Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
   
   
   
   
   
   
   
བསད་པ་ཐུན་གྱི་ལས་མཐའ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསད་པ་ཐུན་གྱི་ལས་མཐའ།next

བསད་པ་ཐུན་གྱི་ལས་མཐའ།

རྟ་མགྲིན་དྲེགས་པ་ཟིལ་གནོན་ལས༔ བསད་པ་ཐུན་གྱི་ལས་མཐའ་བཞུགསཿ དབང་ཆེན་དྲེགས་པའི་ཚོགས་ལ་ཕྱག་འཚལ་བསྟོད༔ མ་འོངས་དུས་ཀྱི་རྣལ་འབྱོར་སྒྲུབ་པ་པོས༔ བསྟན་འགྲོའི་དོན་དུ་བྱང་ཆུབ་སེམས་བསྐྱེད་ནས༔ དགྲ་བགེས་གང་ཡིན་ཁུགས་པའི་རྟགས་གསལ་ཚེ༔ གསེར་སྐྱེམས་ཕུད་མཆོད་སྒྲལ་ལས་འདི་ལྟར་བྱ༔ སཱ་མཱ་ཡཱ༔ ཧོ༔ དགོངས་སུ་གསོལ་ལོ་སྐྱེ་མེད་ཆོས་ཀྱི་སྐུ༔ འགག་མེད་ལོངས་སྐུ་གང་འདུལ་སྤྲུལ་པའི་སྐུ༔ དབང་ཆེན་དྲེགས་པའི་འཁོར་ཚོགས་དགོངས་སུ་གསོལ༔ ད་དུས་སངས་རྒྱས་བསྟན་པའི་གཞུག་གཉེར་འདིར༔ སྒོ་གསུམ་རྒྱལ་བའི་བཀའ་ལྟར་དང་བླངས་ཀྱང་༔ ཉམས་པའི་དགྲ་བོས་ཆོས་ལ་བར་བཅད་ཅིང་༔ བགེགས་ཚོགས་ལོག་པར་འདྲེན་པས་གླགས་བལྟས་པས༔ སྐྱབས་གནས་ཀུན་འདུས་རེ་ཞིང་ལྟོས་པའི་ལྷ༔ དབང་ཆེན་དྲེགས་པའི་སྡེ་དཔུང་འཁོར་བཅས་ཀྱི༔ ལེགས་ཉེས་གཟིགས་ཤིག་དྲང་ཤན་དེ་རིང་ཕྱེ༔ ཉམས་པའི་དགྲ་བགེགས་སྡིག་ཅན་ལས་ངན་འདི༔ མྱུར་བ་ཉིད་དུ་བསྒྲལ་བའི་དུས་ལ་བབས༔ སངས་རྒྱས་ཆོས་ཀྱི་བཀའ་ལ་བདེན་མེད་ཅིང་༔ རྩ་གསུམ་བསྒྲུབ་པའི་ལྷ་ལ་མཐུ་མེད་དེ༔ འཁོར་ཚོགས་དྲེགས་པའི་སྡེ་དཔུང་ལས་འགྱངས་ན༔ སྒྲུབ་པོ་རྗེས་འཇུག་རྣལ་འབྱོར་སུ་ལ་རེ༔ རེ་ཞིང་ལྟོས་པའི་ལྷ་ཚོགས་ཐུགས་མ་གཡེལ༔ བཀའ་སྲུང་དམ་ཅན་རྒྱ་མཚོ་མཐུ་མ་ཆུང་༔ འཁོར་ཚོགས་ལྷ་སྲིན་སྡེ་བརྒྱད་རྩལ་མ་ཞན༔ གསེར་སྐྱེམས་བཞེས་ལ་དམ་ཉམས་དགྲ་བགེགས་སྒྲོལ༔ ལིངྒར་དགྲ་བགེགས་འགུགས་བསྟིམ་རྒྱས་བཏབ་ནས༔ བྱད་ཐག་དམར་ནག་དཀྲིས་ལ་འདི་སྐད་དོ༔ ཧཱུྃ༔ ང་ནི་དཔལ་ཆེན་དྲེགས་པའི་སྡེ་དཔོན་ཆེ༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉས་སྟོང་གསུམ་གཡོ༔ འཛིན་གིང་འགུགས་སྒྲོལ་ལས་མཁན་འབུམ་འབུམ་འགྱེད༔ མྱུར་དུ་ཁུག་ཅིག་ཨངྒུ་ཤ་ཡ་ཛ༔ གཉིས་མེད་སྟིམས་ཤིག་བཛྲ་པཱ་ཤ་ཧཱུྃ༔ དམ་དུ་ཆིངས་ཤིག་བཛྲ་སྥོ་ཊ་བཾ༔ ལྷ་དང་ཕྱེས་ཤིག་བཛྲ་གྷནྡྷེ་ཧོ༔ མྱོས་པར་གྱིས་ཤིག་ཨ་ཝེ་ཤ་ཡ་ཨཱ༔ ཅེས་བརྗོད་ཕྱག་རྒྱས་བསྡམས་བྱད་དུ་བཅུག༔ ཉེས་པར་བསྒྲགས་པ༔ ཧཱུྃ༔ དང་པོ་མ་རིག་རྒྱུ་ལས་བྱུང་བ་ཡི༔ དམ་ཉམས་དགྲ་བོ་སྡིག་ཅན་ལས་ངན་ཁྱོད༔ བར་དུ་མི་དགེ་སྡིག་ལྟུང་ལས་ལ་སྤྱད༔ ད་ལྟ་རྣལ་འབྱོར་བདག་གི་དགྲ་རུ་ལངས༔ བསྒྲལ་བའི་ཞིང་བཅུ་ཚང་བ་འདི་ཡིན་པས༔ མངོན་སྤྱོད་དྲག་པོའི་འཕྲིན་ལས་དུས་ལ་བབས༔ ཧཱུྃ༔ གསལ་བར་བསྐྱེད་པའི་བདག་ཉིད་ཧེ་རུ་ཀ༔ དྲེགས་པའི་དབང་ཕྱུག་རྟ་མཆོག་རོལ་པའི་དཔལ༔ སྤྲུལ་པ་སྒྱུར་ཅིག་དཔལ་གྱི་ཕོ་ཉ་རྣམས༔ ནུས་མཐུ་སྐྱེད་ཅིག་བཛྲ་ཀཱི་ལཱ་ཡ༔ ཕུར་པ་གདེང་ཞིང་བསྐོར་ཏེ་འགྲིལ་བ་དང་གསུམ་གསུམ་གྱི་ཕྱག་རྒྱ་དང་བཅས༔ ཧཱུྃ༔ རྡོ་རྗེ་ཁྲོས་པའི་མཚོན་ཆ་ཀཱི་ལཱ་ཡ༔ ལན་གསུམ་མཁའ་ལ་བསྐོར་བའི་ཏིང་འཛིན་གྱིས༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་བྱིན་རླབས་རྫོགས༔ ཧཱུྃ༔ དབང་ཆེན་རྟ་མཆོག་འབར་བའི་ཏིང་འཛིན་གྱིས༔ ཐབས་ཀྱི་ཕྱག་གཡས་ཁྲག་འཐུང་རིགས་ལྔར་གསལ༔ གཡས་སུ་བསྐོར་བས་ཕ་རྒྱུད་ནུས་སྟོབས་རྫོགས༔ ཤེས་རབ་ཕྱག་གཡོན་ཁྲག་འཐུང་ཁྲོ་མོ་ལྔ༔ གཡོན་དུ་བསྐོར་བས་མ་རྒྱུད་དྲག་སྔགས་འབར༔ ཁྲག་འཐུང་ཡབ་ཡུམ་ཐམས་ཅད་དབྱིངས་སུ་སྦྱོར༔ ལན་གསུམ་བསྒྲིལ་བས་སྲས་མཆོག་ཀཱི་ལཱ་ཡ༔ རྩ་བསྙེན་༴ བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ༔ གནས་གསུམ་ལ་གཏུགས༔ ཧཱུྃ༔ སྲས་མཆོག་ཆེན་པོ་བཛྲ་ཀཱི་ལཱ་ཡ༔ སྐུ་སྟོད་དཀར་པོ་ཞལ་གསུམ་ཞི་མ་ཁྲོ༔ སྤྱི་བོའི་གཙུག་ནས་དབང་ཆེན་རྟ་སྐད་སྒྲོགས༔ ཕྱག་དྲུག་ཞི་བའི་ཕུར་པའི་ཕྱག་རྒྱ་ཅན༔ སྐུ་སྨད་ཞི་བའི་ཕུར་པ་ཟུར་བརྒྱད་ལ༔ རྒྱལ་རིགས་དཀར་པོའི་ཆུན་པོ་ཉི་ལི་ལི༔ ཆུ་སྲིན་ཁ་ནས་འབྲུག་སྟོང་དི་རི་རི༔ འཆང་བཟུང་འོད་ལས་གློག་དམར་ཁྱུགས་སེ་ཁྱུག༔ དགྲ་བགེགས་སྙིང་ལ་གཟིར་བས་སྒྲིབ་གཉིས་སྦྱངས༔ རྣམ་སྨིན་བག་ཆགས་ཐམས་ཅད་ཞི་བར་གྱུར༔ སྦྱངས་པས་ཞི་བར་མ་གྱུར་གང་ཡང་མེད༔ ཞི་མཛད་ཀཱི་ལཱ་ཡ་ཡིས་འཕྲིན་ལས་མཛོད༔ ཧཱུྃ༔ བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཨཱོཾ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ སྲས་མཆོག་ཆེན་པོ་རཏྣ་ཀཱི་ལཱ་ཡ༔ སྐུ་སྟོད་སེར་པོ་ཞལ་གསུམ་སྒེག་པའི་གཟུགས༔ སྤྱི་བོའི་གཙུག་ནས་དབང་ཆེན་རྟ་སྐད་སྒྲོགས༔ ཕྱག་དྲུག་རྒྱས་པའི་ཕུར་བའི་ཕྱག་རྒྱས་སྤྲས༔ སྐུ་སྨད་རྒྱས་པའི་ཕུར་པ་ཟུར་བཞི་ལ༔ རྗེའུ་རིགས་སེར་པོའི་ཆུན་པོ་ཉི་ལི་ལི༔ ཆུ་སྲིན་ཁ་ནས་འབྲུག་སྟོང་དི་རི་རི༔ འཆང་བཟུང་འོད་ལས་གློག་དམར་ཁྱུགས་སེ་ཁྱུག༔ དགྲ་བགེགས་སྙིང་ལ་གཟིར་བས་ཚེ་བསོད་སྡུས༔ བདག་ལ་ཐིམ་པས་ཉམས་རྟོགས་གཟི་བརྗིད་འབར༔ སྤེལ་བས་རྒྱས་པར་མ་གྱུར་གང་ཡང་མེད༔ རྒྱས་མཛད་ཀཱི་ལཱ་ཡ་ཡིས་འཕྲིན་ལས་མཛོད༔ ཏྲཾ་རཏྣ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ སྲས་མཆོག་ཆེན་པོ་པདྨ་ཀཱི་ལཱ་ཡ༔ སྐུ་སྟོད་དམར་པོ་ཞལ་གསུམ་བརྗིད་པའི་སྐུ༔ སྤྱི་བོའི་གཙུག་ནས་དབང་ཆེན་རྟ་སྐད་སྒྲོགས༔ ཕྱག་དྲུག་དབང་གི་ཕུར་བུའི་ཕྱག་རྒྱ་ཅན༔ སྐུ་སྨད་དབང་གི་ཕུར་བ་ཟླ་གམ་ལ༔ བྲམ་ཟེ་དམར་པོའི་ཆུན་པོ་ཉི་ལི་ལི༔ ཆུ་སྲིན་ཁ་ནས་འབྲུག་སྟོང་དི་རི་རི༔ འཆང་བཟུང་འོད་ལས་གློག་དམར་ཁྱུགས་སེ་ཁྱུག༔ དགྲ་བགེགས་སྙིང་ལ་གཟིར་བས་དབང་དུ་སྡུས༔ མཐུ་སྟོབས་ནུས་པའི་དྲག་རྩལ་བདག་ལ་ཐིམ༔ ཁམས་གསུམ་དབང་དུ་མ་གྱུར་གང་ཡང་མེད༔ དབང་མཛད་ཀཱི་ལཱ་ཡ་ཡིས་འཕྲིན་ལས་མཛོད༔ ཧྲཱིཿཔདྨ་ཀཱི་ལི་ཀཱི་ལཱ་ཡ་ཧ་པ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ སྲས་མཆོག་ཆེན་པོ་ཀརྨ་ཀཱི་ལཱ་ཡ༔ སྐུ་སྟོད་ལྗང་ནག་ཞལ་གསུམ་འཇིགས་ལ་བརྔམས༔ སྤྱི་བོའི་གཙུག་ནས་དབང་ཆེན་རྟ་སྐད་སྒྲོགས༔ ཕྱག་དྲུག་དྲག་པོའི་ཕུར་བུའི་ཕྱག་རྒྱས་སྤྲས༔ སྐུ་སྨད་དྲག་པོའི་ཕུར་པ་ཟུར་གསུམ་ལ༔ གདོལ་པ་ནག་པོའི་ཆུན་པོ་ཉི་ལི་ལི༔ ཆུ་སྲིན་ཁ་ནས་འབྲུག་སྟོང་དི་རི་རི༔ འཆང་བཟུང་འོད་ལས་གློག་དམར་ཁྱུགས་སེ་ཁྱུག༔ དགྲ་བགེགས་སྙིང་ལ་གཟིར་བས་རྡུལ་དུ་བརླགས༔ དགྲ་གདོན་བརླགས་པར་མ་གྱུར་གང་ཡང་མེད༔ བརླགས་མཛད་ཀཱི་ལཱ་ཡ་ཡིས་འཕྲིན་ལས་མཛོད༔ ཨཱོཾ་ཀརྨ་ཀཱི་ལི་ཀཱི་ལཱ་ཡ་ཧཱུྃ་མཱ་ར་ཡ་ཕཊ༔ དམིགས་བྱའི་དཀར་ནག་མཚམས་སུ་ཕུར་བུས་རེག་པ་ཙམ་གྱིས་རྣམ་པར་ཤེས་པའི་ངོ་བོ་ནམ་མཁའི་སྐར་མདའ་ཆད་པ་ལྟར་ཡར་དྲངས་ཕུར་བའི་ཁོང་གསེང་གི་ལམ་བརྒྱུད་དེ་དབང་ཆེན་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་པས་དབང་དྲག་རྒྱལ་བའི་སྲས་སུ་སངས་རྒྱས༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ཚེ་བསོད་དབང་ཐང་ནུས་མཐུ་དང་བཅས་པ་བདག་དང་སྲས་མཆོག་ལ་ཐིམ་པས་དབང་དྲག་གི་ལས་ལ་ཐོགས་པ་མེད་པར་གྱུར༔ ཨ་ཝེ་ཤ་ཡ་ཨཱ༔ ཧཱུྃ༔ དབང་དྲག་འབར་བའི་སྲས་མཆོག་ཁྲོ་བོའི་རྒྱལ༔ གནོད་པར་གྱུར་ན་འགོ་བའི་ལྷ་ཡང་རུང་༔ མི་བྱམས་སྡང་ན་གཉེན་དང་གྲོགས་པོ་ཡང་༔ དྲག་རྩལ་སྟོབས་ཀྱིས་སྒྲོལ་བའི་དུས་ལ་བབས༔ རྡུལ་ཕྲན་བཞིན་དུ་བརླག་པའི་འཕྲིན་ལས་མཛོད༔ རྩ་སྔགས་ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ནྲི་ཏྲི་ཤ་ཏྲུམ་མཱ་ར་ཡ་ཙིཏྟ་སྥོ་ཊ་སྥོ་ཊ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ ང་ནི་ལས་ཀྱི་ཧེ་རུ་ཀ་ཡི་སྐུ༔ ཕྱག་གཉིས་གནམ་ལྕགས་འཁོར་ལོ་གཡས་གཡོན་འཁོར༔ གནམ་ལྕགས་ཁྲོ་ཆུའི་བུང་བ་ཉི་ལི་ལི༔ བུང་ཚང་བྲག་ལ་འཁྲིས་པ་ཇི་བཞིན་དུ༔ ཕྱོགས་བཅུའི་དགྲ་བགེགས་བྱད་མ་རྡུལ་དུ་རློག༔ གནམ་ལྕགས་འཁོར་ལོའི་རྩིབས་གཡོས་དུམ་བུར་གཏུབས༔ བསད་སྔགས་བཟླ་ཞིང་ལྕགས་ཀྱི་འཁོར་ལོས་བརྡེག༔ ཧཱུྃ༔ ང་ནི་ཁྲག་འཐུང་ཁྲོ་མོ་ཡུམ་ཆེན་མོ༔ ཕྱག་གཉིས་ཆུ་ཟངས་འཁོར་ལོ་གཡས་གཡོན་འཁོར༔ ཁྲག་གི་སྦྲང་ཆར་མང་པོ་སི་ལི་ལི༔ ཤ་རུལ་སྦྲང་མ་འདུ་བའི་ངང་ཚུལ་གྱིས༔ ཕྱོགས་བཅུའི་དགྲ་བགེགས་བྱད་མ་རྡུལ་དུ་རློག༔ ཆུ་ཟངས་འཁོར་ལོའི་རྩིབས་སྟོང་སོ་འཐབ་གཏུབས༔ བསད་སྔགས་བཟླ་ཞིང་ཟངས་མའི་འཁོར་ལོས་བསྣུན༔ ཧཱུྃ༔ ང་ནི་སྲིན་པོ་ཟངས་ཀྱི་མཆེ་བ་ཅན༔ ཕྱག་གཉིས་ནད་མཚོན་དུག་གི་སྤྲིན་ཕུང་གཏིབས༔ ནད་མུག་མཚོན་གསུམ་དུག་ཆར་སི་ལི་ལི༔ རིལ་ནག་ཆུ་བོའི་གཞུང་ལ་བསྐྱོན་པ་ལྟར༔ ཕྱོགས་བཅུའི་དགྲ་བགེགས་བྱད་མ་རྡུལ་དུ་རློག༔ ལྷག་མ་རྗེས་ཤུལ་མེད་པར་བརླག་པར་མཛོད༔ བསད་སྔགས་བཟླ་ཞིང་དུག་ཁྲག་ཐུན་གྱིས་བྲབ༔ ཧཱུྃ༔ ང་ནི་གནོད་སྦྱིན་ཁྲག་འཐུང་འབར་བའི་སྐུ༔ གནམ་ལྕགས་འབར་བའི་རྡོ་རྗེ་ཡ་ལ་ལ༔ རྡོ་རྗེའི་ཐོག་ཆེན་སེར་ལྟར་ཤ་ར་ར༔ འབྲུ་ཐོག་ཆུ་འཁྱག་སེར་བས་བརྡུངས་པ་ལྟར༔ ཕྱོགས་བཅུའི་དགྲ་བགེགས་བྱད་མ་རྡུལ་དུ་རློག༔ རྡུལ་ཕྲན་བཞིན་དུ་བརླག་པའི་དུས་ལ་བབས༔ བསད་སྔགས་བཟླ་ཞིང་རྡོ་རྗེའི་ཐུན་གྱིས་བརྡུང་༔ ཧཱུྃ༔ ང་ནི་སྲོག་བདག་ཚངས་པ་འབུམ་གྱི་དཔལ༔ ཕྱག་ན་མདུང་དར་བ་དན་ལྷབས་སེ་ལྷབ༔ བ་དན་གཡོས་ལ་མཚོན་ཆའི་ཆར་པ་ཕོབ༔ འབར་བའི་སྒྲོན་མེ་རླུང་གིས་བསད་པ་ལྟར༔ ཕྱོགས་བཅུའི་དགྲ་བགེགས་བྱད་མ་རྡུལ་དུ་རློག༔ སྐད་ཅིག་གཅིག་ལ་སྒྲོལ་ཅིག་སྨྱོ་འབོག་ཐོང་༔ བསད་སྔགས་བཟླ་ཞིང་མདུང་ཐུང་སྙིང་ལ་གཟིར༔ ཧཱུྃ༔ ང་ནི་མི་གདུག་ཀླུ་སྲིན་ཁྲོས་པའི་སྐུ༔ སྣ་ཚོགས་མཚོན་ཆའི་ཕྱག་མཚན་ཟངས་སེ་ཟང་༔ སྦལ་སྦྲུལ་སྡོམ་སྡིག་ཕོ་ཉ་ཉི་ལི་ལི༔ གསལ་བའི་མེ་ལོང་ཧ་ཡིས་བཏབ་པ་བཞིན༔ ཕྱོགས་བཅུའི་དགྲ་བགེགས་བྱད་མ་རྡུལ་དུ་རློག༔ མཛེ་རིགས་བཅོ་བརྒྱད་དམ་ཉམས་དགྲ་ལ་ཐོངས༔ བསད་སྔགས་བཟླ་ཞིང་སྦྲུལ་གྱི་ཞགས་པས་དཀྲིས༔ ཧཱུྃ༔ ང་ནི་སྙིང་རྗེ་བྲལ་བའི་གཤིན་རྗེ་གཤེད༔ ལས་ཀྱི་འཁོར་ལོ་ཕྱག་ན་ཀྱི་ལི་ལི༔ རྣམ་སྨིན་འཁོར་ལོའི་བུ་ཡུག་ཚུབས་སེ་ཚུབ༔ མེ་ཏོག་སད་ཀྱིས་བཅོམ་ནས་བརླགས་པ་ལྟར༔ ཕྱོགས་བཅུའི་དགྲ་བགེགས་བྱད་མ་རྡུལ་དུ་རློག༔ འཆི་བདག་གཤིན་རྗེའི་ཁྲམ་ལ་ད་ཐོབ་ཅིག༔ བསད་སྔགསབཟླ་ཞིང་དུག་གི་འཁོར་ལོས་བསྣུན༔ ཧཱུྃ༔ ང་ནི་ལྗང་སྔོན་དྲག་པོ་རཱ་ཧུ་ལ༔ གནམ་ལྕགས་ཐོག་མདའ་དམར་པོ་ཤ་ར་ར༔ ཆུ་སྲིན་བརྔམས་པའི་རྒྱལ་མཚན་ཡེ་རེ་རེ༔ ཉི་ཟླའི་དཀྱིལ་འཁོར་གཟའ་ཡིས་ཟིན་པ་ལྟར༔ ཕྱོགས་བཅུའི་དགྲ་བགེགས་བྱད་མ་རྡུལ་དུ་རློག༔ གཟའ་ནད་ཐོག་སེར་དྲག་པོས་དགྲ་བགེགས་སྒྲོལ༔ བསད་སྔགས་བཟླ་ཞིང་མདའ་ཡི་མཚོན་གྱིས་གཟིར༔ ཧཱུྃ༔ ང་ནི་བཙན་རྒོད་རྡོ་རྗེ་དྲག་རྩལ་ཏེ༔ ཕྱག་ན་བཙན་མདུང་བསྐལ་བའི་མེ་ལྟར་འབར༔ བཙན་གྱི་གཟེར་ཁ་ཕོ་ཉའི་བུ་ཡུག་འཚུབ༔ ཤིང་ཆེན་སྡོང་པོ་རྩད་ནས་བཅད་པ་ལྟར༔ ཕྱོགས་བཅུའི་དགྲ་བགེགས་བྱད་མ་རྡུལ་དུ་རློག༔ ལས་ཀྱི་མཐའ་སྡུས་སྲོག་གི་ཐག་པ་ཆོད༔ བསད་སྔགས་བཟླ་ཞིང་མདུང་གི་ཐུན་གྱིས་གཟིར༔ ཧཱུྃ༔ ང་ནི་དམ་ཅན་རྡོ་རྗེ་འབར་བ་རྩལ༔ ཕྱག་ན་རྡོ་རྗེའི་ཞགས་པ་ཁྱུགས་སེ་ཁྱུག༔ རྡོ་རྗེའི་ཐུན་གྱི་སེར་ཆེན་ཁྲ་ལ་ལ༔ འདབ་ཆགས་སྒོ་ང་བྲག་ལ་བརྡབས་པ་ལྟར༔ ཕྱོགས་བཅུའི་དགྲ་བགེགས་བྱད་མ་རྡུལ་དུ་རློག༔ ཕུང་ཐབས་སྣ་དགུས་དགྲ་བགེགས་རྡུལ་དུ་རློག༔ བསད་སྔགས་རྡོ་རྗེའི་ཐུན་གྱིས་བྲབ༔ ཧཱུྃ༔ ང་ནི་བདུད་པོ་རལ་པ་ཚར་དགུ་སྟེ༔ གཡས་པས་ཁྲམ་ཤིང་མཁའ་ལ་ཡ་ལ་ལ༔ གཡོན་པས་ཞགས་པ་ནག་པོ་ཁྱུགས་སེ་ཁྱུག༔ ཉེས་ཅན་གསོད་སར་ཁྲིད་པའི་བཙོན་བཞིན་དུ༔ ཕྱོགས་བཅུའི་དགྲ་བགེགས་བྱད་མ་རྡུལ་དུ་རློག༔ འཆོར་མེད་བདུད་ཀྱི་ཞགས་པས་ད་ཆིངས་ཤིག༔ བསད་སྔགས་བཟླ་ཞིང་ཞགས་པ་ནག་པོས་བསྡམས༔ ཧཱུྃ༔ ང་ནི་ཤ་ཟ་ཁྲག་འཐུང་དྷཀྐི་མ༔ རལ་གྲི་དམར་པོ་གཡས་ན་ཏ་ལ་ལ༔ ཐོད་ཁྲག་དམར་པོ་གཡོན་ན་ཆི་ལི་ལི༔ ནམ་མཁའི་སྐར་མདའ་ས་ལ་ལྷུང་བ་ལྟར༔ ཕྱོགས་བཅུའི་དགྲ་བགེགས་བྱད་མ་རྡུལ་དུ་རློག༔ ནད་གདོན་དམག་སྒར་ཐོབ་ལ་དགྲ་བགེགས་སྒྲོལ༔ བསད་སྔགས་བཟླ་ཞིང་རལ་གྲིའི་མཚོན་གྱིས་གཏུབས༔ ཧཱུྃ༔ ང་ནི་ཆེ་བཙན་ཁྲོས་པ་དྲེགས་པའི་བདུད༔ འཁོར་འདས་མ་ལུས་ང་ཡི་བཀའ་འཁོར་བྲན༔ རྒྱལ་ཆེན་དཔལ་མགོན་སྲུང་མ་རྒྱ་མཚོའི་ཚོགས༔ དམ་ཚིག་དགོངས་ལ་ནུས་མཐུའི་དྲག་རྩལ་བསྐྱེད༔ སྣ་ཚོགས་ཐུན་གྱི་མཚོན་ཆས་དགྲ་བགེགས་རློག༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ༔ བསད་སྔགས་བཟླ་ཞིང་སྣ་ཚོགས་མཚོན་གྱིས་ལིངྒ་བསྒྲལ༔ ཧཱུྃ༔ ཕྱེས་ཤིག་ཕྱེས་ཤིག་ལྷ་ཚོགས་ཞལ་ཕྱེས་ཤིག༔ དབང་ཆེན་ཁྲོ་བོའི་ལྷ་ཚོགས་ཞལ་ཕྱེས་ཤིག༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ལྔ་ཕུང་འདི༔ ལྷག་མ་མེད་པར་བཞེས་ཤིག་ཁ་རཾ་ཁཱ་ཧི༔ ཅེས་བརྗོད་རྩ་སྔགས་ལ་ཁཱ་ཧི་བདུན་ནམ་ཉེར་གཅིག་གིས་འབུལ༔ བཟློག་པའི་འཕྲིན་ལས་བཅོལ༔ སཱ་མཱ་ཡཱ༔ འདི་ནི་བསད་པ་སྲོག་གི་སྤུ་གྲི་སྟེ༔ གང་ལ་བརྩམ་པའི་དགྲ་གདོན་བྱད་གཏད་མཁན༔ མེ་ལྕེ་ཁ་ཡི་སྦྲང་བུ་བཞིན་དུ་འཇོམས༔ གཅེས་པར་སྙིང་ལ་གོབ་ཅིག་ཨ་ཐམ་རྒྱ༔ ལས་འཕྲོ་ཅན་གྱི་བུ་དང་འཕྲད་པར་ཤོག༔ བདག་རྒྱལ་ཁམས་པ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་གི་ནུབ་སྒོ་མེ་འབར་ཕུག་ནས་ཆུ་ཕོ་ཁྱིའི་ལོ་ལ་གཏེར་ནས་གདན་དྲངས་ཤིང་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བའོ། །མངྒ་ལཾ།། །།


previousབསད་པ་ཐུན་གྱི་ལས་མཐའ།next