གཅིག་ཏུ་གྱུར་པའི་དཔལ་དང་ལྡན༔ ཆགས་པ་བྲལ་བའི་འོད་འཆང་བ༔ འོད་ཆེན་རྣམ་པར་འདུ་བྱེད་ཅིང་༔ རྣམ་པར་སྣང་བའི་ཏིང་འཛིན་ལྡན༔ གཡོ་བ་མེད་པའི་རྡོ་རྗེ་མཁྲེགས༔ ཧྲཱིཿཧྲཱིཿརྒྱུ་རྐྱེན་དམིགས་མེད་ངོ་བོས་སྟོང་༔ དམིགས་པའི་དབྱིངས་ཟད་འཛིན་མེད་གྲོལ༔ རང་གྲོལ་རང་ཤར་རང་གསལ་ལྡན༔ གདུལ་དཀར་འདུལ་བྱེད་ཁྲོ་བོའི་རྒྱལ༔ དབྱིངས་ལས་ཤར་བའི་སྙིང་རྗེ་རྔམས༔ འཛིན་པའི་ཐབས་ཤེས་ལྕགས་ཀྱུ་ཞགས༔ གྲོལ་བར་སྒྲོལ་བའི་ལྔ་ཕུང་ལ༔ དཔལ་ལ་བརྗིད་པའི་ང་རོ་ལྡན༔ ནམ་མཁའི་ཁམས་ནས་འཇའ་ཤར་ལྟར༔ གསལ་བའི་ཕྱག་རྒྱའི་འཁོར་ལོ་བསྒྱུར༔ རྒྱ་མཚོ་ཆེན་པོའི་ཟླ་བ་བཞིན༔ རྟོག་པ་བྲལ་བའི་དབྱིངས་སུ་བསྟིམ༔ མེ་ལོང་གཟུགས་ཀྱི་སྣང་བ་ལྟར༔ ཡི་དམ་ལྷ་སྐུ་ཕྱག་རྒྱ་ཆེ༔ བདུད་ཚོགས་དྲེགས་སེམས་དབང་དུ་བསྡུས༔ ཆེ་བཙན་དྲག་པོའི་ཚོར་བ་ཉམས༔ བཀའ་ལས་འདའ་བྱེད་རྡུལ་དུ་བརླག༔ ང་ནི་གནས་དང་ཡུལ་གྱི་བདག༔ ང་ནི་དཔལ་མཆོག་ཆེ་བ་པོ༔ ང་ནི་སངས་རྒྱས་ཀུན་གྱི་སྲས༔ ང་ནི་ཁྲོ་བོ་ཡོངས་ཀྱི་རྗེ༔ ང་ནི་མཁའ་འགྲོའི་དབང་ཕྱུག་འབར༔ ང་ནི་དྲེགས་ཚོགས་ཡོངས་ཀྱི་གཤེད༔ ང་ནི་དྲེགས་པའི་སྡེ་དཔོན་རྒྱལ༔ ང་ནི་ཁྲག་འཐུང་ཧེ་རུ་ཀ༔ ཅེས་བསྒྲགས་པའི་སྒྲ་དེས་སངས་རྒྱས་དང་བྱང་སེམས་ཁྲོ་བོ་དང་ཁྲོ་མོ་ཐམས་ཅད་ཀྱི་བྱིན་རླབས་སྐུ་ལ་འདུ་བའི་སྦྱོར་བས་ཐིམ་པས་དཔལ་དང་གཟི་མདངས་ཕྱོགས་བཅུར་འབར་ཞིང་དྲེགས་ཚོགས་ཐམས་ཅད་ཀྱི་དབང་པོ་རྣམས་ཉམས༔ ཁ་འདར་སྙིང་ཡེད་ཅིང་ཁྲོ་བོ་ཆེན་པོ་ལ་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ཞིང་བྲན་དུ་ཁས་བླངས་སོ༔ དཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཟིལ་གནོན་གྱི་རྒྱུད་ལས་རྟ་གདོང་བཞད་པའི་གད་མོ་བསྒྲགས་པའི་ལེའུ་སྟེ་གཉིས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་བས་ལག་ན་རྡོ་རྗེ་ཡིས༔ ཁྲོ་མཆོག་དབང་ཆེན་ཧེ་རུ་ཀར༔ རྡོ་རྗེ་འབར་བའི་ཏིང་འཛིན་གྱིས༔ རྡོ་རྗེའི་ཚིག་གིས་འདི་སྐད་གསོལ༔ འབར་བའི་ཁྲོ་རྒྱལ་དབང་གི་མཆོག༔ རྟ་གདོང་འཚེར་བའི་སྒྲ་ཆེན་པོ༔ སྔགས་ཀྱི་འཁོར་ལོ་ཇི་ལྟར་སྤྱད༔ ཁྲོ་བོ་ཆེན་པོས་བཀའ་སྩལ་པ༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨཱོཾ་བཛྲ་དྷཀྐི་ནི་བྷ་ར་ཧི་སྭཱ་ཧཱ༔ ཨཱོཾ་རཏྣ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཕེཾ་ཕེཾ་ཕེཾ་ཕེཾ་ཕེཾ༔ ཨཱོཾ་རཏྣ་དྷཀྐི་ནི་བྷ་ར་ཧི་སྭཱ་ཧཱ༔ ཨཱོཾ་པདྨ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧྲིང་ཧྲིང་ཧྲིང་ཧྲིང་ཧྲིང་༔ ཨཱོཾ་པདྨ་དྷཀྐི་ནི་བྷ་ར་ཧི་སྭཱ་ཧཱ༔ ཨཱོཾ་ཀརྨ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཕཊ་ཕཊ་ཕཊ་ཕཊ་ཕཊ༔ ཨཱོཾ་ཀརྨ་དྷཀྐི་ན་བྷ་ར་ཧི་སྭཱ་ཧཱ༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་སྭཱ་ཧཱ༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་གྷ་རུ་ཎ་ཙ་ལེ་ཙ་ལེ་ཕཊ༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་དྷ་ཀ་དྷ་ཀི་སརྦ་མ་མ་ཡཀྴྱ་ཡེ་སྭཱ་ཧཱ༔ ཨཱོཾ་ཤྲཱི་ཧྱ་གྷྲཱི་ཝ་དྷེ་བའི་ཏེ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨཱོཾ་ཀརྨ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཀརྨ་ཀཱི་ལི་ཀཱི་ལཱ་ཡ་ཡགྴ་རགྴ་མཱ་ར་ཏྲི་མ་ར་མ་ཏེ་ས་མ་ཡ་བྷྱོ་བྷྱོ་བྷྱོ༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ནི་ལཾ་བྷ་ར་མེ་རུ་མེ་རུ་ནི་ཛ་ཛ་ཛ༔ ཨཱོཾ་བཛྲ་ཀྲོ་ཏ་ཤྲཱི་དྷ་ན་གྷུ་ཧེ་པ་ལ་ས་ཏྲི་ཏེ་ས་མ་ཡ་ཏི་རཀྴྱ་དུ་ནི་ཥིཎྚ་ཥིཎྚ་ཨ་ཧ་ར་ཡང་ཏེ་མུན་ཛ་ཏི་མཾ་མ་བྷྱོ་མཾ་མ་བྷྱོ༔ ཏྲཾ་ཤ་ཏི་རཾ་རུ་ཊི་མ་ཊ་ཀཽ་ཊི་ས་ལ་ཧེ་ཧེ་ཧེ་ཧོ་ཧོ་ཧོ་ཕཊ་ཕཊ་ཕཊ་སརྦ་ཀྲོ་ཏ་ནི་ལ་རཀྵྱ་རཀྵྱ་ཡ་ཏི་མ་བྷྱོ་བྷྱོ་བྷྱོ༔ ཙནྚ་ཝརྟི་ཡ་རུ་ཏེ་ཥཉྩ་ཡ་ནི་ཡོ་ཥི་ན་ཏ་ཧྱ་གྷྲཱི་ཝ་སཾ་ས་ཀ་རི་ཏི༔ ཡཾ་མེ་ཡཾ་མེ་ཡཾ་མེ་ནི་ཡཾ་མེ་ནི་ཀ་ལ་ཀ་ཏེ་ཀ་ཀྲོ་བཛྲ་ཚིནྡྷ་པ་ལ་ཏི་མཾ་ཏེ་སརྦ་ཨདྨོ་ཤུདྡྷེ་ཡགྴ་ར་ཏྲི་པྲ་ན་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ༔ ཨཱོཾ་ཀྲོ་ཏ་མ་ཧཱ་ཀྲོ་ཏི་བྷ་ར་ཧི་ཤྲཱི་ཛྙཱ་ན་གྷུ་ཧེ་པ་ཏི་ཀྲོ་ཏ་ཏནྩ་ཏནྩི་ཧི་མཾ་ཏི་ཡཀྵྱི་ཡཀྵྱི་ནི་ཕཊ་སྭཱ་ཧཱ༔ ཨཱོཾ་བཛྲ་ཀྲོ་ཏ་རུ་ཊ་ཀ་རུ་ཊ་ཏྲི་དུ་ཛ་ཏྲི་དུ་ཛ་མཱ་ར་ཡ་རྦད་རྦད༔ ཏྲག་རགྴ་མཱ་ར་ཡ་རྦད་ཆོད་ཐུཾ་རིལ་མཱ་ར་ཡ་རྦད་ཆོད་ཐུཾ་རིལ་རྦད་རྦད་དུམ་བུར་གཏུབས་གཏུབས་རུ་ཏྲའི་སྙིང་ལ་ཡཾ་ཡཾ་ཡཾ་ཏི་ཡཾ་ཏི་ཡཾ་ཏི་མཱ་ར་ཡ་བྷྱོ་བྷྱོ་ནན་སྭཱ་ཧཱ༔ དྲེགས་པའི་སྲོག་རྩ་སྙིང་རྩ་ཁྲག་རྩ་དང་བཅས་པ་ཐམས་ཅད་ཏྲི་དུ་ཛ་ཏྲི་དུ་ཛ་ཏྲི་མཱ་ར་ཡ་རྦད་རྦད་ས་ཐུན་ཡ་བྷྱོ་བྷྱོ༔ སོད་སོད་ཁྲི་འཕོ་ཡ་ཏ་ཏི་མཱ་ར་ཡ་སོད་སོད་པྲ་ཧ་ར་ཏི་ནི་མུ་ཥ་ཏི་སོད་སོད་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་བྷྱོ་བྷྱོ་ཙིཏྟ་སྲོག་ལ་རྦད་རྦད༔ ཡཀྴ་སྙིང་ལ་ཁཾ་ཁཾ༔ རུ་ཏྲི་ས་མ་ཡ་ཁ་ཊཾ་ཁ་ཊཾ་ཁ་ན་ཧེ་ཏི་བྷྱོ་བྷྱོ་སོད་སོད་ཛ་ཛ༔ རུ་ཊ་སརྦ་ནི་ཁུག་ཁུག་ཐུཾ་རིལ་ཁུག་ཛ་སོད་སོད༔ བྲུཾ་བྲུཾ་རཾ་རཾ་ཙཀྲ་རཾ་བཟློག་ཁྲོ་ཏ་ཁྱེར་ཡ་རཾ་ཡ་རཾ་ཏ་རཾ་ཏ་རཾ་ར་ར་ཙ་རཾ་རཾ་ན་ག་ན་གེ་བྷྱོ་བྷྱོ༔ ཨ་ཡ་མ་ཏྲག་རགྨོ་ར་ཛ་ཡགྴ་དུ་ན་པྲ་ན་ཡེ་རཀྴ་རུ་ཊ་ན་ག་ནི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ དཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཟིལ་གྱིས་གནོན་པའི་རྒྱུད་ལས་རྟ་སྐད་འཚེར་བ་སྔགས་ཀྱི་ལེའུ་སྟེ་གསུམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལག་ན་རྡོ་རྗེ་ཡིས༔ ཁྲོ་བོ་ཆེན་པོར་ཡང་གསོལ་བ༔ འཇིག་ཅན་འཇིགས་པར་བྱེད་པའི་མཆོག༔ སྒྲུབ་པ་ལུང་གི་རིམ་པ་གང་༔ ཁྲོ་བོ་ཆེན་པོས་བཀའ་སྩལ་པ༔ དབང་དྲག་ལས་ཀྱི་སྣོད་ལྡན་གྱི༔ སྐལ་བར་ལྡན་པ་གང་དག་གིས༔ རབ་ཏུ་འཇིགས་པའི་དུར་ཁྲོད་དང་༔ ཚང་ཚིང་འཁྲིགས་ཤིང་རྩུབ་པའི་ལུང་༔ སྡེ་བརྒྱད་མཁའ་འགྲོ་གནས་པའི་ཡུལ༔ བྲག་ནག་བདུད་ནི་ཁྲོས་འདྲའམ༔ ཡང་ན་དབང་གི་དཔལ་གྱིས་བརྒྱན༔ གནམ་ས་ཟླ་གམ་དབྱིབས་ཅན་དང་༔ ཆུ་བོ་དབང་གི་རྒྱུན་ལམ་ལྡན༔ ཤིན་ཏུ་དབེན་པའི་བས་མཐའ་ན༔ ཁྲོ་བོ་ཆེན་པོའི་ཏིང་འཛིན་གྱིས༔ གཉུག་མར་གནས་ལས་ས་བླངས་ཏེ༔ སྟེགས་བུ་འདོམ་གང་གྲུ་བཞིར་བཅད༔ འདོམ་ཕྱེད་དབང་ཆེན་ས་ལས་འཐོན༔ ཞིང་ཆེན་རྒྱུ་མས་ཐིག་གདབ་ཅིང་༔ རོ་སོལ་དུག་ཁྲག་ཆག་ཆག་བྱིལ༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ འཕྲིན་ལས་བཞི་ཡི་རང་གཞུང་ནི༔ སྐབས་སུ་བབས་པ་ལྟར་བཞིན་གྱི༔ ཕོ་བྲང་མཛེས་པའི་ཚོན་གྱིས་བསྒྱུར༔ ལྷག་པའི་ལྷ་མཆོག་དམ་པ་ཡི༔ སྐུ་གསུང་ཐུགས་རྟེན་རྫས་ཀྱང་འགོད༔ ཕྱི་ནང་གསང་བའི་འདོད་ཡོན་སྤྲས༔ མོས་པ་གསུམ་ལྡན་རྣལ་འབྱོར་པས༔ ཤར་བ་གསུམ་གྱི་དཀྱིལ་འཁོར་དུ༔ གསལ་བ་གསུམ་གྱི་ཏིང་འཛིན་གྱིས༔ ཤེས་པ་གསུམ་གྱི་གཟེར་གདབ་ནས༔ སྤྲོ་བསྡུ་བསྒྱུར་ཞིང་སྙིང་པོ་འདྲེན༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ལས་བཞིའི་འཕྲིན་ལས་ཤམ་བུ་ནི༔ ཨཱོཾ་ཤཱིནྟིང་ཀུ་རུ་ཡེ་སྭ་པུཥྟིང་ཀུ་རུ་ཡེ་ཧ་ཝ་ཤཾ་ཀུ་རུ་ཡེ་ཧཱུྃ་མཱ་ར་ཡ་ཕཊ་སྭཱ་ཧཱ༔ དཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཟིལ་གྱིས་གནོན་པའི་རྒྱུད་ལས་སྒྲུབ་ཐབས་ལུང་གི་རིམ་པ་བཤད་པའི་ལེའུ་སྟེ་བཞི་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལག་ན་རྡོ་རྗེ་ཡིས༔ ཁྲོ་བོ་ཆེན་པོར་ཡང་གསོལ་པ༔ མི་བཟད་དཔལ་ཆེན་འབར་བའི་རྒྱལ༔ མཆོད་ཅིང་བསྟོད་པ་ཇི་ལྟར་ལགས༔ ཁྲོ་བོ་ཆེན་པོས་བཀའ་སྩལ་པ༔ དབེན་པའི་གནས་སུ་མཆོད་ཚོགས་ལྡན༔ མ་དག་བསྲེགས་སྦྱངས་བདུད་རྩིར་སྤེལ༔ ཐོག་མའི་དུས་ཀྱི་ངར་འཛིན་ལས༔ བྱུང་བའི་འདྲེ་ལ་བཀའ་བསྒོ་སྟེ༔ ཨུ་ཙ་ཏ་ཡ་གྷརྫ་ཡ་ཧཱུྃ་ཕཊ༔ གཉིས་སུ་མེད་ལ་གཉིས་སུ་འཛིན༔ གཉིས་སུ་སྣང་བ་མཚམས་གཅོད་ཅིང་༔ རཀྵ་རཀྵ་ཡེ་སྭཱ་ཧཱ༔ ཧཱུྃ༔ བརྗོད་དུ་མེད་པའི་ཆོས་ཉིད་ལས༔ ཕྱོགས་དང་བྲལ་བའི་སྙིང་རྗེ་བསྒོམས༔ འགྲོ་རྣམས་སྒྲོལ་ཕྱིར་རང་རིག་ཧཱུྃ༔ ལས་དང་མཐུན་པའི་ཁ་དོག་ལྡན༔ འབྱུང་བཞི་རང་གྲོལ་ཀློང་ཡངས་སུ༔ ལས་ལྡན་ཕྲིན་ལས་ཕོ་བྲང་གསལ༔ སྟོང་ཞིང་སྙིང་རྗེའི་ཆོ་འཕྲུལ་ལས༔ ལྷག་པའི་ལྷ་མཆོག་ལྷ་ཡི་ལྷ༔ ཉོན་མོངས་རྒོལ་བ་འཇོམས་པ་པོ༔ ཡེ་ཤེས་མེ་ཡིས་མུན་པ་བསལ༔ གཅིག་ཏུ་མ་ངེས་དུ་མ་དང་༔ དུ་མ་ཐིག་ལེ་གཅིག་གི་ངང་༔ རྣམ་པར་བསྐྱེད་ཅིང་རྣམ་པར་གསལ༔ རྣམ་དག་སྒྱུ་མ་དམིགས་སུ་མེད༔ ང་མེད་ངར་འཛིན་རང་གྲོལ་འབར༔ དག་པ་རང་གྲོལ་དག་པའི་མཆོག༔ ཞིང་མཆོག་དམ་པ་དབྱིངས་ཀྱི་གནས༔ དུར་ཁྲོད་འབར་བ་ཁྲོ་བོའི་ཞིང་༔ དབང་དྲག་རོལ་པའི་ཕོ་བྲང་ནས༔ བསྒྲུབ་པའི་གནས་སུ་སྤྱན་འདྲེན་གསོལ༔ མོས་པའི་བུ་ལ་བརྩེར་དགོངས་ནས༔ ཐུགས་རྗེའི་མྱུར་མགྱོགས་འོད་འཕྲོས་ཏེ༔ བསྐྱེད་པའི་གནས་ལ་དངོས་གྲུབ་བར༔ བཞུགས་གསོལ་གཉིས་མེད་ཕྱག་རྒྱ་ཡི༔ འབར་བའི་གར་གྱི་སྟངས་སྟབས་བསྒྱུར༔ རོལ་མོ་འབིར་ཞིང་ལྟ་བ་སྤར༔ ཤ་ཆེན་ལ་སོགས་བསྲེག་པར་བྱ༔ ཨཱོཾ་ཨཱ་ཧཱུྃ་སྭཱ་ཧཱ་བཛྲ་ས་མ་ཡ་ཛཿཛ༔ བཛྲ་ས་མ་ཡ་ཏིཥྛ་ཏེ་བཛྲ་ས་མ་ཡ་ཨ་ལ་ལ་ཧོ༔ སྣང་བ་ཕྱི་ཡི་མཆོད་སྤྲིན་དང་༔ འཛིན་པ་ནང་གི་མཆོད་པ་སྟེ༔ ཤ་ཁྲག་དབང་པོ་ནང་རོལ་དང་༔ བཙོས་རྗེན་གསར་སྙིང་བམ་རུལ་ཚྭ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ རྒྱུ་དྲུག་བསྒྲལ་བའི་རཀྟ་དང་༔ འབྲུ་བཅུད་རྩི་སྨན་བྷ་ལིངྟ༔ ལྷག་པའི་ལྷས་ནི་འཁོར་ལོས་སྒྱུར༔ དབང་དྲག་དཔལ་གྱི་ལྷ་ལ་མཆོད༔ སརྦ་པཱུ་ཙའི་མཆོད་པ་བཞེས༔ ཧཱུྃ༔ ཆེ་སྟེ་དྲེགས་ཆེན་འདུལ་བའི་དཔལ༔ དྲེགས་པ་འདུལ་མཛད་དྲེགས་པའི་གཤེད༔ རབ་འཇིགས་གར་དགུའི་འཁོར་ལོ་འབར༔ དབང་ཆེན་སྒྲ་སྒྲོག་ཁམས་གསུམ་དང་༔ སྲིད་པའི་ཚོགས་ཀྱང་བྲན་དུ་ཁོལ༔ མངོན་རྫོགས་རྒྱལ་པོ་ཆོས་ཀྱི་སྐུ༔ ཐུགས་རྗེའི་སྟོབས་བཅུ་ཕྱོགས་བཅུར་འབར༔ དབང་བཅུའི་ཤུགས་ཀྱིས་དྲེགས་པ་འདུལ༔ རྟ་གདོང་དབང་གི་རྒྱལ་པོ་རྒྱལ༔ ཁྲོས་པའི་སྟོབས་རྩལ་ཡོངས་སུ་རྫོགས༔ འབར་བའི་ཀློང་ནས་གཏུམ་དྲག་འཁྲུག༔ མི་བསྲུན་དྲག་པོ་འཁོར་དང་བཅས༔ དུག་གསུམ་བསྐལ་བའི་མེ་ལྟར་འབར༔ དུག་ལྔའི་རྒྱ་མཚོ་རྦ་ལྟར་འཁྱོམ༔ ཤེས་རབ་ཁྲོ་མོ་འབར་བ་འཁྲིལ༔ ལྷ་ཚོགས་དཀྱིལ་འཁོར་འཁོར་ལོའི་དཔལ༔ རྒྱན་དུ་རོལ་ཞིང་རྒྱན་དང་ལྡན༔ ཕྱག་དང་རྟགས་ཀྱི་བསྟོད་པས་བསྟོད༔ བཟའ་བ་བཅའ་བ་བཏུང་བའི་རིགས༔ ལ་ལ་ཕུད་དང་སྤང་ལས་སྐྱེས༔ ནགས་ལས་སྐྱེས་དང་ཆུ་ལས་བརྡོལ༔ བྱད་མ་དགྲ་བགེགས་ཤ་དང་ཁྲག༔ བསད་པའི་ཤ་སྣ་མྱོས་པའི་ཆང་༔ ཤ་ལྔ་བདུད་རྩི་རྣམ་པ་ལྔའི༔ ཕུང་པོར་བསྒྱུར་ཞིང་ཁ་རཾ་ཁཱ་ཧི༔ ཞལ་ཏུ་བསྟབས་ཏེ་མགུལ་དུ་བསྒྲིམས༔ དགྱེས་པའི་གཟི་བརྗིད་ཀུན་ཏུ་འབར༔ བདག་ལ་དངོས་གྲུབ་སྩོལ་ཞེས་གསོལ༔ མུ་རན་སྐྱོང་བ་ལྷག་མས་བརྔན༔ དྲེགས་ཚོགས་དབང་པོའི་བཀའ་བསྒྱུར་རྣམས༔ སྔོན་ཚེ་ཁྲག་འཐུང་ཆེན་པོ་བཀའ༔ བར་དུ་རིག་འཛིན་རྣམས་ཀྱི་ལུང་༔ ད་ལྟ་རྣལ་འབྱོར་བདག་གི་ཚིག༔ ཆད་ཐོ་དགོངས་ལ་གཏོར་མ་བཞེས༔ འཕྲིན་ལས་སྒྲུབས་ཤིག་དམ་མ་གཡེལ༔ སྐུ་གསུང་ཐུགས་ཡོན་དཀྱིལ་འཁོར་ནས༔ དགེ་བའི་བཀྲ་ཤིས་ཆུ་རྒྱུན་སྩོལ༔ བསོད་ནམས་མཐུ་ཡིས་བསྟན་པ་རྒྱས༔ དགེ་བའི་འབྲས་བུ་སྟོབས་བཅུར་འབར༔ བདག་གཞན་དོན་གཉིས་མཐར་ཕྱིན་ཤོག༔ གསལ་བའི་དཀྱིལ་འཁོར་ས་བོན་ཧཱུྃ༔ དམིགས་མེད་ཐིག་ལེ་ནཱ་དར་ཡལ༔ དཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་རྒྱུད་ལས་མཆོད་ཅིང་བསྟོད་པའི་རིམ་པ་བསྟན་པའི་ལེའུ་སྟེ་ལྔ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལག་ན་རྡོ་རྗེ་ཡིས༔ ཁྲོ་བོ་ཆེན་པོར་ཡང་གསོལ་པ༔ ཉམས་ཆག་བྱུང་ན་ཇི་ལྟར་བསྐང་༔ ཁྲོ་བོ་ཆེན་པོས་བཀའ་སྩལ་པ༔ མ་འོངས་དམ་ལྡན་རིག་པ་འཛིན༔ དམ་ཚིག་འགལ་འཁྲུལ་ལྟ་སྒོམ་གཡེལ༔ སྡེ་བརྒྱད་འཁུ་ལྡོག་དལ་ཡམས་འབབ༔ མི་མཐུན་གནོད་པས་གཟིར་གྱུར་ན༔ དབེན་པའི་གནས་སུ་དཀྱིལ་འཁོར་བཞེངས༔ སྨན་རག་གཏོར་ཚོགས་སྤྱན་གཟིགས་བཀྲམ༔ ལས་ཀྱི་འཕྲིན་ལས་གསལ་བར་བསྐྱེད༔ བཟླས་པའི་སྔགས་འཁོར་སྤྲོ་བསྡུ་བསྒྱུར༔ དྲི་ཞིམ་དུད་པ་ཤ་ཆེན་སྲེག༔ གདུང་བའི་དབྱངས་ཀྱིས་ལྷ་ལ་འབོད༔ འགྱོད་པའི་ཤུགས་བསྐྱེད་ཐུགས་དམ་བསྐང་༔ ཧཱུྃ༔ དབྱིངས་ལས་ཤར་བའི་དཔལ་ཆེན་པོ༔ དཔའ་བོ་མཁའ་འགྲོ་ཀུན་གྱི་རྗེ༔ ཁྲག་འཐུང་དབང་ཆེན་ཧེ་རུ་ཀ༔ དཔལ་ཆེན་བརྔམས་པ་དྲེགས་པའི་གཤེད༔ མཁའ་དབྱིངས་དག་པ་པདྨའི་ཡུམ༔ སྤྲུལ་འཁོར་སངས་རྒྱས་བྱང་ཆུབ་སེམས༔ བཀའ་དང་བསྟན་སྲུང་དྲེགས་པའི་ཚོགས༔ སྤྲོས་བྲལ་ཆེན་པོ་ཆོས་དབྱིངས་ཀློང་༔ བསྐང་བྱ་སྐོང་བྱེད་ཡུལ་འདས་ཀྱང་༔ བདག་ཅག་རྨོངས་པས་བགྱིད་པའི་ལས༔ མཐོལ་ལོ་བཤགས་སོ་ཉམས་ཆག་སྐོང་༔ སྐུ་གསུང་ཐུགས་རྟེན་སྤྱན་གཟིགས་ཚོགས༔ ཕྱི་ནང་གསང་མཆོད་དམ་ཚིག་རྫས༔ རྐང་གླིང་ཤུགས་གླུ་རོལ་མོའི་ཚོགས༔ འབར་འབིར་འཁྲུག་ཅིང་འར་འུར་ལྡིར༔ སྟག་ཐོད་རཀྟ་དམར་གྱིས་བརྒྱན༔ ལྟོ་འཕྱེའི་གཡང་གཞི་ལྷབ་ལྷུབ་འཕྱོ༔ སྟག་སེང་དོམ་དྲེད་རྒྱལ་མཚན་མཐོ༔ ལེ་བརྒན་ལྡ་ལྡི་ཅོད་པན་བསྐྱོད༔ ཐུགས་དམ་གཉན་པོ་འདིས་སྐོང་ལ༔ གཡར་དམ་གཉེན་པོ་སོར་སྩོལ་ཅིག༔ དཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་རྒྱུད་ལས་ཉམས་ཆག་སྐོང་བའི་ལེའུ་སྟེ་དྲུག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལག་ན་རྡོ་རྗེ་ཡིས༔ ཁྲོ་བོ་ཆེན་པོར་ཡང་གསོལ་པ༔ དཔལ་ཆེན་དབང་གི་དབང་ཕྱུག་ཆེ༔ དམ་ཚིག་ཅན་གྱི་སྐལ་ལྡན་ལ༔ སྨིན་བྱེད་གདམས་པ་ཇི་ལྟར་ལགས༔ ཁྲོ་བོ་ཆེན་པོས་བཀའ་སྩལ་པ༔ ལུང་བཞིན་བཤད་པའི་གནས་མཆོག་ཏུ༔ ཡང་དག་དམ་ལ་གནས་པའི་བུ༔ ནུས་པ་ལྡན་པའི་སློབ་དཔོན་གྱིས༔ སྟ་གོན་སྤྱོད་ནས་སྨིན་པར་བྱ༔ འདི་ནི་དམ་ཚིག་དམྱལ་བའི་ཆུ༔ བསྟེན་ན་དམ་ལྡན་དངོས་གྲུབ་འཐོབ༔ ཉམས་ན་འཇིགས་པ་གདོན་མི་ཟ༔ རྡོ་རྗེ་འབར་བའི་ཆུ་འདི་འཐུང་༔ སྣང་སྲིད་མི་དམིགས་སྟོང་ཉིད་ངང་༔ དམིགས་པ་དམ་ཚིག་སེམས་དཔར་བསྒྱུར༔ ཡེ་ཤེས་ལྷ་ཚོགས་དབྱིངས་ནས་བསྐྱོད༔ དམ་ཚིག་ཡེ་ཤེས་གཉིས་མེད་འདྲེས༔ རོ་གཅིག་ཀློང་དུ་མཉམ་པར་བཞག༔ ལྷ་ཚོགས་སྐུ་ཡི་སྣང་བརྙན་དང་༔ རིན་ཆེན་དབང་གི་བུམ་དབང་སྦྱིན༔ སྤྲུལ་པའི་སྐུ་ཡི་ས་བོན་བཞག༔ བསྐྱེད་རིམ་སྐུ་ཡི་དམ་ཚིག་གཏད༔ ཧེ་རུ་ཀཿཡི་བུམ་པ་ནི༔ པཉྩ་རསྨི་བཅུད་ཀྱིས་གཏམས༔ ལོངས་སྤྱོད་འཁོར་ལོར་ཡབ་དང་ཡུམ༔ ཐབས་ཤེས་ཟུང་འཇུག་སྤྲོ་བསྡུ་བསྒྱུར༔ ལོངས་སྐུའི་ས་བོན་རྒྱུད་ལ་བཞག༔ བཟླས་པ་ལུང་གི་དམ་ཚིག་འབོག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསང་བ་གསུམ་གྱི་དཀྱིལ་འཁོར་ལས༔ རང་བྱུང་ཤར་བའི་རྡོ་རྗེ་ཆེ༔ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ དམིགས་མེད་ཏིང་འཛིན་དབང་ཡང་བསྐུར༔ ཆོས་སྐུའི་ས་བོན་རྒྱུད་ལ་བཞག༔ བསྐྱེད་པའི་རིམ་པས་བག་ཆགས་དག༔ རྫོགས་པའི་རིམ་པ་དམིགས་སུ་མེད༔ བསྐྱེད་རྫོགས་ཟུང་འཇུག་དམ་ཚིག་འཆང་༔ རབ་འབྱམས་འཕྲིན་ལས་ཡོན་ཏན་གྱིས༔ དབང་ཡང་ཆས་དང་རྒྱན་གྱིས་བརྒྱན༔ བསྐྱེད་རིམ་ཏིང་འཛིན་ལས་སྦྱར་ནས༔ དབང་དང་དྲག་པོའི་འཕྲིན་ལས་ཀྱིས༔ བདག་གཞན་དཔལ་ལ་སྤྱོད་པར་བྱ༔ བུ་དང་ཆུང་མ་ནོར་གྱི་དབྱིག༔ རབ་ཏུ་གཅེས་དང་ཡིད་འཐད་འབུལ༔ དཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་རྒྱུད་ལས་སྨིན་བྱེད་དབང་གི་ལེའུ་སྟེ་བདུན་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལག་ན་རྡོ་རྗེ་ཡིས༔ ཆགས་བྲལ་བདེ་བའི་འཁོར་ལོ་འཆང་༔ སྣོད་ལྡན་གྲོལ་ལམ་བཤད་དུ་གསོལ༔ ཁྲོ་བོ་ཆེན་པོས་བཀའ་སྩལ་པ༔ ཉོན་ཅིག་གསང་བདག་རྡོ་རྗེ་འཛིན༔ རྣམ་གཡེང་འཚེ་བ་མེད་པའི་སར༔ དོན་མཐོང་སྨིན་པའི་སློབ་དཔོན་གྱིས༔ སྔོན་སྦྱངས་སད་པའི་བློ་ཆེན་ལྡན༔ ཡང་དག་དོན་ལ་མོས་པའི་བུར༔ འདི་ནི་འཁོར་བ་ཞེས་བྱ་སྟེ༔ འདི་ནི་མྱ་ངན་འདས་པའི་ལམ༔ སྡུག་བསྔལ་དག་དང་སྡུག་བསྔལ་གྱི༔ རྟོག་པ་དག་གིས་འདུ་བྱས་པ༔ ཚོར་བའི་ཕུང་པོའི་རྦ་ལ་གཡེངས༔ ཕུང་པོ་ལྔ་དང་ཡིད་འཐད་གྲོགས༔ སྲེད་པས་གདུངས་ཕྱིར་འདུ་ཤེས་འཁོར༔ འདུ་བྱེད་ཤིང་རྟ་འཁོར་བ་ལས༔ ལྷ་དང་ལྷ་མིན་མི་དང་ནི༔ དམྱལ་བ་ཡི་དྭགས་དུད་འགྲོ་མཐོང་༔ ལས་ཀྱི་དུཿཁས་ཀུན་དུ་གཡེངས༔ རྣམ་པར་སྨིན་པ་བཅོས་དཀའ་བས༔ ཤེས་རབ་ལྡན་པའི་མི་ལུས་ཀྱི༔ གསང་བའི་ལམ་ལས་སྤང་བླང་དབྱེ༔ སྒོ་གསུམ་བག་ཆགས་བཟླས་པས་སྦྱངས༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ༔ འབྱུང་བ་ལྔ་ནི་དབྱིངས་སུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཚོགས་བརྒྱད་ཡུལ་བརྒྱན་ཕུང་པོ་ལྔ༔ དག་པ་རང་གྲོང་རང་སར་དག༔ ཨཱོཾ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཕྱི་སྣོད་དག་པའི་ཞིང་ཁམས་སུ༔ རིག་པ་ཡེ་ཤེས་སྐུ་རུ་སྨིན༔ དུས་མཐའི་དང་པོ་ཐོག་མ་ནས༔ ཀ་ནས་དག་པའི་བྱང་ཆུབ་སེམས༔ སྤྲོས་དང་བྲལ་བས་བློ་ལས་འདས༔ དགེ་དང་སྡིག་པའི་ཡུལ་ཡང་ཟད༔ སྐྱེ་དང་འཆི་བ་ངོ་བོར་དག༔ སྤང་དང་བླང་བའི་རེ་དོགས་གྲོལ༔ འདི་ནི་དོན་མཐོང་བླ་ན་མེད༔ བླ་མེད་བླ་མ་བླ་ན་མེད༔ དུག་གསུམ་སྐུ་གསུམ་འབྲས་བུར་སྨིན༔ དུག་ལྔ་ཡེ་ཤེས་སྐུ་ལྔར་སྨིན༔ ཚོགས་བརྒྱད་ཡུལ་བརྒྱད་རང་ངོར་དག༔ བྱང་ཆུབ་སེམས་དཔའ་སེམས་མར་གྲོལ༔ ལྟ་བ་གྱད་ཀྱི་རྟོགས་པ་ཡི༔ མན་ངག་སྒོམ་པའི་འཕྲང་བསལ་ནས༔ སྤྱོད་པ་ཤན་འབྱེད་རོ་སྙོམས་ཀྱིས༔ མཐར་ཕྱིན་དོན་ལ་ཚེ་གཅིག་སྤྱོད༔ དཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་རྒྱུད་ལས་གྲོལ་བྱེད་གདམས་པའི་ལེའུ་སྟེ་བརྒྱད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལག་ན་རྡོ་རྗེ་ཡིས༔ ཁྲོ་བོ་ཆེན་པོར་ཡང་གསོལ་པ༔ སངས་རྒྱས་བསྟན་དང་སེམས་ཅན་སྤྱིར༔ འཚེ་བའི་རུ་ཊ་ཇི་ལྟར་སྒྲོལ༔ ཁྲོ་བོ་ཆེན་པོས་བཀའ་སྩལ་པ༔ ཕུང་གསུམ་བདུད་ཀྱི་ཉི་མ་ལ༔ ཕུང་ཤུལ་ས་ལ་སྟེགས་བུ་བཟོ༔ དུག་ཁྲག་རོ་སོལ་ཆག་ཆག་གདབ༔ གྲུ་གསུམ་ཧོམ་ཁུང་ཚད་ལྡན་ནང་༔ དགྲ་བགེགས་བྱད་མའི་ལིངྒ་ནི༔ དུག་ཤོག་ངོས་ལ་དུག་ཁྲག་གིས༔ གཟུགས་དང་སྐྱེ་མཆེད་ཚང་བ་ལ༔ བུག་པ་དགུ་ལ་དམོད་ཡིག་གདབ༔ དཔྲལ་བར་རུས་བྲིས་ལྟེ་བ་ལ༔ བླ་དགས་སྙིང་གར་ནྲི་དང་མིང་༔ འགུགས་པའི་སྔགས་རྣམས་འབྲི་བར་བྱ༔ ཐ་མར་བསད་སྔགས་དམོད་བཅོལ་བཀོད༔ དེ་ཡིས་སྐྱོབ་བྱེད་ལྷ་བསྲུང་དབྱེ༔ ཧོམ་དུ་བཅུག་ནས་བདེན་སྟོབས་སྒྲོགས༔ མ་ཉེས་ཤགས་འདེབས་ཕུད་རྒོད་གཏོར༔ བྱད་ཐག་བསྡམ་ཞིང་དགྲ་བགེགས་སརྦ་ཨདྒུ་ཤ་ཡ་ཛཿཛ༔ བཛྲ་པ་ཤ་ཧཱུྃ་ཧཱུྃ་བཛྲ་སྥོ་ཊ་བཾ་བཾ་བཛྲ་གྷནྜེ་ཧོ་ཧོ༔ བཛྲ་ཨ་ཝེ་ཤ་ཡ་ཨ་ཨ༔ བྷནྡྷ་བྷནྡྷ་ཚིནྡྷ་ཚིནྡྷ་ཧ་ན་ཧ་ན་མ་ར་མ་ར་མཱ་ར་ཡ་མཱ་ར་ཡ་གྷརྫ་གྷརྫ་ཧྱ་གྷྲཱི་ཝ་དྷཀྐི་ནི་བྷ་ར་ཧི་ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བགེགས་ཀྱི་སྲོག་རྩ་སྙིང་རྩ་ཁྲག་རྩ་ལ་ཏྲི་དུ་ཛ་ཏྲི་དུ་ཛ་ནྲི་ཏྲི་དུ་ན་མཱ་ར་ཡ་མ་ཏྲི་ཏི་ས་མ་ཡ་རྦད་རྦད་རཀྴ་རཀྴ་ཏྲག་རཀྴ་མ་ཡ་ར་ཡ་ཏི་ནི་མཱ་ར་ཡ་རྦད་རྦད་སོད་སོད་གཏུབས་གཏུབས༔ བྷིརྱ་ས་མ་ཡ་ཏི་དགྲ་བགེགས་ལ་རྦད་རྦད་སོད་སོད༔ ཁྲི་འཕོ་མ་མ་ཀར་ཏི་ཤག་ཤག་བྱེར་བྱེར་སོད་སོད༔ བྷནྡྷ་ཀྲོ་ཏ་དཾ་ལིང་ན་ཡར་ཡར་མཱ་ར་ཡ་རྦད་རྦད་སོད་སོད༔ ཅེས་བརྗོད་བསྒྲལ་ཞིང་ཐུན་གྱིས་བརྡེག༔ ཁྲག་འཐུང་འབར་བའི་ལྷ་ཚོགས་ཀྱིས༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་སྒྲ་ཆེན་སྒྲོགས༔ ལོག་རྟོག་རྣམ་ཤེས་མཁའ་ལ་སྤར༔ ཕཊ་ཕཊ་ཕཊ་ཞེས་དབྱིངས་སུ་བསྟིམ༔ རྒྱལ་བའི་སྲས་སུ་བྱིན་གྱིས་བརླབས༔ སྤྲུལ་པའི་ཁྲོ་ཚོགས་ཕོ་ཉ་འཕྲོས༔ ཁྱད་པར་སྲས་མཆོག་ཀཱི་ལཱ་ཡ༔ རིགས་ལྔར་གྱུར་ནས་ཕུར་བུའི་དབལ༔ རྡོ་རྗེ་མཚོན་ཆ་ཐུན་ཆར་ཕབ༔ ཁྲོ་མོ་འབར་བའི་མཁའ་དབྱིངས་སུ༔ ཁྲོ་བོའི་རྡོ་རྗེས་བསྣུན་ཞིང་བསྒྲལ༔ ཤ་ཁྲག་སྤྲུལ་འཁོར་རྣམས་ལ་འབུལ༔ བྱང་ཆུབ་སྙིང་རྗེས་ཁྲོས་པའི་ལྷས༔ ཞིང་བཅུ་ལྡན་པའི་དགྲ་དང་བགེགས༔ བསད་ཅིང་མནན་པས་མཆོག་ལ་སྦྱོར༔ མཆོག་གི་འབྲས་བུ་མངོན་དུ་བྱེད༔ བསྟན་དང་འགྲོ་རྣམས་བདེ་བར་སྤྱོད༔ དཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་རྒྱུད་ལས་སྦྱོར་སྒྲོལ་བསྟན་པའི་ལེའུ་སྟེ་དགུ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལག་ན་རྡོ་རྗེ་ཡིས༔ འབར་བའི་མངོན་རྫོགས་ཁྲག་འཐུང་རྒྱལ༔ གདུལ་དཀའ་མ་ལུས་འདུལ་བའི་ཕྱིར༔ ཉམས་པ་སྲེག་དང་མནན་ཐབས་གང་༔ ཁྲོ་བོ་ཆེན་པོས་བཀའ་སྩལ་པ༔ ལག་ན་རྡོ་རྗེ་ཁྱོད་ཉོན་ཅིག༔ དུར་ཁྲོད་དྲག་པོའི་གནས་སུ་ནི༔ ལྟ་སྤྱོད་ལྡན་པའི་རྣལ་འབྱོར་པས༔ ནག་པོའི་འགྲུབ་སྦྱོར་ཉི་ཁྱིམ་ལ༔ དམེ་འཁྲུག་ས་ལ་སྟེགས་བུ་བཟོ༔ དམེ་ཁྲག་གྲི་ཁྲག་དུག་ཁྲག་གིས༔ ཆག་ཆག་བྱི་དོར་ཐིག་ཏུ་བཅད༔ འཁོར་ལོའི་རྩིབས་སོགས་ལྷ་ཡི་གྲངས༔ ཐོད་པ་རྡོ་རྗེ་མེ་རིས་བསྐོར༔ ཚོན་གླན་དུག་ཤིང་ཧོམ་ཁུང་བརྩིག༔ ཤ་ཆེན་སྲེག་རྫས་མཆོད་གཏོར་དང་༔ མི་རྩིབ་ཡམ་ཤིང་བྱང་བུས་བརྒྱན༔ རཱུ་པར་བརྒྱ་སྟོང་ལྔ་བརྒྱ་སོགས༔ སྐབས་སུ་གང་བབས་ཟངས་ཕྱེ་དང་༔ ལྕགས་ཕྱེ་ཁྲོ་དང་ཁྲག་ཆེན་དུག༔ ཏིལ་དང་ལན་ཚྭ་ཚོགས་པར་དགྲམས༔ བསྐྱེད་རྫོགས་བཟླས་བསྒོམ་ལྟ་བ་སྤར༔ འབྱུང་བའི་མེ་ལྷ་བསྐྱེད་ཆོག་མཆོད༔ བསྟོད་ཅིང་འབར་ཏེ་འཁྲུག་པའི་དབྱིངས༔ ཁྲག་འཐུང་ལྷ་ཚོགས་གསལ་བར་བསྐྱེད༔ ནན་བསྐྱེད་ནན་གྱིས་གཉིས་མེད་བསྟིམ༔ ཞལ་ནི་གནམ་སའི་ད་ལ་བཞིན༔ ལྗགས་ནི་བར་སྣང་གློག་ལྟར་འཁྱུག༔ ཚེམས་ནི་དུང་གི་རི་ལྟར་ལ༔ རྒྱོབ་གསོད་སྒྲ་སྒྲོགས་འབྲུག་སྟོང་ལྡིར༔ སྤྱན་རྣམས་ཁྲག་མཚོ་ལྟ་བུར་ཁོལ༔ སྐུ་ནི་གར་དགུའི་ཉམས་ཀྱིས་འཕྱོ༔ དམིགས་པའི་ཐེམས་སུ་བཅུག་པ་དང་༔ བྱང་བུར་མིང་མི་བསྒྱུར་བ་ཡི༔ དགྲ་བགེགས་མ་ལུས་ཐམས་ཅད་ནི༔ རྫོགས་ལྡན་བསྐལ་པའི་མེ་ལྟར་དུ༔ འབར་བའི་ཀློང་དུ་ཧབ་ཧབ་བཞེས༔ མེ་ལྕེ་ཁ་ཡི་རྩི་སྦུར་ལྟར༔ སྐད་ཅིག་དེ་ལ་བརླག་པར་བསམས༔ ཨཱོཾ་ཨགྣེ་ཡེ་ཛ་ཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡ་ཛཿཛ༔ ས་མ་ཡ་ཏིཥྛ་ལྷན༔ བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤཔྟ་ཨཱཿཧཱུྃ༔ ཨཱོཾ་རཾ་རཾ་རཾ་ཛྭ་ལ་རཾ་དགྲ་བགེགས་སརྦ་ཤྭ་ཊ་མཾ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་བྷ་སུ་ཏ་ཀེཾ་ནི་རི་ཏི་མ་ཧཱ་སརྦ་ས་མ་ཡ་ཨེ་དཾ་བཱ་ལིངྟ་ཨེ་ཧྱ་ཧི་ཧྱ་གྷྲཱི་ཝ་དྷཀྐི་ནི་བྷ་ར་ཧི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བརྒྱ་སྟོང་ལྔ་བརྒྱ་ལ་སོགས་པས༔ སྲེག་རྫས་ཡོངས་སུ་རྫོགས་པ་ལ༔ སོ་སོར་ལས་སྔགས་བརྒྱན་ནས་ནི༔ ཚིག་གིས་བཅད་ནས་འབུལ་བར་བྱ༔ ལྷ་ཚོགས་གཤེགས་གསོལ་མེ་ལྷ་མཆོད༔ དགེ་བ་བསྔོ་ཞིང་མཐའ་རྒྱས་སྐྱོང་༔ ལིང་ཐལ་སྐབས་སུ་དམིགས་པ་ལྟར༔ སྣོད་དུ་བསྡམས་ཤིང་ལས་ལ་སྦྱར༔ བྱང་བལྟ་ཆུ་མིག་མགོ་བོ་དགུ༔ རི་བོ་ཐུར་རྒྱུག་རྙ་ཆད་འོག༔ ལུང་གསུམ་འདུས་པའི་སུམ་མདོ་དང་༔ ལྷ་ཁང་ཐེམ་འོག་མཆོད་རྟེན་ཞབས༔ རྒྱ་གྲམ་ལམ་མམ་འདྲེ་གནས་ཕུག༔ མནན་ཅིང་རྒྱས་གདབ་དམོད་བཅོལ་གཡབ༔ བསྐལ་པའི་མཐར་ཡང་ཐར་མེད་བསྒོམ༔ དགྲ་བགེགས་ཁ་ཕུང་གཏན་བརླག་འགྱུར༔ དཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་རྒྱུད་ལས་མནན་སྲེག་བསྟན་པའི་ལེའུ་སྟེ་བཅུ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལག་ན་རྡོ་རྗེ་ཡིས༔ ཁྲོ་བོ་འབར་བའི་ཧེ་རུ་ཀར༔ ཉམས་པ་སྒྲོལ་བའི་ལས་བརྩམ་ན༔ དམིགས་པའི་ཟབ་གནད་ཇི་ལྟར་ལགས༔ རྡོ་རྗེ་འཛིན་པ་ལེགས་པར་ཉོན༔ རང་ཉིད་ཁྲོ་བོའི་ཏིང་འཛིན་ལྡན༔ ཁྲག་འཐུང་འབར་བའི་དཀྱིལ་འཁོར་ལྷ༔ སྤྲུལ་པ་དམིགས་བྱའི་གཤེད་མར་བསྒྱུར༔ ལས་སྨིན་ལྕགས་སྒྲོམ་འབར་བའི་ནང་༔ ཉམས་པའི་ལྷ་དང་འདྲེ་གཉིས་པོ༔ དུག་གི་སྦལ་པ་དཀར་ནག་གཉིས༔ དུག་རིགས་བཅོ་བརྒྱད་ན་བུན་གཏིབས༔ དུག་གི་ཆར་པ་སི་ལི་ལི༔ ལྟོ་སྦྱོར་ཚ་གྲང་འཁྲུག་པའི་ཀློང་༔ བྱད་མ་འཁོར་བཅས་ཚུད་པར་བསྒོམས༔ ནང་ནས་ཉོན་མོངས་མེ་ལྟར་འབར༔ དུག་རླངས་འཕྲོས་པས་དམིགས་བྱ་ཡི༔ ལྷ་སྲུང་དཔལ་ཆེན་བཅས་པ་ཕོག༔ མ་བཟོད་དྲག་ཏུ་ཁྲོས་ཤིང་འཁྲུགས༔ རང་བྱད་རང་གི་སྟེང་དུ་དབབ༔ ནད་མཚོན་དུག་ཁྲག་ཐུན་ཆར་ནི༔ ལྕགས་ཀྱི་སེར་ཆེན་ལྟ་བུར་འདྲིལ༔ བསྐལ་པའི་མེ་ཆེན་ལྟ་བུར་འབར༔ དུག་གི་རྒྱ་མཚོ་ལྟ་བུར་ཁོལ༔ ཁྲོ་ཆུའི་ཞུན་ཐིགས་ལྟ་བུར་འཕྲོ༔ གནམ་ལྕགས་ཚྭ་ཚྭ་ལྟ་བུར་ཡར༔ ནམ་མཁའི་ཁམས་ཀྱི་གློག་ལྟར་འཁྱུག༔ བར་སྣང་ཁམས་ཀྱི་ཐོག་ལྟར་འབབ༔ བསྐལ་པའི་རླུང་གི་རྡུལ་ལྟར་འཚུབ༔ རྩུབ་འགྱུར་ཚལ་གྱི་མཚོན་ལྟར་གཟེངས༔ ཐེམས་སུ་བཏབ་པའི་དགྲ་བོ་དེ༔ སྐད་ཅིག་ཉིད་ལ་བརླག་ནས་ཀྱང་༔ བཀའ་ཡི་འཁོར་ཚོགས་ཕོ་ཉ་རྣམས༔ བྱ་གཅན་ཤ་ལ་རུབ་པ་ལྟར༔ བླ་ཁྱེར་སྲོག་བཅད་དབུགས་འགམས་ནས༔ ཤ་ཁྲག་ལྷག་མ་མེད་པར་བཞེས༔ ལྷ་ཚོགས་ནུས་སྟོབས་གཟི་བརྗིད་འབར༔ དབང་དྲག་འཕྲིན་ལས་ཐོགས་མེད་ཀྱི༔ མ་ཡེངས་དགོངས་པའི་ཏིང་འཛིན་གྱིས༔ ཐེམས་སུ་བཏབ་པའི་དགྲ་དང་བགེགས༔ བརླག་འགྱུར་འདི་ལ་གདོན་མི་ཟ༔ དཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་རྒྱུད་ལས་དམིགས་པ་གནད་འབེབས་ཀྱི་སྐབས་ཏེ་ལེའུ་བཅུ་གཅིག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལག་ན་རྡོ་རྗེ་ཡིས༔ རྟ་མཆོག་རྒྱལ་པོར་ཡང་གསོལ་པ༔ ཕས་ཀྱི་རྦོད་གཏོང་གནོད་པའི་བགེགས༔ བཟློག་པའི་འཕྲིན་ལས་བཤད་དུ་གསོལ༔ ཁྲོ་བོ་ཆེན་པོས་བཀའ་སྩལ་པ༔ དྲག་པོའི་གནས་སུ་དཀྱིལ་འཁོར་དབུས༔ འབྲུ་ནག་ཕྱེ་ལ་དཔལ་བཤོས་བཞེངས༔ དུག་དང་ཁྲག་གིས་བརྗིད་པར་བྱུགས༔ མཚེ་དང་ཀེ་ཚེ་ཤང་ཚེ་དང་༔ རྩང་དང་ཡུངས་ཀར་ཡུངས་ནག་སྟེ༔ ལིངྒ་ཤ་ཆེན་དབང་ལྔས་བརྒྱན༔ ཁྲོ་བོ་ཆེན་པོར་མངའ་གསོལ་ཞིང་༔ བདག་མདུན་ཁྲག་འཐུང་ཧེ་རུ་ཀ༔ འཁོར་འདས་ལམ་གསུམ་རང་རིག་རྩལ༔ བདེན་རྫུན་སྒྱུ་མའི་འཁོར་ལོ་ལ༔ སྒྱུ་མའི་སྐྱེས་བུས་སྔགས་བརྒྱབ་ལྟར༔ མེད་ལ་ཡོད་པར་ལྟ་བ་དང་༔ སྟོང་ལ་བདག་ཏུ་བཟུང་བ་ཡི༔ སྔོན་ལས་འཕྲལ་རྐྱེན་ཐན་ལྟས་བྱད༔ ཕྱིར་བཟློག་བསྒྱུར་ཞིང་མེད་པར་བསྒོམས༔ ཨཱོཾ་བཛྲ་ཀྲོ་ཏ་མ་ཧཱ་ཀྲོ་ཏི་ཤྭ་རི་བྷ་ར་ཧི༔ ཧྱ་གྷྲཱི་ཝ་སརྦ་ས་མ་ཡ་ཏེ་ཨ་ཡ་མ་དུ་རུ་ཙ་ཤ་ན་ནྲི་ཏྲི་མཱ་ར་ཡ་རྦད་རྦད་ཆིངས་ཆིངས༔ བྷྱོ་བྷྱོ་བྷྱོ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཟློག་ཅིག་སྒྱུར་ཅིག་བྱོལ་ཅིག་ཏྲི་དུ་ཛ་བྷྱོ་བྷྱོ་ཟློག་ཟློག་ཏྲི་དུ་ཛ་བྷྱོ་བྷྱོ་ཟློག་ཟློག་མཱ་ར་ཡ་ཏྲག་རཀྴ་བྷྱོ་བྷྱོ་ཟློག་ཟློག༔ མཱ་ར་ཡ་ནི་ཏྲག་རཀྴ་བྷྱོ་བྷྱོ་ཟློག་ཟློག༔ ས་ཐུན་ཡ་བྷྱོ་བྷྱོ་ཟློག་ཟློག་ས་ཐུན་ཡ་ནི་ས་ཐུན་ཡ་ནི་ཡ་ཏེ་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་བྷིརྱ་ས་མ་ཡ་ཏི་དགྲ་བགེགས་སརྦ་བྷྱོ་བྷྱོ་ཟློག་ཟློག་ཁྲི་འཕོ་སརྦ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག་དམ་ལིང་ཙིཏྟ་གཟེར་ཐུཾ་ནན་ཏི་མ་མ་མཱ་ར་ཡ་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ པྲ་ཧ་སརྦ་ས་མ་ཡ་དགྲ་བགེགས་བྷྱོ་བྷྱོ་ཟློག་ཟློག༔ པྲ་ཧྱ་པྲ་ཧྱ་དགྲ་བགེགས་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཡས་ནས་གཡོས་པ་ལྷ་ཡི་གདོན༔ འོག་ནས་ལང་བའི་ཀླུ་ཡི་གདོན༔ བར་ནས་གཟིར་བ་སྡེ་བརྒྱད་བགེགས༔ ཐན་དུ་གྱུར་པའི་མངོན་སུམ་ལྟས༔ བགེགས་སུ་ལང་བའི་ཕོ་མོའི་འདྲེ༔ ཟ་ཁ་ཟུག་པའི་འབྱུང་པོའི་ཚོགས༔ ལས་ལས་བྱུང་པའི་སྐག་ཆེན་དང་༔ རྐྱེན་ལས་བྱུང་བའི་མི་མཐུན་ཕྱོགས༔ ཕས་ཀྱི་རྦོད་གཏོང་རྦད་འདྲེ་རྣམས༔ བཤམས་པའི་དམར་ཆེན་གཏོར་མས་ཟློག༔ བཀོད་པའི་རྩང་དང་ཐུན་གྱིས་སྒྱུར༔ སྤྲུལ་པའི་ཁྲོ་ཚོགས་ཁྱུང་གིས་བྱོལ༔ ནད་རིགས་བགེགས་དང་གློ་བུར་རྐྱེན༔ ལྟས་ངན་ཡུལ་སྡིག་མི་མཐུན་ཚོགས༔ འབར་བའི་སྟོབས་ཀྱིས་བཟློག་པར་བསྒོམས༔ སྒེག་པའི་ཤུག་ཀྱིས་བསྒྱུར་བར་གསོལ༔ ལམ་དབྱེ་འཕྲང་བསལ་ནད་མཚོན་དུག༔ སྣ་ཚོགས་མི་མཐུན་ཆར་དུ་བསྒྱུར༔ ཐེམས་སུ་བཏབ་ལ་ཟོར་སྣ་གཏད༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་དབང་དྲག་ཧེ་རུ་ཀ༔ གདུལ་དཀའ་འདུལ་བྱེད་ཁྲོ་བོའི་རྒྱལ༔ འཁོར་འདས་ཐམས་ཅད་ང་ཡི་རྩལ༔ སྲིད་པ་གསུམ་ཡང་ང་ཡི་བྲན༔ དྲེགས་ཆེན་ཐམས་ཅད་ང་ཡི་འཁོར༔ ཤུགས་ཆེན་ཐམས་ཅད་ང་ཡི་དཔུང་༔ ཟ་བྱེད་ཚོགས་ནི་གཡས་ནས་འགྱེད༔ གསོད་བྱེད་ཚོགས་ནི་མདུན་ནས་སྤྲུལ༔ འཐུང་བྱེད་ཚོགས་ནི་གཡོན་ནས་འཕྲོ༔ འཇུམ་བྱེད་ཚོགས་ནི་ཀླད་ནས་ལྡིང་༔ གཏིབ་བྱེད་དམག་ཚོགས་རྒྱབ་ནས་གཡོ༔ ཕོ་ཉ་ཡང་སྤྲུལ་སེར་ལྟར་འགྲིལ༔ ནད་མུག་མཚོན་གསུམ་ཐུན་ཆར་གྱིས༔ ཐེམས་སུ་བཏབ་པ་བརླག་པར་བསྒོམས༔ ཟོར་འཕེན་དམོད་བཅོལ་མཐའ་སྐྱོང་ངོ་༔ དཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཟིལ་གནོན་གྱི་རྒྱུད་ལས་ཕས་ཀྱི་རྦོད་གཏོང་བཟློག་པ་བཤད་པའི་ལེའུ་སྟེ་བཅུ་གཉིས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལག་ན་རྡོ་རྗེ་ཡིས༔ དཔལ་མཆོག་སྟོན་པ་ཧེ་རུ་ཀར༔ ཤིན་ཏུ་མི་བསྲུན་རུ་ཊ་ཡིས༔ རབ་ཏུ་འཚེ་ན་ཇི་ལྟར་སྒྲོལ༔ ཁྲོ་བོ་ཆེན་པོས་བཀའ་སྩལ་པ༔ སེམས་ཅན་དར་ཐགས་བཏགས་སྦྱར༔ བྱིན་པས་དམིགས་བྱ་སྒྲོལ་བར་ངེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གླན་ནི༔ ཞིང་དཀྱིལ་སྦས་ན་ཞིང་རབས་འཆད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྱི་གུ་ལོང་རོའི་བྲང་གི་ནང་༔ དགྲ་བོའི་མི་རབས་རྩད་ནས་འཆད་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཆང་དཀྱིལ་བསྙལ༔ གྲིབ་མར་བསྐམས་པའི་ཕྱེ་མ་ལ༔ སྲིན་ཤིང་མེ་ཏོག་ཁྱི་སྨྱོན་ཀླད་པ་བཏབ་ནས་ཀྱང་༔ གྱུར་ན༔ དགྲ་བོ་རང་དབང་མེད་པར་སྨྱོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དམར་ཚོས་བརྡུང་བའི་ཁནྡྷ་གདུ༔ བྱིན་ན༔ མི་རབས་རྨིང་ནས་སྐམ་པར་འགྱུར༔ བས་འབྲས་བུ་སྐམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་རྒྱུད་ལས་དགྲ་བོ་ལས་ལ་སྦྱོར་བའི་མན་ངག་བཤད་པའི་ལེའུ་སྟེ་བཅུ་གསུམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལག་ན་རྡོ་རྗེ་ཡིས༔ རྟ་མཆོག་རྒྱལ་པོར་ཡང་གསོལ་པ༔ རྒྱུད་ཆེན་གསང་སྔགས་སྙིང་པོ་འདི༔ བཀའ་ཡི་ཐེམས་སུ་ཇི་ལྟར་འདེབས༔ སྲུང་མ་གང་ལ་གཉེར་བྱང་བཅོལ༔ བཞུགས་པའི་གནས་ནི་གང་རུང་ཞིང་༔ སྤྱོད་པའི་དུས་དང་སྐྱེས་བུ་སུ༔ ཁྲོ་བོ་ཆེན་པོས་བཀའ་སྩལ་པ༔ ལེགས་སོ་དཔལ་ལྡན་རྡོ་རྗེ་འཛིན༔ གསང་བའི་བདག་པོ་ཁྱོད་ལེགས་སོ༔ རྟ་གདོང་བཞད་པའི་གད་མོ་ཆེ༔ གྲགས་ཆེན་རྣམས་པར་གྲགས་པའི་སྒྲ༔ ཧ་ཧི་སྒྲོག་པ་རྡོ་རྗེའི་གླུ༔ དྲེགས་ཚོགས་དུས་གསུམ་ཐམས་ཅད་དུ༔ རྣམ་པར་ཟིལ་གྱིས་གནོན་པའི་རྒྱུད༔ ལངྐའི་མཁའ་འགྲོའི་འཕྲུལ་ཡིག་ཏུ༔ ལས་ཀྱི་དྷཀྐིའི་རིས་སུ་བྲིས༔ ཕྱི་ནང་བཀའ་ཡི་སྲུང་མ་ནི༔ དམ་ཚིག་ལྡན་པ་གང་ཡང་རུང་༔ ཁྱད་པར་པདྨའི་རིགས་མཆོག་འཆང་༔ དཔའ་བོ་མཁའ་འགྲོས་བཀའ་འདི་སྲུངས༔ ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་མཆོད༔ མ་འོངས་ཕྱི་མའི་དུས་ཀྱི་ཚེ༔ རྩོད་ལྡན་ཚེ་ལོ་བརྒྱ་པ་ལ༔ ཤཱཀྱ་ཐུབ་པའི་བསྟན་པ་འབྱུང་༔ དུས་དེར་གསང་སྔགས་འབྲས་བུ་སྨིན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བསྟན་པའི་སྙིང་པོ་དམ་པ་དེར༔ མཚོ་ལས་སྐྱེས་པ་སྤྲུལ་པའི་སྐུ༔ པདྨ་འབྱུང་གནས་ཞེས་བྱ་འབྱུང་༔ འབྲས་བུའི་ཆོས་ཀྱིས་འགྲོ་བ་སྒྲོལ༔ དེ་ཚེ་རྒྱུད་མཆོག་དམ་པ་འདི༔ སྐྱེས་ཆེན་དེ་ཡིས་དེར་སྤྱོད་ནས༔ བདུད་དང་ལོག་འདྲེན་བར་ཆད་འདུལ༔ སངས་རྒྱས་བསྟན་པ་ཡུན་དུ་བསྲིང་༔ ཅེས་བཀའ་སྩལ་པ་དང་སངས་རྒྱས་དང་བྱང་སེམས་ཁྲོ་བོ་ཁྲོ་མོ་དཔའ་བོ་མཁའ་འགྲོ་དྲེགས་པའི་སྡེ་དཔུང་དཔལ་མགོན་རྒྱ་མཚོ་དང་བཅས་པ་རྗེས་སུ་ཡི་རང་ཞིང་ཁྲག་འཐུང་འབར་བའི་འཁོར་ལོ་ལ་བསྟོད་ཅིང་བསྟོད་ནས་རབ་ཏུ་འདུད་པར་གྱུར་ཏོ༔ དཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་རྒྱུད་ལས༔ བཀའ་ཡོངས་སུ་གཏད་ཅིང་སྲུང་མར་བཅོལ་ཏེ་ལུང་བསྟན་རྗེས་སུ་ཡི་རང་བ་དང་བཅས་པའི་ལེའུ་སྟེ་བཅུ་བཞི་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིགས་འདུས་ཉི་མ་གྲགས་པ་རྩལ་གྱིས་ཁམས་སྲིང་མོ་རྫོང་གི་ནུབ་སྒོ་མེ་འབར་ཕུག་ནས་ཆུ་ཕོ་ཁྱིའི་ལོའི་ཧོར་ཟླ་དགུ་པའི་ཉི་ཤུ་ཐམ་པའི་ཚེ་གཏེར་ནས་སྤྱན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའོ། །མངྒ་ལཾ།། །།


previousདཔལ་ཆེན་པོ་རྟ་གདོང་ཁྲོས་པ་དྲེགས་པ་ཟིལ་གནོན་གྱི་རྒྱུད།next