Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
   
   
   
   
   
དྲེགས་པའི་སྲོག་དབང་དམ་ཚིག་རྡོ་རྗེའི་བཀའ་རྒྱ་ཅན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲེགས་པའི་སྲོག་དབང་དམ་ཚིག་རྡོ་རྗེའི་བཀའ་རྒྱ་ཅན།next

དྲེགས་པའི་སྲོག་དབང་དམ་ཚིག་རྡོ་རྗེའི་བཀའ་རྒྱ་ཅན།

རྟ་མགྲིན་དྲེགས་པ་ཟིལ་གནོན་ལས༔ དྲེགས་པའི་སྲོག་དབང་དམ་ཚིག་རྡོ་རྗེའི་བཀའ་རྒྱ་ཅན་བཞུགས་སོ༔ དཔལ་ཆེན་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ བསྙེན་སྒྲུབ་ཚུལ་བཞིན་བརྩམ་པའི་སྣོད་ལྡན་ལ༔ སྡེ་བརྒྱད་དྲེགས་པའི་སྲོག་དབང་སྦྱིན་པ་ནི༔ དཔོན་སློབ་ཐམས་ཅད་བསྐྱེད་རིམ་ཏིང་འཛིན་གསལ༔ སྒྲུབ་པའི་གཞུང་ལྟར་སྔགས་འཁོར་འོད་ཟེར་སྤྲོ༔ མ་ཡེངས་ཏིང་འཛིན་དགོངས་པའི་གཟེར་གདབ་ཅིང་༔ རྩ་བའི་བསྙེན་པ་སྟོང་བཟླས་མཆོད་བསྟོད་བྱ༔ དབང་གི་དོན་དུ་གསོལ་བ་འདི་ལྟར་གདབ༔ ཧཱུྃ༔ ཁྲག་འཐུང་རྒྱལ་པོ་ཧེ་རུ་ཀཿཡི་སྐུ༔ དཔལ་ཆེན་དབང་གི་སློབ་དཔོན་དགོངས་སུ་གསོལ༔ མི་སྲུན་དྲེགས་པ་ལྷ་སྲིན་སྡེ་ཚོགས་ཀྱི༔ སྲོག་གི་དབང་བསྐུར་བདག་ལ་སྩལ་དུ་གསོལ༔ གསུམ༔ དེ་ནས་ཚངས་པའི་སྐུ་ཐོགས་ལ༔ ཧཱུྃ༔ དྲེགས་པ་རྒྱལ་པོ་འབུམ་སྡེ་འདུལ་བའི་ཕྱིར༔ ཆོས་དབྱིངས་ངང་ནས་བཞེངས་པའི་ལྷ་ཆེན་པོ༔ སྲོག་བདག་ལྷ་ཆེན་ཚངས་པས་དབང་བསྐུར་བས༔ རྒྱལ་པོ་འབུམ་སྡེའི་ཚོགས་ལ་དབང་བསྒྱུར་བའི༔ དྲག་རྩལ་ནུས་སྟོབས་ལྡན་པའི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་རཱ་ཛ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཀླུ་བདུད་ཐོགས་ཏེ༔ ཧཱུྃ༔ ཀླུ་དང་ས་བདག་མ་ལུས་འདུལ་བའི་ཕྱིར༔ གཏུམ་ཆེན་དབྱིངས་ལས་བཞེངས་པའི་ལྷ་ཆེན་པོ༔ ཀླུ་སྲིན་ཁྲོས་པ་ཆེན་པོས་དབང་བསྐུར་བས༔ ཀླུ་ཡི་འཇིག་རྟེན་ཁམས་ལ་དབང་བསྒྱུར་བའི༔ དྲག་རྩལ་ནུས་སྟོབས་ལྡན་པའི་དབང་ཐོབ་ཤོག༔ ཨཱོཾ་ན་ག་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ གཤིན་རྗེ་ཐོགས་ལ༔ ཧཱུྃ༔ དྲེགས་པ་གཤིན་རྗེའི་སྡེ་དཔུང་འདུལ་བའི་ཕྱིར༔ ཁྲོ་གཏུམ་དབྱིངས་ལས་བཞེངས་པ་འབར་བའི་སྐུ༔ གཤིན་རྗེ་མི་ཟན་ཆེན་པོའི་དབང་བསྐུར་བས༔ གཤིན་རྗེའི་འཇིག་རྟེན་ཁམས་ལ་དབང་བསྒྱུར་བའི༔ དྲག་རྩལ་ནུས་སྟོབས་ལྡན་པའི་དབང་ཐོབ་ཤོག༔ ཨཱོཾ་ཡ་མ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ དྲང་སྲོང་ཐོགས་ལ༔ ཧཱུྃ༔ གཟའ་དང་རྒྱུ་སྐར་མ་ལུས་འདུལ་བའི་ཕྱིར༔ དྲག་རྩལ་དབྱིངས་ལས་བཞེངས་པའི་མཐུ་སྟོབས་འབར༔ དྲང་སྲོང་ཁྲོས་པ་ཆེན་པོས་དབང་བསྐུར་བས༔ གཟའ་ཡི་འཇིག་རྟེན་ཁམས་ལ་དབང་བསྒྱུར་བའི༔ དྲག་རྩལ་ནུས་སྟོབས་ལྡན་པའི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་རཱ་ཛ་རཱ་ཧཱུ་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བཙན་ཐོགས་ལ༔ ཧཱུྃ༔ དྲེགས་པའི་བཙན་རྒོད་འབུམ་སྡེ་འདུལ་བའི་ཕྱིར༔ དབང་དྲག་དབྱིངས་ལས་བཞེངས་པའི་དྲག་རྩལ་ཅན༔ བཙན་རྒོད་རྡོ་རྗེ་དྲག་རྩལ་དབང་བསྐུར་བས༔ དམར་པོ་བཙན་གྱི་ཚོགས་ལ་དབང་བསྒྱུར་བའི༔ དྲག་རྩལ་ནུས་སྟོབས་ལྡན་པའི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་རཱ་ཛ་པྲ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དམ་ཅན་ཐོགས༔ ཧཱུྃ༔ འགོང་པོ་ཐེའུ་རང་ཚོགས་རྣམས་འདུལ་བའི་ཕྱིར༔ རབ་འཇིགས་དབྱིངས་ལས་བཞེངས་པའི་སྟོབས་རྩལ་ཅན༔ དམ་ཅན་རྡོ་རྗེ་ལེགས་པས་དབང་བསྐུར་བས༔ ཐེའུ་རང་སྟོང་སྡེའི་ཚོགས་ལ་དབང་བསྒྱུར་བའི༔ དྲག་རྩལ་ནུས་སྟོབས་ལྡན་པའི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་རཱ་ཛ་བཛྲ་ས་དུ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་ཐོགས་ལ༔ ཧཱུྃ༔ ནག་པོ་བདུད་ཀྱི་སྡེ་ཚོགས་འདུལ་བའི་ཕྱིར༔ སྟོབས་ལྡན་དབྱིངས་ལས་བཞེངས་པ་འཆོལ་བའི་རྒྱལ༔ བདུད་པོ་རལ་པ་ཚལ་དགུས་དབང་བསྐུར་བས༔ ནག་པོ་བདུད་ཀྱི་ཁམས་ལ་དབང་བསྒྱུར་བའི༔ དྲག་རྩལ་ནུས་སྟོབས་ལྡན་པའི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་རཱ་ཛ་དུ་ན་ཨ་བྷི་ཥིཉྩ་ཧཱུྃ༔ མ་མོ་ཐོགས༔ ཧཱུྃ༔ མ་མོ་ཤ་ཟ་མཁའ་འགྲོ་འདུལ་བའི་ཕྱིར༔ ཆགས་མེད་ཤེས་རབ་དབྱིངས་ནས་སྐུར་བཞེངས་པ༔ མ་མོ་དབྱིངས་ཀྱི་རྒྱལ་མོས་དབང་བསྐུར་བས༔ ཤ་ཟ་འབུམ་སྡེའི་ཚོགས་ལ་དབང་བསྒྱུར་བའི༔ དྲག་རྩལ་ནུས་སྟོབས་ལྡན་པའི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལི་ནི་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱལ་པོ་བཞི་ཐོགས༔ ཧཱུྃ༔ གླིང་བཞིའི་འཇིག་རྟེན་འགྲོ་རྣམས་འདུལ་བའི་ཕྱིར༔ སྐུ་བཞིའི་ཡེ་ཤེས་ཀློང་ནས་སྐུར་བཞེངས་པ༔ རྒྱལ་པོ་ཆེན་པོ་སྡེ་བཞིས་དབང་བསྐུར་བས༔ གཙང་རིས་དཔལ་མགོན་ཚོགས་ལ་དབང་བསྒྱུར་བའི༔ དྲག་རྩལ་ནུས་སྟོབས་ལྡན་པའི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་རཱ་ཛ་སརྦ་ད་ན་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དཔོན་སློབ་ཐམས་ཅད་བདུད་ཆས་ཞུགས༔ ཧོམ་བསྐྱེད་བདེན་བདར་དགྲ་བགེགས་ལིངྒར་བསྟིམ༔ ཕུང་པོ་བསྒྲལ་ཞིང་ཤ་ཁྲག་གཏོར་མར་འབུལ༔ དམིགས་བྱ་གང་ཡིན་ལྷག་མེད་བཞེས་པར་བསམས༔ རྩ་སྔགས་ཁཱ་ཧི་བཏགས་ལ་བདུན་ཉེར་གཅིག༔ རྒྱས་བསྡུས་སྐབས་དང་བསྟུན་ཏེ་འབུལ་བར་བྱ༔ གཏོར་མར་དཔལ་འབར་གཟུགས་ཤིང་སྨན་རག་སྦྲེངས༔ སློབ་མའི་མགོར་བཞག་ལག་ཏུ་སྦྱིན་ནས་ཀྱང་༔ ཧཱུྃ༔ དབང་ཆེན་དྲེགས་པའི་དཀྱིལ་འཁོར་སྟོབས་རྩལ་ལྡན༔ གདུལ་དཀའ་འདུལ་མཛད་དྲེགས་པ་སྡེ་བརྒྱད་ཚོགས༔ སྐལ་ལྡན་རྣམས་ལ་གཏད་དོ་བསྙེན་སྒྲུབ་འབུངས༔ གསོལ་མཆོད་དམ་ཚིག་ལ་གནས་འཕྲིན་ལས་སྒྲུབས༔ སྦྱིན་པའི་ཟས་ཟོ་མངགས་པའི་ལས་མཛོད་ཅིག༔ ཉིན་མཚན་དུས་དྲུག་མེལ་ཚེ་བྱ་ར་གྱིས༔ བྱང་ཆུབ་མ་ཐོབ་བར་དུ་མངགས་གཞུག་སྒྲུབས༔ དམ་མེད་རྣམས་ཀྱི་སྲོག་གི་ཤན་པ་གྱིས༔ ཟས་སྐལ་ཡིན་ནོ་མ་གཏོང་ཤོར་ར་རེ༔ རྒྱལ་བ་རྣམས་ཀྱིས་བཀའ་བསྒོས་དམ་མ་གཡེལ༔ རིག་འཛིན་མཆེད་ལྕམ་རྣམས་ཀྱི་དམ་མ་བཀྲལ༔ འདིར་འདུས་སྐལ་ལྡན་རྣམས་ཀྱི་སྲུང་མ་མཛོད༔ ཅེས་བརྗོད་དྲེགས་པ་རྣམས་ཀྱི་ལོ་རྒྱུས་གསལ༔ གསོལ་མཆོད་བླ་རྡོ་འཆང་བའི་དམ་བཅའ་གདབ༔ གཏོར་མ་ཟོར་འཕེན་བསྐུལ་འདོན་དགྲ་ལ་རྦད༔ བཟོད་གསོལ་ཉེས་བཤགས་གཏང་རག་བསྐང་གསོལ་མཆོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་དྲེགས་པའི་སྲོག་དབང་བཀའ་རྒྱ་ཅན༔ དམ་མེད་འགྲོ་དང་མ་སྨིན་བསྐྱེད་རྫོགས་མེད༔ སྣོད་མེད་རྣམས་ལ་རླུང་ཕྱོགས་ཙམ་མ་འཆོར༔ རྒྱ་ལས་རལ་ན་རང་ཉིད་འཕུང་བར་འགྱུར༔ ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུ༔ རབ་ཏུ་བཙའ་ཤེས་གྱིས་ཤིག་སྐལ་ལྡན་བུ༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ དམ་རྒྱ༔ གཉན་རྒྱ༔ གསང་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱལ་ཁམས་པ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཁམས་སྲིང་མོ་རྫོང་གི་ནུབ་སྒོ་མེ་འབར་ཕུག་ནས་ཆུ་ཁྱི་ཧོར་ཟླ་དགུ་པའི་ཉི་ཤུ་ཐམ་པར་སྤྱན་དྲངས་ཤིང་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བའོ། །མངྒ་ལཾ།། །།


previousདྲེགས་པའི་སྲོག་དབང་དམ་ཚིག་རྡོ་རྗེའི་བཀའ་རྒྱ་ཅན།next