Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
   
   
   
   
བསྐང་བའི་ལས་རིམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྐང་བའི་ལས་རིམ།next

བསྐང་བའི་ལས་རིམ།

རྟ་མགྲིན་དྲེགས་པ་ཟིལ་གནོན་ལས༔ བསྐང་བའི་ལས་རིམ་བཞུགས་སོ༔ དབང་ཆེན་ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད༔ མ་འོངས་དུས་སུ་ཆོས་བཞིན་སྤྱོད་པའི་ཚེ༔ སྡེ་བརྒྱད་འཁུ་བཟློག་དལ་ཡམས་འཁྲུག་རྩོད་སོགས༔ མདོར་ན་མི་མཐུན་གནོད་པས་གཟིར་གྱུར་ན༔ དབེན་པའི་གནས་སུ་སྐྱང་ནུལ་དཀྱིལ་འཁོར་བཞེངས༔ གཏོར་ཚོགས་སྨན་རག་མཆོད་པ་སྤྱན་གཟིགས་བཀྲམ༔ ལས་ཀྱི་གཞུང་བསྲང་རིམ་གཉིས་ཏིང་འཛིན་འབད༔ མོས་པ་གཏིང་བསྐྱེད་གནོང་འགྱོད་ཤུགས་ཕྱུངས་ཏེ༔ དཔལ་ཆེན་ལྷ་ཚོགས་ཐུགས་དམ་འདི་ལྟར་བསྐང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དཔལ་གྱི་གཏོར་མར་སྨན་དང་རཀྟ་སྦྲེང་༔ རོལ་མོ་འབིར་ཞིང་སྤོས་གསུར་དུད་པ་གཏོང་༔ ལྟ་སྒོམ་ཉམས་རྟོགས་གཟེངས་བསྟོད་འདི་སྐད་དོ༔ ཧཱུྃ༔ དབང་ཆེན་རོལ་པའི་ཞིང་ཁམས་ཆེན་པོ་འདི༔ ཡེ་ནས་ལྷུན་གྲུབ་ཀུན་བཟང་དཔལ་གྱི་ཞིང་༔ ཕྱི་ནང་མཆོད་ཚོགས་བཀོད་པའི་བྱེ་བྲག་འདི༔ ཀུན་བཟང་མཆོད་སྤྲིན་སྟོང་གསུམ་ཁྱོན་དུ་བརྡལ༔ དཔལ་གཏོར་སྨན་དང་རཀྟ་བདུད་རྩིའི་ཚོགས༔ ཕྱི་ནང་གསང་བའི་མཆོད་ཚོགས་བཀོད་པས་བརྒྱན༔ སྤྱན་གཟིགས་ཀ་ཆ་དཀོར་ཆ་ཤ་ཁྲག་སྙིང་༔ མུ་མཐའ་མེད་པར་ཡོངས་སུ་སྤུངས་པ་འདིས༔ ཚེ་རབས་སྔོན་ནས་བསྙེན་ཅིང་བསྒྲུབས་པའི་ལྷ༔ དབང་ཆེན་ཡབ་ཡུམ་ལྷ་ཚོགས་ཐུགས་དམ་བསྐང་༔ ཧཱུྃ༔ ཆོས་ཉིད་དབྱིངས་ལས་བཞེངས་པའི་བཅོམ་ལྡན་འདས༔ དཔལ་ཆེན་འབར་བའི་དབང་ཕྱུག་ཧེ་རུ་ཀ༔ ཁྲག་འཐུང་ཁྲོ་བོའི་རྒྱལ་པོ་དྲེགས་པའི་གཤེད༔ རྟ་མཆོག་རིགས་ལྔའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཧཱུྃ༔ མཁའ་དབྱིངས་རྣམ་དག་པདྨ་རིགས་ཀྱི་ཡུམ༔ ཆགས་བྲལ་བདེ་ཆེན་དགྱེས་སྡེ་འཕྲུལ་མོ་ཆེ༔ རྡོ་རྗེ་དྷཀྐི་མ་གཅིག་རྣལ་འབྱོར་མ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ དབང་ཆེན་བཀའ་ཉན་དབང་ཕྱུག་དྲག་པོ་རྩལ༔ ལས་ཀྱི་བདེ་འབྱིན་ཨུ་མ་དྲག་མོ་ཡུམ༔ གཉིས་མེད་སྲས་མཆོག་རཀྴ་ཛ་ལ་སྟེ༔ ཡབ་ཡུམ་སྤྲུལ་འཁོར་སྲས་གསུམ་ཐུགས་དམ་བསྐང་༔ ཧཱུྃ༔ གནོད་སྦྱིན་སྡེ་དཔོན་ཁྲོ་བོ་ཡོངས་ཀྱི་རྗེ༔ བཛྲ་པཱ་ཎི་བྱ་ཁྱུང་གྷ་རུ་ཎ༔ རིགས་ཀྱི་བདག་པོ་སངས་རྒྱས་སྣང་མཐའ་ཡས༔ ཡེ་ཤེས་དབྱིངས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ ཧཱུྃ༔ སྲོག་བདག་ཚངས་པ་རྒྱལ་པོ་འབུམ་གྱི་སྡེ༔ བྷེ་ཝ་ས་ཏ་ལས་ཀྱི་གཤིན་རྗེའི་ཚོགས༔ བཙན་རྒོད་དམར་པོ་སྟོང་སྡེ་འཁོར་དང་བཅས༔ རལ་པ་ཚལ་དགུ་འཁོར་ཚོགས་ཐུགས་དམ་བསྐང་༔ ཧཱུྃ༔ ཀླུ་བདུད་ནག་པོ་མི་བཟད་འབར་བའི་འཁོར༔ དྲང་སྲོང་ལྗང་སྔོན་ཀླུ་སྲིན་ཕོ་ཉའི་ཚོགས༔ རྡོ་རྗེ་ལེགས་པ་ཐེའུ་རང་འབུམ་གྱི་སྡེ༔ མ་མོ་ནག་མོ་འཁོར་བཅས་ཐུགས་དམ་བསྐང་༔ ཧཱུྃ༔ རྒྱལ་པོ་སྡེ་བཞི་རང་འཁོར་བྲན་གཡོག་བཅས༔ དཔལ་མགོན་དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས༔ ཕྱི་དང་ནང་གི་ལྷ་སྲིན་དྲེགས་པའི་དཔུང་༔ སྡེ་བརྒྱད་མ་ལུས་འཁོར་བཅས་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ སྨན་གཏོར་རཀྟ་གྷ་ནའི་ལོངས་སྤྱོད་དང་༔ ཕྱི་ནང་གསང་མཆོད་བརྟེན་ཅིང་སྒྲུབ་པའི་རྫས༔ གོ་ཁྲབ་མཚོན་ཆ་སྣ་ཚོགས་འབྲུ་སྨན་སྤོས༔ རྔ་གླིང་རོལ་མོའི་སྒྲ་སྙན་གསུར་ཆེན་དུད༔ བྱ་ནག་བྷན་དྷར་བདུད་རྩི་ཁྲག་ཆང་སྦྱར༔ མི་ལྤགས་གཡང་བཞིའི་ཁུག་མ་ཐུན་གྱིས་བཀང་༔ དམར་ཡག་སྟག་གི་ཐོད་པར་ཤ་ཁྲག་སྤུངས༔ ལྟོ་འཕྱེ་སྔོན་མོའི་གཡང་གཞི་རྒྱན་གྱིས་སྤྲས༔ ཕྱར་དར་གཡབ་དར་མང་པོའི་བ་དན་བཙུགས༔ སྟག་སེང་བྱ་རོག་བམ་གྱི་རྒྱལ་མཚན་བསྒྲེངས༔ ལེ་བརྒན་དར་སྣའི་ལྡ་ལྡིའི་ཅོད་པན་འཕྱོ༔ དབང་ཆེན་རྟ་ཕག་ཡབ་ཡུམ་ཐུགས་དམ་བསྐང་༔ དཔའ་བོ་དཔའ་མོ་འབུམ་སྡེའི་ཐུགས་དམ་བསྐང་༔ སྤྲུལ་འཁོར་ལྷ་སྲིན་ཚོགས་ཀྱི་ཐུགས་དམ་བསྐང་༔ བཀའ་འཁོར་སྐྱོང་བའི་དྲེགས་ཚོགས་ཐུགས་དམ་བསྐང་༔ ཧཱུྃ༔ དེ་ལྟར་ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས༔ སྔོན་གྱི་ལས་བཟློག་འཕྲལ་གྱི་རྐྱེན་སོལ་ཅིག༔ མི་དང་མི་མིན་བདུད་དང་ལོག་འདྲེན་སྒྲོལ༔ བྱད་དང་རྦོད་གཏོང་ཐན་ལྟས་གནོད་བྱེད་ཟློག༔ ཚེ་བསོད་ཉམས་རྟོགས་ཡར་ངོ་ལྟར་འཕེལ་ཞིང་༔ མཆོག་ཐུན་དངོས་གྲུབ་སྩོལ་ལ་འཕྲིན་ལས་སྒྲུབས༔ ཅེས་བརྗོད་བཤགས་ཚིག་ཡི་གེ་བརྒྱ་བ་སོགས་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ དཔལ་ལྡན་ཧེ་རུ་ཀཿཡི་སྐུ༔ དབང་བཅུའི་རྡོ་རྗེ་འཆང་ཆེན་དགོངས་སུ་གསོལ༔ བདག་ཅག་སྣོད་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲག་འཐུང་དྲེགས་པའི་དཀྱིལ་འཁོར་སྨིན་གྲོལ་སྩོལ༔ འདིར་འདུས་བདག་ཅག་རྗེས་སུ་འཛིན་པར་གསོལ༔ དྲི་བ་ནི༔ ཧོ་ཁྱོད་ཅག་སྣོད་ལྡན་རིགས་ཀྱི་བུ་ཡིན་ན༔ ཚེ་འདི་བློས་གཏོང་ཆོས་ཕྱིར་དཀའ་བ་སྤྱད༔ དབང་ཆེན་དྲེགས་པའི་ལྷ་ཚོགས་བསྙེན་ཅིང་སྒྲུབ༔ ཆོས་སྐྱོང་བཀའ་སྲུང་རྣམས་ནི་མཆོད་ཅིང་བསྟེན༔ དབང་དང་དྲག་པོའི་ལས་ཀྱི་འཕྲིན་ལས་ཀྱིས༔ བསྟན་འགྲོའི་བདེ་ལེགས་བསྐྲུན་པར་ནུས་ལགས་སམ༔ ལན་ནི༔ ཧོ་དགོངས་ཤིག་སྟོབས་ལྡན་པདྨ་དབང་གི་ལྷ༔ རྡོ་རྗེ་འཛིན་པའི་དཔའ་བོ་ཧེ་རུ་ཀ༔ བདག་ཅག་སྔོན་ནས་བསྙེན་ཅིང་བསྒྲུབ་པའི་ལྷ༔ འདིར་འཇུག་སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ༔ དབང་དང་དྲག་པོའི་འཕྲིན་ལས་མཐར་ཕྱིན་བརྩམ༔ ཡང་དག་ཉིད་དུ་སྩལ་བར་མཛད་དུ་གསོལ༔ དམ་ཆུ་སྦྱིན་ཞིང་༔ ཧཱུྃ༔ དེ་ལྟར་ཡིན་ན་སྐལ་ལྡན་ཁྱེད་རྣམས་ཀྱི༔ པཉྩ་ཨ་མྲྀ་ཏ་ཡི་བཅུད་འདི་མྱོངས༔ དམ་ནི་བླ་མེད་ཐེག་པའི་ལྟ་སྒོམ་སྤྱོད༔ ཚུལ་བཞིན་དམ་ལ་གནས་ན་མཆོག་ཐུན་འཐོབ༔ ཚིག་ནི་དམ་ལས་རལ་བའི་འགྲོ་བ་རྣམས༔ སྲུང་མས་སྲོག་དབུགས་ཕྲལ་ནས་དམྱལ་བར་འཚིག༔ དེ་ཕྱིར་ཆུ་འཐུང་གསང་སྔགས་དམ་སྲུངས་ཤིག༔ བཛྲ་ས་མ་ཡཱ་ཧཱུྃ༔ རྡོ་རྗེ་སྤྱི་བོར་བཞག་ཅིང་༔ ཧཱུྃ༔ ང་ནི་ཁྲག་འཐུང་དབང་གི་རྡོ་རྗེ་འཛིན༔ ད་ནས་བརྩམས་ཏེ་བུ་ཁྱོད་དམ་ཚིག་སྲུངས༔ ཁྱོད་ཅག་ཡང་དག་དམ་ལ་གནས་གྱུར་ན༔ མཆོག་ཐུན་སྨིན་གྲོལ་དངོས་གྲུབ་བདག་གིས་སྦྱིན༔ བཛྲ་ས་མ་ཡཱ༔ ཛཿཧཱུྃ་བཾ་ཧོ༔ བསྲུང་སྐུད་བཅིང་བ་ནི༔ ཧཱུྃ༔ ཡེ་ཤེས་ལྔ་ལྡན་རྡོ་རྗེའི་མདུད་པས་རྒྱན༔ ཁྱོད་ལ་སྦྱིན་པས་བར་ཆད་གཡུལ་ལས་རྒྱལ༔ སྐུ་དང་ཡེ་ཤེས་མངོན་དུ་མ་གྱུར་བར༔ སྲུངས་ཤིག་བཛྲ་རཀྵ་ཡེ༔ ཀུ་ཤ་སྦྱིན་ཅིང་༔ ཧཱུྃ༔ གཙང་ཞིང་དགེ་བ་དཔལ་མཆོག་ལྷ་ཡི་རྫས༔ སྔས་དང་གདན་དུ་སྦྱིན་པས་འདི་ཁྱེར་ལ༔ སེང་གེ་བཞིན་ཉོལ་རྨི་ལམ་པྲ་རྟགས་རྟོགས༔ ནང་པར་གང་བྱུང་བདག་ལ་སྨྲ་བར་གྱིས༔ ཨཱོཾ་ཨཱཿཧཱུྃ༔ སོ་ཤིང་ནི༔ ཧཱུྃ༔ བྱང་ཆུབ་བསྒྲུབ་པའི་ལྷག་པའི་ལྷ་མཆོག་དེ༔ གསལ་བར་མངོན་དུ་འགྱུར་ཕྱིར་སོ་ཤིང་དོར༔ ལས་ཀྱིས་འབྲེལ་བའི་ལྷ་མཆོག་གང་ཡིན་པ༔ རྟེན་འབྲེལ་ཐབས་འདིས་བདག་ལ་གསལ་བར་སྟོན༔ ན་མོ་སིདྡྷི་ཕ་ལ་ཧོ༔ མེ་ཏོག་ནི༔ ཧཱུྃ༔ ཀུན་གཞི་རྣམ་དག་བྱང་ཆུབ་སེམས་ཉིད་ཀྱི༔ ལྔ་ལྡན་མེ་ཏོག་དབང་ཆེན་ལྷ་ལ་འབུལ༔ ཚེ་རབས་སྔོན་ནས་བསྙེན་ཅིང་བསྒྲུབས་པའི་ལྷ༔ རིགས་ཀྱི་བདག་པོ་དེ་ལ་འབབ་པར་ཤོག༔ ཨཱོཾ་བཛྲ་ས་མ་ཡཱ་ཧཱུྃ༔ ཞེས་དོར་རིགས་མཐུན་གསང་མཚན་བཞད་པ་རྩལ༔ ཅོད་པན་ཐོགས་ཏེ༔ ཧཱུྃ༔ སྐུ་ལྔ་ལྷུན་གྲུབ་དཔལ་ཆེན་དབང་གི་རྟགས༔ ལེ་བརྒན་འབར་བའི་ཅོད་པན་འདི་སྦྱིན་པས༔ ཧེ་རུ་ཀཿཡི་གཙུག་གི་རྒྱན་སྤྲས་ནས༔ བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བར་ཤོག༔ ཨཱོཾ་ཤྲཱི་ཧེ་རུ་ཀཿཏིཥྠ་ཏེ་ཧཱུྃ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་བྱིན་དབབ་ཡེ་ཤེས་སེམས་དཔའ་བསྟིམ༔ མེ་ཏོག་འཐོར་ཞིང་སྤྱི་བོར་རྡོ་རྗེ་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་བུམ་པ་ཐོགས༔ ཧཱུྃ༔ སྣང་བའི་ངོ་བོ་དབང་གི་བུམ་པ་ན༔ བཅུད་ནི་རྟ་མགྲིན་དབང་ཆེན་དཀྱིལ་འཁོར་ལྷ༔ སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས༔ འགྱུར་མེད་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་ལ་ཀཱ་ཡ༔ གཙོ་བོ་ཡབ་ཡུམ་གྱི་ཙཀ་ལི་ཐོགས༔ ཧཱུྃ༔ ཁྲོ་མཆོག་དབང་ཆེན་ཡབ་ཡུམ་འབར་བའི་སྐུ༔ ཁྲོ་བོ་ཁྲོ་མོ་འབར་བའི་ཆས་རྣམས་རྫོགས༔ སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས༔ དྲེགས་པ་ཟིལ་གནོན་ཡབ་ཡུམ་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་དྷཀྐི་ནི་བྷ་ར་ཧི་ཨ་བྷི་ཥིཉྩ་ཧཱུྃ༔ རྟ་མགྲིན་རིགས་ལྔའི་སྐུ་ཐོགས་ལ༔ ཧཱུྃ༔ བཅོམ་ལྡན་དབང་ཆེན་ཁྲག་འཐུང་རིགས་ལྔ་དང་༔ གཉིས་མེད་ཡུམ་ཆེན་ཕག་མོ་རིགས་ལྔ་ཡིས༔ སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས༔ ཁྲག་འཐུང་ཡབ་ཡུམ་རྣམས་ཀྱི་དབང་ཐོབ་ཤོག༔ ཨཱོཾ་ཧྱ་གྷྲཱི་ཝ་དྷཀྐི་ནི་བྷ་ར་ཧི་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཡབ་ཡུམ་སྲས་གསུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ དྲག་པོ་ཆེན་པོ་སྟོབས་ལྡན་ཧེ་རུ་ཀ༔ ཁྲོས་པའི་རྒྱལ་མོ་སྒེག་པའི་དབང་ཕྱུག་མ༔ གཉིས་མེད་སྤྲུལ་པའི་སྲས་མཆོག་ཟངས་མཆེ་ཅན༔ སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས༔ ཡབ་ཡུམ་སྲས་གསུམ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་དེ་ཝ་ཨུ་མ་ནི་རཀྴ་ཛ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་ན་རྡོ་རྗེའི་སྐུ་ཐོགས་ལ༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་ཆེན་པོ་དཔལ་ཆེན་པོ༔ གནོད་སྦྱིན་ཁྲོས་པའི་རྒྱལ་པོ་རྡོ་རྗེ་འཛིན༔ སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས༔ དཔལ་ཆེན་ཁྲོ་མཆོག་འབར་བའི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྱ་ཁྱུང་ཐོགས་ཏེ༔ ཧཱུྃ༔ རིགས་ཀྱི་བདག་པོ་བྱ་ཁྱུང་གྷ་རུ་ཎ༔ སྣང་མཐའ་དམར་པོས་གཙུག་གི་རྒྱན་དུ་སྤྲས༔ སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས༔ རིགས་བདག་གྷ་རུ་ཎ་ཡི་དབང་ཐོབ་ཤོག༔ ཨཱོཾ་གྷ་རུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་མགྲིན་པར་སྦྱིན༔ ཧཱུྃ༔ རང་བྱུང་སྣོད་མཆོག་བྷནྡྷ་བདུད་རྩིས་བརྒྱན༔ ཁྱོད་ཀྱི་ངག་ལ་སྦྱིན་པས་རྩ་འཁོར་གང་༔ གསུང་གི་དབང་ཐོབ་ངག་གི་ནུས་མཐུ་འབར༔ ཁྲག་འཐུང་དཔལ་གྱི་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ངག་ཏུ་སྦྱིན༔ རྡོ་རྗེ་དར་དམར་གྱི་ཅོད་པན་ཅན་ཐོགས་ཏེ༔ ཧཱུྃ༔ འདི་ནི་མི་ཤིགས་རྡོ་རྗེ་འབར་བ་སྟེ༔ མི་འགྱུར་ཏིང་འཛིན་ཐུགས་ཀྱི་རྡོ་རྗེའི་དབང་༔ སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས༔ ཁྲག་འཐུང་ལྷ་ཚོགས་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡབ་ཡུམ་གཉིས་ཀྱི་ཕྱག་མཚན་ཐོགས༔ ཧཱུྃ༔ དཔལ་ཆེན་ཡབ་ཡུམ་འབར་བའི་ཕྱག་མཚན་འདི༔ ཁམས་གསུམ་དབང་དུ་བསྡུད་པའི་ཕྱག་རྒྱ་ཅན༔ སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས༔ ཁྲག་འཐུང་ལྷ་ཚོགས་ཡོན་ཏན་དབང་ཐོབ་ཤོག༔ རྩ་སྔགས་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་ཐོགས་ལ༔ ཧཱུྃ༔ འབྲུ་བཅུད་ཤ་ཁྲག་དམ་རྫས་བྷ་ལིངྟ་༔ རྩ་གསུམ་མཆོད་རྫས་སྲིད་གསུམ་ཟིལ་གནོན་དང་༔ སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས༔ ཁྲག་འཐུང་ལྷ་ཚོགས་འཕྲིན་ལས་དབང་ཐོབ་ཤོག༔ རྩ་སྔགས་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོངས་རྫོགས་བརྒྱུད་པའི་བཀའ་གཏད་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ནི་རྩ་གསུམ་དབང་གི་སྙིང་པོ་སྟེ༔ བསྙེན་སྒྲུབ་ཐེམ་པའི་བྱང་སེམས་རྣལ་འབྱོར་པས༔ སྣོད་དང་ལྡན་ལ་བྱིན་པས་མཆོག་ཐུན་འགྲུབ༔ ཕྱི་རབས་དོན་དུ་ཡི་གེའི་རིས་སུ་བཏབ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ བཀའ་ཡི་སྲུང་མས་ཆོས་འདིའི་བྱ་ར་གྱིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱལ་ཁམས་པ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་གི་ནུབ་སྒོ་མེ་འབར་ཕུག་ནས་ཆུ་ཁྱི་ཧོར་ཟླ་དགུ་པའི་ཉི་ཤུ་ཐམ་པ་ལ་གདན་དྲངས་ཤིང་མེ་སྟག་ཧོར་ཟླ་དྲུག་པའི་ཚེས་དགེ་བར་ཤོག་སེར་ལས་བསྒྱུར་བའོ། མངྒ་ལཾ།། །།


previousབསྐང་བའི་ལས་རིམ།next