Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
   
   
   
   
   
   
སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ལྟ་ཁྲིད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསངས་རྒྱས་སྣང་བ་མཐའ་ཡས་ཀྱི་ལྟ་ཁྲིད།next

སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ལྟ་ཁྲིད།

རྟ་མགྲིན་དྲེགས་པ་ཟིལ་གནོན་ལས༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ལྟ་ཁྲིད་བཞུགས་སོ༔ པདྨ་རིགས་ཀྱི་བརྡ་སྐད་དུ༔ རུ་ཊི་ར་ཊ་མ་ཎི་ཧེ༔ བོད་སྐད་དུ༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ལྟ་ཁྲིད༔ ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱིས༔ གསང་ལམ་ལྟ་བའི་ཁྲིད་གསུངས་པ༔ ཚེ་འདིའི་འདུ་འཛི་གཡེང་བ་མེད༔ དབེན་པའི་གནས་སུ་སྣོད་ལྡན་གྱིས༔ མཚན་ཉིད་ལྡན་པའི་སློབ་དཔོན་ལ༔ མཎྜལ་སྒོ་གསུམ་ཡོན་གྱིས་མཆོད༔ ཆ་གཅིག་རང་གིས་སྤྱད་པར་ཞུ༔ ཕྱི་ནང་འདུ་འཛིའི་འཕྲོ་བཅད་ནས༔ གསང་སྔགས་གསང་བའི་ལམ་འདིར་འཇུག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཀྱེ་ཧོ༔ སྲིད་པ་འདི་ནི་སྲིད་མེད་ཀློང་༔ ཀློང་ཡངས་དག་པ་རང་གྲོལ་བ༔ རང་རིག་བརྗོད་མིན་ལྷན་ཅིག་སྐྱེས༔ སྐུ་གསུམ་ཡེ་ནས་འདུ་འབྲལ་མེད༔ འདི་དོན་ཉམས་སུ་ལེན་འདོད་ན༔ ལུས་ངག་ཡིད་གསུམ་སྐྱོན་རྣམས་བསྡམས༔ འདུག་སྟངས་བཟང་པོའི་འཁྲུལ་འཁོར་བཅའ༔ དུས་གསུམ་རྟོག་ཚོགས་འཕྲོ་བཅད་ནས༔ རྟོག་པའི་རྩལ་བསྐྱེད་འདི་ལྟར་རོ༔ འཁོར་བ་ཐོག་མ་མེད་དུས་ནས༔ ལས་ཉོན་འཁྲུལ་བའི་རྦ་ལ་གཡེང་༔ ཁམས་གསུམ་འགྲོ་བ་ཉམ་རེ་ཐག༔ རིགས་དྲུག་འཁོར་བ་གར་སྐྱེས་ཀྱང་༔ བདག་འདོད་ཚོར་བས་སྲེག་ཅིང་གདུང་༔ བདེ་བ་འདོད་ནས་ཆགས་སྡང་སྤྱད༔ མི་རྟག་འདུས་བྱས་འཁོར་ལོར་འཁོར༔ སྔ་མའི་ལས་ཀྱིས་ཕྱི་མ་མནར༔ མི་འདོད་བཞིན་དུ་ལས་རྗེས་འབྲིང་༔ ལས་དབང་ཆུ་བོའི་གཞུང་དང་འདྲ༔ བདེ་འདོད་སྡུག་བསྔལ་འདམ་ལ་བྱིང་༔ ལས་ཀྱི་རྣམ་སྨིན་རླུང་གིས་སྐྱོད༔ ལས་ཀྱི་བག་ཆགས་ཆུ་བོས་འཁྱེར༔ ལས་ཀྱི་རྣམ་པར་སྨིན་པ་རྣམས༔ ལུས་དང་གྲིབ་མའི་ངང་ཚུལ་འདྲ༔ རང་གི་ལེགས་པའི་དོན་བསམས་ནས༔ རང་དོན་སྒྲུབ་ཅིང་གཞན་ལ་འཚེ༔ ལས་དེའི་བག་ཆགས་སྨིན་པའི་ཚེ༔ འབྲས་བུ་དམྱལ་བའི་གནས་སུ་ལྷུང་༔ ཚ་གྲང་གདུང་བའི་ཚོར་བས་མནར༔ འདོད་ཆགས་དབང་གིས་ཡི་དྭགས་སྐྱེས༔ བཀྲེས་ཤིང་བཀྲེས་ཏེ་སྐོམས་པས་གདུངས༔ གཏི་མུག་ལས་ཀྱིས་དུད་འགྲོར་སྐྱེས༔ གླེན་ལྐུགས་སྡུག་བསྔལ་ཕ་མཐའ་ཡས༔ ཕྲག་དོག་དབང་གིས་ལྷ་མིན་མཐོང་༔ གསོད་གཅོད་ལས་ཀྱི་འཁོར་ལོར་འཁོར༔ ང་རྒྱལ་དབང་གིས་ལྷ་ཡུལ་ཏེ༔ དེ་ཡང་སྲེད་འཛིན་བདེ་བས་ཁྱེར༔ དུག་ལྔ་འདུས་པ་མི་ཡི་ལུས༔ སྐྱེ་རྒ་ན་འཆིའི་རྦ་ལ་སྤྱོད༔ རིགས་དྲུག་པོ་ནི་སེམས་ཀྱིས་བྱས༔ འདི་ནི་འཁོར་བའི་འཇིག་རྟེན་ཏེ༔ རྟག་པར་གྱུར་དང་བརྟན་པ་མེད༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་༔ གླེན་ལྐུགས་གཅིག་གིས་གཅིག་ལ་ཟ༔ ཕྱི་ནང་སྒྲིབ་ཅན་མེ་མདག་འཁོར༔ ཚ་དང་གྲང་དང་རབ་ཏུ་ཚ༔ རབ་ཏུ་བསིལ་བས་གདུང་བ་དང་༔ འཐབ་རྩོད་གསོད་གཅོད་ལྷ་མ་ཡིན༔ འཆི་འཕོ་ལྟུང་བ་ལ་སོགས་ཏེ༔ བདེ་བ་མེད་བཞིན་སྡུག་བསྔལ་སྡང་༔ དུག་ལྔའི་མེ་མདག་འབར་བས་སྲེག༔ དུག་གསུམ་ཆུ་བོའི་རྦ་ལ་འཁྲུལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་སྡུག་བསྔལ་གྲོང་ཁྱེར་ལས༔ དལ་འབྱོར་ལྡན་པའི་ལུས་ལྡན་ཞིང་༔ སྤང་རྟོགས་གཉིས་ཀྱི་བསླབ་བྱ་ལ༔ ཡང་དག་སྤྱོད་པའི་དཔལ་ཕྱུག་ཚེ༔ འཁོར་བའི་སྡུག་བསྔལ་སྙིང་ནས་བསམ༔ མི་རྟག་འཆི་བའི་སྡུག་བསྔལ་སྒོམས༔ དགྲ་གཉེན་བྱིས་པའི་བརྩེ་འཇོ་སྤོངས༔ སྐྱབས་གནས་གསུམ་དང་ཁྱད་པར་དུ༔ ཆོས་ཀྱི་སྐུ་ལ་སྐྱབས་སུ་འགྲོ༔ འགྲོ་དྲུག་ཕ་མ་སེམས་ཅན་རྣམས༔ རྣམ་མཁྱེན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་སེམས་མཆོག་བླ་ན་མེད༔ ཕྱི་ནང་གསང་བའི་སྡོམ་ལ་གནས༔ རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས༔ སྔགས་འཁོར་སྤྲོ་བསྡུས་སྒྲིབ་གཉིས་སྦྱངས༔ སངས་རྒྱས་ཀུན་དང་མཉམ་སྦྱོར་བ༔ སངས་རྒྱས་ཀུན་གྱི་གསང་བའི་ལམ༔ བདེ་གཤེགས་ཀུན་འདུས་ཀུན་གྱི་མཆོག༔ བླ་མེད་སྟོན་པའི་བླ་མ་ནི༔ སྐུ་གསུམ་སྟོན་མཆོག་རྡོ་རྗེ་འཛིན༔ སྙིང་ནས་ཡང་དག་དྲན་བྱ་ཞིང་༔ གསོལ་གདབ་དབང་བཞི་འོད་ཀྱིས་བླངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལུས་ནི་ཆོས་བདུན་ལྡན༔ མིག་ནི་བུདྡྷའི་ལྟ་སྟངས་བཅས༔ འབྱུང་འདུས་ཕུང་པོ་སྐད་ཅིག་གིས༔ མི་དམིགས་སྟོང་གསལ་འོད་ལུས་ཀྱི༔ གནས་ལྔར་བཅོམ་ལྡན་རིགས་ལྔ་བསྐྱེད༔ རིགས་ལྔའི་ཐུགས་ཀར་ས་བོན་མཐར༔ སྔགས་འཁོར་འོད་ཟེར་འདུ་འཕྲོ་བསྒྱུར༔ དང་པོ་ཐོག་མ་མེད་པའི་དུས༔ རང་བྱུང་རིག་པའི་རྩལ་སྣང་ལས༔ འཆར་སྒོ་མ་འགགས་ཕྱིར་ཤར་བའི༔ འོད་ལ་འཛིན་པ་ཞུགས་པ་ཡི༔ དུག་ལྔ་དག་ཅིང་སྐུ་ལྔ་ཡི༔ ཡེ་ཤེས་ལྔ་ལྡན་མངོན་གྱུར་ལམ༔ བརྗོད་མེད་དབྱིངས་ནས་ལྷན་ནེར་གསལ༔ རྟོག་མེད་དབྱིངས་ནས་སྤྲོས་དང་ཕྲོལ༔ མ་ཡེངས་མི་སྒོམ་ཆོས་དབྱིངས་ཀློང་༔ གྲག་སྟོང་ངང་ནས་སྔགས་འདི་བཟླས༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ ཧཱུྃ་ཧཱུྃ་སྭཱ་ཧཱ༔ ཞེས་བཟླས་ཐུན་སྐབས་ཕྱི་སྣོད་དང་༔ ནང་བཅུད་འཛིན་པ་རོ་གཅིག་གི༔ བདག་མེད་སྟོང་དང་ཡེ་ཤེས་ཀྱི༔ ཏིང་འཛིན་ལྡན་པས་རྣལ་དུ་དབབ༔ འབུམ་ཚོ་ལྔ་ཡི་གྲངས་ཐེམས་ན༔ དུག་ལྔ་ཡེ་ཤེས་ལྔ་རུ་སྨིན༔ ཕྱི་སྣོད་འབྱུང་བཞིའི་སྣང་བ་དག༔ ནང་བཅུད་སྒྱུ་ལུས་འཛིན་པ་གྲོལ༔ ཕུང་ཁམས་སངས་རྒྱས་རིགས་ལྔར་སྨིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་རྡོ་རྗེའི་འཁྲུལ་འཁོར་བཅས༔ མིག་ནི་སྨིན་ཕྲག་མཁའ་ལ་བལྟ༔ འབྱུང་བཞི་འདུས་པའི་ཕུང་པོ་འདི༔ སྐད་ཅིག་མི་དམིགས་སྟོང་པར་གྱུར༔ འོད་མཐིང་ལས་གྲུབ་རྡོ་རྗེ་ནི༔ རྩེ་ལྔ་པ་ཡི་ལྟེ་བའི་དཀྱིལ༔ འོད་དཀྱིལ་ཧཱུྃ་ཡིག་མཐིང་ནག་མཐར༔ ཧཱུྃ༔ འཕྲེང་སྔགས་འབྲུ་བ་ཐག་འཁོར༔ ཞལ་ནས་བཟླས་པས་ཧཱུྃ་ལས་ཧཱུྃ༔ ཆེ་ཆུང་མ་ངེས་སྣ་ཚོགས་པ༔ བ་དག་མ་ཆད་ཕྱོགས་བཅུར་འཕྲོ༔ སྣང་བའི་ངོ་བོ་འབྱུང་བཞིའི་ཁམས༔ རིག་པའི་ངོ་བོ་ཧཱུྃ་སྒྲ་སྒྲོགས༔ མེ་དང་སྦུར་མའི་དཔེ་བཞིན་དུ༔ སྣང་བའི་འཇིག་རྟེན་བུན་བུན་བསྲེགས༔ རིག་པའི་ཡེ་ཤེས་ཏ་ལ་ལ༔ མ་ཡེངས་ཏིང་འཛིན་བློ་འདས་ངང་༔ སྙིང་པོ་འདི་ལ་འབུམ་བདུན་བཟླས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཐུན་སྐབས་རྣམས་སུ་དུས་གསུམ་གྱི༔ རྟོག་ཚོགས་སྤང་བླང་དགག་སྒྲུབ་ཕྲལ༔ རང་བྱུང་ངང་ལ་རྣལ་དུ་དབབ༔ སྐབས་རེ་སྣང་སེམས་ཕྲལ་ནས་ཀློད༔ སྐབས་རེ་སྣང་སེམས་བསྲེ་སྟེ་སྐྱོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ཁྲོ་བོའི་དོར་སྟབས་བགྲད༔ མི་དམིགས་སྟོང་དང་སྙིང་རྗེའི་ངང་༔ ཁྲོ་བོ་ཞེ་སྡང་རྡོ་རྗེ་ཁྲོས༔ གཡས་གཡོན་སྡིགས་མཛུབ་དོར་སྟབས་བགྲད༔ འོད་མཐིང་སྐུ་ཡི་སྣང་བརྙན་ནི༔ མེ་ལོང་གཟུགས་སམ་ཆུ་ཟླ་ལྟར༔ ཧཱུྃ་ཡིག་འོད་དཀྱིལ་མཐིང་གའི་མཐར༔ སྔགས་ཕྲེང་བ་དག་གཡས་གཡོན་འཁོར༔ ཡ་ཀི་སྲིད་པའི་རྩེ་མོ་ནས༔ མ་ཀི་ན་རག་འཇིག་རྟེན་ཁམས༔ སྟོང་གསུམ་མི་མཇེད་ཕྱི་ནང་སྣོད༔ ཐམས་ཅད་མི་དམིགས་སྟོང་པར་གྱུར༔ སྟོང་པའི་ངང་ལས་ཡེ་ཤེས་རྩལ༔ ཕྱི་སྣོད་ཧེ་རུ་ཀཿཡི་ཞིང་༔ ནང་བཅུད་ཁྲོ་བོ་ཁྲོ་མོར་འབར༔ འཁོར་འདས་ཐམས་ཅད་འབར་བའི་ཞིང་༔ དཔལ་ཆེན་ཆོས་ཉིད་རོལ་པར་གསལ༔ ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཧཱུྃ་ཕཊ༔ འབུམ་ཚོ་གསུམ་གྱི་གྲངས་ཐེམས་ན༔ ཕྱི་སྣོད་དཔལ་ཆེན་འབར་བའི་ཞིང་༔ ནང་བཅུད་ཧེ་རུ་ཀཿདཔལ་ཆེ༔ གསང་བ་སྣང་སེམས་རང་དབང་བསྒྱུར༔ དུས་གསུམ་རྟོག་ཚོགས་ཆམ་བརྡལ་ཞིང་༔ སྟོང་ཉིད་ངང་དུ་རྣལ་དུ་དབབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཡང་དག་བཤད་བྱ་བ༔ ལས་ལྡན་སྦྱངས་པ་མཐའ་གྲོལ་བའི༔ སྐལ་བར་ལྡན་པ་གང་དང་གང་༔ ཡང་གསང་སྙིང་པོའི་དོན་ལ་བལྟ༔ ཡང་དག་ངེས་མཐོང་གང་རྟོགས་དེ༔ གཅིག་ཤེས་འབྲས་བུ་ཀུན་གྲོལ་ཏེ༔ འཁོར་བ་འམ་ནི་མྱ་ངན་འདས༔ སྒྱུ་མས་སྤྲུལ་པའི་རྒྱུ་བཞིན་ཏེ༔ སྤང་བླང་མེད་པར་རང་སར་གྲོལ༔ འདི་ནི་མི་གནས་མངོན་འཚང་རྒྱ༔ ཡང་ལྟོས་ཡང་ལྟོས་རང་ལ་ལྟོས༔ ཡང་གཞིགས་ཡང་གཞིགས་རང་ངོར་གཞིགས༔ ཐོག་མ་བར་དང་མཐའ་ཡས་གསུམ༔ ཕུང་པོ་ལྔ་ཡི་རང་བཞིན་སྟོང་༔ གཟུགས་རྣམས་ཐམས་ཅད་སྟོང་པའི་རྩལ༔ སྟོང་པའི་གཟུགས་བརྙན་སྟོང་ཉིད་ཀློང་༔ དམིགས་མེད་རིས་སུ་གྲུབ་པ་མེད༔ རྣམ་པར་ཤེས་པ་ཡེ་སྟོང་པས༔ གཟུགས་ལས་འབྱུང་བའི་ཚོར་བ་དང་༔ འདུ་ཤེས་རྟོག་པ་འདུ་བྱེད་སོགས༔ ཚོགས་བརྒྱད་ཡུལ་བརྒྱད་རང་རང་གི༔ རང་བཞིན་ངོ་བོ་ཉིད་ནས་དག༔ སྒོ་ངའི་ཤེས་པ་རྣམ་གྲོལ་སྟོང་༔ སྡུག་བསྔལ་རྣམ་དག་འཁྲུལ་པ་ཟད༔ བདེ་བ་མི་ལྡན་བདེ་སྡུག་མེད༔ ཟད་པ་ཟད་མེད་ཟད་ཡུལ་བྲལ༔ སྐྱེ་བ་མེད་པས་གདོད་ནས་སྟོང་༔ འགག་པ་མེད་པས་བློ་ལས་འདས༔ གནས་པ་མེད་པས་འགྲོ་འོང་བྲལ༔ ཐོབ་པ་མེད་པས་རྣམ་པར་རྒྱལ༔ སྦྱང་བ་མེད་པས་ས་ལས་འདས༔ མཐོང་བ་མེད་པས་རྟོག་པ་བྲལ༔ རེ་བ་མེད་པས་ཡེ་ཤེས་དག༔ དོགས་པ་མེད་པས་འཁོར་བ་སྟོང་༔ བྱས་པ་མེད་པས་ལྷུན་གྲུབ་རྫོགས༔ སྨྲ་བ་མེད་པས་ཚིག་ལས་འདས༔ བསམ་ཡུལ་མིན་པའི་ཡིད་དང་བྲལ༔ བརྗོད་པ་མེད་པས་དཔེས་མི་མཚོན༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི༔ སྤང་བླང་འབྲས་བུའི་ཕན་གནོད་དག༔ སེམས་ཅན་སྦྲུལ་གྱི་མདུད་པ་ནི༔ བཀྲོལ་བ་མེད་ཀྱང་རང་སར་གྲོལ༔ སྟོང་གསུམ་དག་གི་ཆུ་བོ་རྣམས༔ ཕྱོགས་མཐར་འབབས་ཀྱང་རྒྱ་མཚོར་གཅིག༔ སྲིད་རྩེ་མནར་མེད་འགྲོ་བའི་ཁམས༔ མངོན་སུམ་མཐོང་ཡང་མཐོང་སར་ཡལ༔ ཐམས་ཅད་སྐྱེ་མེད་རོ་གཅིག་སྟེ༔ དམིགས་མེད་སྤྲོས་བྲལ་ནམ་མཁའི་ཁམས༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ གསང་བའི་སྙིང་པོ་དམ་པ་སྟེ༔ སྐད་ཅིག་མ་ཡི་ཆོས་ཉིད་འདིས༔ སྐད་ཅིག་དེ་ཡིས་དེ་གྲོལ་ལོ༔ གྲོལ་བ་རྣམ་དག་དག་པའི་མཆོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཡང་དག་བཤད་བྱ་བ༔ མིག་གི་ཡུལ་གྱི་མཛེས་པའི་གཟུགས༔ གང་ལ་ཆགས་པར་གྱུར་པ་དང་༔ གང་དག་གཟུགས་ངན་མི་སྡུག་པ༔ ཡིད་ལ་སྦྲེང་ཞིང་ལེགས་པར་དཔྱད༔ ཐ་མ་གཟུགས་ཕུང་དེ་གཉིས་ཀྱི༔ ཤ་ཁྲག་རུས་པ་ནང་རོལ་དང་༔ གཤང་ལྕི་ཀེང་རུས་སྣབས་ལུད་སོགས༔ ཡིད་ལ་སྦྲེང་ཞིང་མིག་ཡུལ་གྱི༔ གཟུགས་སྣང་ཆགས་སྡང་རྟོག་པ་རྣམས༔ བདེན་འཛིན་བྲལ་བའི་དོན་ལ་བལྟ༔ སྤང་བླང་མེད་པའི་སྤྱོད་པ་སྐྱོང་༔ དེ་བཞིན་རྣ་བའི་ཡུལ་གྱི་སྒྲ༔ སྙན་དང་མི་སྙན་བསྟོད་དང་དམད༔ བདེན་པ་རྫུན་པའི་དྲང་ཤན་དང་༔ བསྟོད་དམད་ལས་ཀྱི་འབྲས་བུར་སེམས༔ བྱིས་པས་བྱེ་མའི་ཁང་བུ་ལ༔ བདེན་འཛིན་ཞུགས་པའི་དཔེ་བཞིན་དུ༔ འཁྲུལ་བར་མི་བལྟ་གྲག་སྟོང་བསྒྱུར༔ ངོ་བོ་ཉིད་ལ་བསྟོད་དམད་བྲལ༔ དེ་བཞིན་སྣ་ཡི་ཡུལ་གྱི་དྲི༔ དྲི་བསུང་བརྒྱད་ལྡན་སྤོས་ངད་དང་༔ མི་གཙང་འདམ་ཁྲོད་དྲི་ངན་སོགས༔ མཐའ་གཉིས་བལྟ་ཞིང་ཡིད་ལ་བཀོད༔ སྣང་བ་སེམས་ཀྱི་སྒྲོ་བཏགས་ཀྱིས༔ གཉིས་སུ་འཛིན་པར་ཕྱེ་བ་ལས༔ དེ་གཉིས་རང་ངོར་བཟང་ངན་མེད༔ དོན་རིག་དོན་མཐོང་དབྱེར་མེད་དོ༔ དྲི་ཡི་ཆགས་སྡང་བཏང་སྙོམས་ཕྲལ༔ དེ་བཞིན་ལྕེ་ཡི་ཡུལ་གྱི་རོ༔ རོ་བརྒྱ་ལྡན་པའི་ཁ་ཟས་དང་༔ ལྗན་ལྗིན་ཟོས་པའི་ལང་ཚོ་སྟེ༔ ཟག་པ་དྲི་ཆུར་ཁྱད་པར་ཅི༔ བརྟགས་ཤིང་དཔྱད་པས་གཙང་སྨེ་ཞིག༔ རང་བཞིན་གཅིག་གི་རྟོག་པ་ལྟོས༔ དེ་བཞིན་ལུས་ཀྱི་རེག་བྱ་རྣམས༔ ལྷ་རྣམས་པཉྩ་ལི་ཀའི་གོས༔ མི་རྣམས་བལ་ཚོན་སྣལ་མ་སྟེ༔ བགེགས་དང་སྲིན་ནི་གཡང་གཞིས་ཀླུབས༔ དེ་ཡང་ཀུན་རྟོག་རང་གཟུགས་ཏེ༔ བྱིས་པས་འཇའ་ཚོན་མཐོང་བའི་དཔེ༔ རེག་བྱའི་རྟོག་པའི་ཆགས་འཛིན་དོར༔ དེ་བཞིན་ཡིད་ཀྱི་རྟོག་ཚོགས་རྣམས༔ རྨི་ལམ་ཡུལ་གྱི་སྣང་བ་ལ༔ སྤྲང་པོས་རྒྱལ་སྲིད་ཐོབ་པ་དང་༔ སྟོབས་ཀྱི་འཁོར་ལོས་སྒྱུར་རྒྱལ་ཡང་༔ མུ་ཏོའི་ལུས་སུ་གྱུར་པ་ཡི༔ བག་ཆགས་སྣང་བ་འབྲེང་གྱུར་ན༔ དེ་ནི་དེ་ཡི་བདེ་སྡུག་གི༔ སྤངས་བླང་དག་གིས་མནར་བར་འགྱུར༔ དེ་ཕྱིར་ཡིད་ཀྱི་རྟོག་ཚོགས་ཀྱང་༔ རྨི་ལམ་སྣང་བའི་དོན་ལྟར་དུ༔ སྤང་བླང་བྲལ་བའི་རྟོག་པ་བསྐྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་རྣམས་རྗེས་ཤེས་སྤྱོད་པའི་སྐབས༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་སྟེ༔ ཕྱི་ཡི་ས་བཅད་རྣམ་པ་གསུམ༔ ནང་གི་རྐང་ཚིག་བཅུ་བདུན་ཏེ༔ སྣང་བ་རང་གྲོལ་ལྟ་བའི་ཕྲེང་༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱིས༔ བདེ་ཆེན་དབྱིངས་ཀྱི་ཕོ་བྲང་དུ༔ བདག་འདྲ་པདྨ་འབྱུང་གནས་ལ༔ གདམས་པའི་སྙིང་པོ་འདི་གནང་བ༔ དཔལ་གྱི་བེའུའི་ཀློང་དུ་བསྟིམ༔ དེ་ནས་ཁྲི་སྲོང་ལྡེའུ་བཙན་གྱིས༔ རྟ་མགྲིན་དྲག་པོའི་བསྐྱེད་རིམ་ལ༔ མན་ངག་གསང་ཆེན་རྫོགས་རིམ་གཅིག༔ ཡང་དང་ཡང་དུ་སྩོལ་ཞེས་གསུངས༔ རྒྱལ་པོ་སྐུ་ངོ་ཆེ་བ་དང་༔ མ་འོངས་འགྲོ་བའི་དོན་བསམས་ནས༔ དྲེགས་པ་ཟིལ་གནོན་ཆོས་སྐོར་དུ༔ ཡི་གེའི་རིས་བཏབ་རྗེ་ལ་གདམས༔ ལྷ་རི་སྙིང་པོར་ཀླུ་དབང་ལ༔ ཉམས་ཁྲིད་བཏབ་ཅིང་བཀའ་གཏད་བྱིན༔ ཤར་ཕྱོགས་མཐོན་པོའི་རི་བོ་ནི༔ ཁམས་ཀྱི་སྲིང་མོ་རྫོང་གི་ནུབ༔ མེ་འབར་ཕུག་གི་བྲག་ལོགས་ལ༔ རྒྱ་བདུན་བཏབ་པའི་ཟབ་ཆོས་འདི༔ ཁམས་ནས་ཉི་མ་གྲགས་དང་འཕྲད༔ མི་རྣམ་བཞི་བཅུའི་མར་འགྲིབ་དུས༔ མཐོངས་སྐར་ཉི་ཞུར་ཤར་བ་བཞིན༔ སྐལ་ལྡན་མང་ཞིག་གྲོལ་ལམ་འགོད༔ ལས་འཕྲོ་ལྡན་དེས་སྤྱོད་པར་ཤོག༔ བཀའ་ཡི་སྲུང་མས་བྱ་ར་གྱིས༔ གཏེར་ཀྱི་སྲུང་མས་མེལ་ཚེ་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱལ་ཁམས་པ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་གི་ནུབ་སྒོ་མེ་འབར་ཕུག་ནས་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའོ། །མངྒ་ལཾ།། །།


previousསངས་རྒྱས་སྣང་བ་མཐའ་ཡས་ཀྱི་ལྟ་ཁྲིད།next