Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
སྲེག་པ་མེ་ཡི་ལས་མཐའི་ཤམ་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྲེག་པ་མེ་ཡི་ལས་མཐའི་ཤམ་བུ།next

སྲེག་པ་མེ་ཡི་ལས་མཐའི་ཤམ་བུ།

རྟ་མགྲིན་དྲེགས་པ་ཟིལ་གནོན་ལས༔ སྲེག་པ་མེ་ཡི་ལས་མཐའི་ཤམ་བུ་བཞུགས་སོ༔ དབང་ཆེན་ཁྲོ་བོའི་རྒྱལ་ལ་འདུད༔ དྲག་སྒྲུབ་དབང་གི་རྣལ་འབྱོར་པས༔ འཕུང་གསུམ་བདུད་ཀྱི་ཉི་མ་འམ༔ ཡང་ན་དགུ་མཚམས་གཟས་ཟིན་སོགས༔ དྲག་པོའི་འགྲུབ་སྦྱོར་ལྡན་པའི་ཚེ༔ དུར་ཁྲོད་འདྲེ་འཚུབ་ཕུང་ཤུལ་སར༔ དྲག་པོའི་མེ་ཡི་སྟེགས་བུ་བརྩིགས༔ དུག་དང་ཁྲག་གིས་ཆག་ཆག་གདབ༔ ལྟེ་བ་ཟླ་གམ་དམར་པོ་ལ༔ འཁོར་ལོ་རྩིབས་བརྒྱད་ཐོད་ར་དང་༔ རྡོ་རྗེ་མེ་རིས་མཚན་པ་བྲི༔ དྲག་པོའི་ཤིང་ལ་ཐབ་བརྩེག་ཅིང་༔ སྲེག་རྫས་མཆོད་རྫས་ཆས་རྣམས་དང་། ཁྱད་པར་ལིངྒ་དུག་ཁྲག་ཚ༔ ཏིལ་ནག་ལ་སོགས་སྲེག་རྫས་བསགས༔ གྲི་ཤའམ་ཤ་ཆེན་ཤ་ཁྲག་མཆོག༔ སྲེག་རྫས་དགྲ་བགེགས་ངོ་བོར་གསལ༔ འགུགས་གཞུག་བརྒྱ་རྩ་དག་གིས་བསྟིམ༔ བདག་བསྐྱེད་རྫོགས་ནས་མེ་ཐབ་བསང་༔ ཧཱུྃ་ཧཱུྃ༔ མེ་ཐབ་གྲུ་གསུམ་རྒྱ་ཆེ་ཡངས་པའི་ནང་༔ མེ་ཡི་འཁོར་ལོ་རྩིབས་བརྒྱད་རཾ་གྱིས་མཚན༔ མེ་ལྷ་དམར་པོ་ཞལ་གཅིག་ཕྱག་བཞི་པ༔ མེ་ཡི་འཁོར་ལོ་མེ་ཡི་རྒྱལ་མཚན་དང་༔ འོག་མ་གཉིས་ཀྱིས་མེ་ཡི་ལྕགས་ཀྱུ་བསྣམས༔ དབང་དྲག་དཔལ་འབར་གཟི་བརྗིད་ལྡན་པར་བསྐྱེད༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ དབང་དྲག་སྟོབས་ཀྱི་འཕྲིན་ལས་གར་དགུར་ལྡན༔ འབྱུང་བ་ཆེན་པོ་སྲེག་བྱེད་འབར་བའི་ལྷ༔ དད་པས་སྤྱན་འདྲེན་དྲག་པོའི་གཞལ་ཡས་འདིར༔ དམ་ཚིག་དབང་གིས་གཤེགས་ཤིག་ས་མ་ཡཱ༔ ཛཿཧཱུྃ་བཾ་ཧོ༔ སྲེག་རྫས་འབུལ་ཏེ༔ ཧཱུྃ༔ ཞིང་བཅུ་བསྒྲལ་བའི་རཀྟའི་རྒྱ་མཚོ་འདི༔ འབར་བ་མེ་ཡི་ལྷ་ལ་འབུལ་ལགས་ན༔ ཁྲག་གི་ཡོན་ཆབ་བརྔམ་པའི་སྟོབས་ཀྱིས་བཞེས༔ དགྲ་བགེགས་བྱད་མ་བརླག་པའི་འཕྲིན་ལས་མཛོད༔ ཨཱོཾ་རཾ་ཛྭ་ལ་རཾ་དགྲ་བགེགས་འདི་ཞེས་པའི་དབང་པོ་རྣམ་ལྔ་ཤ་རུས་ཁྲག་དང་བཅས་པ་ལ་རཾ་ཨགྣེ་བྷི་ཛྭ་ལ་རཾ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ རིམ་བཞིན་འགྲེ་སྟེ་སྲེག་རྫས་དང་༔ ལིངྒ་ལ་སོགས་རྒྱས་བསྡུས་རྣམས༔ རང་གི་སྐབས་མཐུན་དབུལ་བར་བྱ༔ བསྟོད་པ་ནི༔ ཧཱུྃ༔ དྲང་སྲོང་རྒྱལ་པོ་འབྱུང་བ་མེ་ཡི་ལྷ༔ སྐུ་མདོག་དམར་ནག་འཁྲུག་པ་མེ་ཡི་སྐུ༔ སྐུ་ལས་མེ་འོད་ཚྭ་ཚྭ་ཤ་ར་ར༔ དུས་མཐའི་མེ་ལྟར་འཚིག་ཅིང་ཁམས་གསུམ་གཡོ༔ དགྲ་བགེགས་བྱད་མ་སྲེག་མཛད་ལྷ་ལ་བསྟོད༔ ཅེས་བསྟོད༔ མེ་ཐབ་མི་དམིགས་མེ་ལྷ་ཡི༔ ལྟོ་བ་ཡངས་ཤིང་རྒྱ་ཆེའི་ཀློང་༔ ལྷ་ཚོགས་སྐུ་མདོག་དམར་པོ་འམ༔ ནག་པོ་རང་གི་གང་བདེར་བསྒྱུར༔ སྤྱན་འདྲེན་བཞུགས་གསོལ་ཕྱག་གིས་མཆོད༔ ཚིགས་སུ་བཅད་པ་བརྗོད་པའི་མཐར༔ དྲག་པོའི་སྲེག་རྫས་ལིངྒ་རྣམས༔ བརྒྱ་རྩའམ་ནི་སྟོང་གིས་འབུལ༔ རྩ་སྔགས་ཡོངས་སུ་རྫོགས་པའི་མཐར༔ བྱད་མ་དགྲ་བགེགས་ཆེ་གེ་འདི་ཞེས་པའི་ཤ་ཁྲག་དབང་པོ་དོན་སྙིང་ལྔ་དང་བཅས་པ་ལ་ཁཱ་ཧི་རཾ་རཾ༔ བསད་སྔགས་བརྗོད༔ བསྟོད་པས་བསྟོད་ཅིང་གཉེར་བྱང་གཏད༔ སྨྲ་བཅད་སྔགས་དམིགས་གནད་དུ་གཟིར༔ ཡེ་ཤེས་པ་གཤེགས་དགེ་བ་བསྔོ༔ མེ་ལྷ་གཏང་རག་མཆོད་བསྟོད་གཤེགས༔ ཐལ་བ་མཆོད་རྟེན་ལྷ་ཁང་ཞབས༔ ཡང་ན་ལུང་གསུམ་འདུས་མདོར་མནན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དབང་དང་དྲག་པོའི་འཕྲིན་ལས་ཀྱི༔ སྲེག་པ་མེ་ཡི་ལས་མཐའ་འདི༔ ཡི་གེའི་རིས་བཏབ་གཏེར་དུ་བཅོལ༔ ལན་ཅིག་དུས་ཀྱི་ཐ་མ་ལ༔ དགེ་དང་མི་དགེ་འཆོལ་བར་སྤྱོད༔ ཆོས་སྤྱིའི་བྱིན་རླབས་ཕལ་ཆེར་ཡལ༔ སྲུང་མ་ཕལ་ཆེར་མཐུ་རྡུགས་ཚེ༔ ཟབ་ཆོས་གསང་བའི་མན་ངག་འདིས༔ བསྟན་འགྲོའི་བདེ་བ་བསྐྲུན་པ་ཡོང་༔ གཅེས་སོ་ཡིད་ཀྱིས་བརྣག་པར་མཛོད༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ རྒྱལ་ཁམས་པ་ཉི་མ་གྲགས་པས་མེ་འབར་ཕུག་ནས་གདན་དྲངས་པའོ། །མངྒ་ལཾ།། །།


previousསྲེག་པ་མེ་ཡི་ལས་མཐའི་ཤམ་བུ།next