Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
   
   
   
   
   
   
   
   
   
དམིགས་པའི་མདེའུ་ཐུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམིགས་པའི་མདེའུ་ཐུང་།next

དམིགས་པའི་མདེའུ་ཐུང་།

རྟ་མགྲིན་དྲེགས་པ་ཟིལ་གནོན་ལས༔ དམིགས་པའི་མདེའུ་ཐུང་བཞུགས་སོཿ དབང་ཆེན་པདྨའི་ལྷ་ལ་ཕྱག་འཚལ་ལོ༔ དབང་ཆེན་དྲེགས་པ་ཟིལ་གནོན་གྱི་བསད་ལས་དམིགས་པའི་མདེའུ་ཐུང་རང་ཉིད་པདྨ་དབང་ཆེན་གྱི་བསྐྱེད་རིམ་རབ་ཏུ་བརྟན་པ༔ གསལ་བ་གཟི་བརྗིད་དང་ལྡན་པ༔ དཔའ་ལ་འཇིགས་པ་སྒེག་པའི་ཉམས་དང་ལྡན་པའི་མདུན་དུ་གནམ་ལྕགས་ཀྱི་ཁང་སྒྲོམས་མེ་འབར་ཞིང་སྒོ་མེད་པ་ཚ་ལ་རྩུབ་ཅིང་འཇིགས་སུ་རུང་བ་སྐྱི་བུང་ཞིང་ཡ་ང་བའི་ནང་དུ་ནྲི་ལས་སྐྱེས་པའི་བྱད་མ་ཆེ་གེ་ཉིད་ལྷན་ཅིག་སྐྱེས་པའི་ལྷ་དང་ལྷན་ཅིག་སྐྱེས་པའི་འདྲེ་གཉིས་འཐབ་ཅིང་འཁྲུགས་ནས་འདོད་ཆགས་ཀྱི་རྦ་ཀློང་འཁྲུགས་པའི་སྦལ་པ་ལྟོ་སྦྱོར་གྱི་བར་དུ་གཟུགས་བྱད་ངན་ཅིང་མྱ་ངན་ཀྱི་འོ་དོད་ཙེར་ཙེར་འབོད་པ་གཅིག་ཏུ་གསལ༔ དེའི་སྟེང་དུ་གནམ་ལྕགས་ཀྱི་མཆོད་རྟེན་བང་རིམ་དགུ་པ་རྒྱ་ཁྱོན་སྟོང་གསུམ་དང་མཉམ་པར་འོད་ནག་པོའི་གུར་ཁང་གིས་བསྒྲིབས་པའི་བུམ་པའི་ནང་དུ་ལྷ་ཆེན་ཡབ་ཡུམ་སྲས་གསུམ་དྲག་ཏུ་ཁྲོས་པའི་མཐའ་སྐོར་དུ་སྡེ་བརྒྱད་དེ་ཕྱིའི་ལྷ་མ་སྲིན་སྡེ་བརྒྱད་ནང་གི་ལྷ་མ་སྲིན་སྡེ་བརྒྱད༔ གསང་བའི་ལྷ་མ་སྲིན་སྡེ་བརྒྱད་ལས་མྱུར་མགྱོགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད་དྲག་པོ་སྔགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད༔ བསྟན་པ་བསྲུང་བའི་ལྷ་མ་སྲིན་སྡེ་བརྒྱད་དང་ལྷ་སྲིན་འབུམ་སྡེའི་དྲྭ་བ་ར་བར་གསལ་བ་ཐམས་ཅད་བརྔམ་ཞིང་འབར་ཏེ་འཁོར་བའི་འོད་ཟེར་བྱད་མ་ལ་ཕོག་པས་མ་བཟོད་ཅིང་ཁོ་དུག་ལྔ་འབར་བའི་རླངས་པ་ལྷ་ཆེན་ཡབ་ཡུམ་དང་དྲེགས་པ་སྡེ་བརྒྱད་རྣམས་ལ་ཕོག་པས་དྲག་ཏུ་ཁྲོས་ཏེ་མཚོན་ཆ་དུག་རླངས་ནད་ཡམས་ཐན་ལྟས་སྣ་ཚོགས་ཀྱི་ཆར་དྲག་ཏུ་གཡོས་པ་ཁོའི་ཆོས་སྐྱོང་ལ་ཕོག༔ དེས་ཀྱང་མ་བཟོད་ནས་ཁོའི་རྣམ་སྨིན་ལས་བྱུང་བ་ཤེས་ཏེ་རང་དབང་མེད་པར་ཤ་ཟོས་ཁྲག་འཐུངས་རུས་པ་མུར་སྲོག་བཅད་རྡུལ་དུ་བརླག་པར་བསྒོམས༔ སྦལ་བ་ལྟོ་སྦྱོར་དེ་གཉིས་ཀྱང་ཁོའི་ལྷན་ཅིག་སྐྱེས་པའི་ལྷ་དང་འདྲེ་གཉིས་ཁྲོས་ནས་རང་གཤེད་རང་ལ་དབབས་ཏེ་ཤ་ཟོས་ཁྲག་འཐུངས་ཡན་ལག་རྣམས་ནས་གཤེད་མ་ཐམས་ཅད་ཀྱིས་ཟོས་ཤིང་མུར་བས་ཁོའི་དབང་པོ་རྣམ་ལྔ་ནག་ཐིབ་ཐིབ་ཏུ་བཏང་སྟེ་སེམས་མར་མེ་འཆི་ཀའི་འོད་ཙམ་པ་དེ་བསད་ཁོའི་སྙིང་ནང་དུ་གནམ་ལྕགས་ཀྱི་འཁོར་ལོ་དང་ཆུ་ཟངས་ཀྱི་འཁོར་ལོ་གཉིས་ལྷ་ཆེན་ཡབ་ཡུམ་ཁྲོས་པའི་སྟོབས་ལས་བྱུང་ཞིང་གཡས་གཡོན་དུ་འཁོར་བས་དོན་སྙིང་རྣམས་དམར་ཕྲུ་ལུ་ལུ་གཏུབས་ཤིང་འཁོར་ལོའི་རྩིབས་རྣམས་སུ་སྡེ་བརྒྱད་མི་བསྲུན་པ་མང་པོས་ནད་མཚོན་གྱི་ཆར་ཕབ་རྡུལ་དུ་བརླག་པར་བསྒོམས་ཤིང་བསད་སྔགས་ལ་འབད༔ བསད་པ་དམིགས་པའི་མདེའུ་ཐུང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྱད་པར་དུ་ཁོ་རང་གིས་ཐབས་དང་བཟློག་བསད་ཀྱི་ལས་བྱས་པ་ཐམས་ཅད་ལས་ཀྱི་མཐའ་ལོག་སྟེ་ཁོ་རང་གི་རང་གཤེད་རང་ལ་བབས་ཏེ་དུག་མཚོན་ལྷ་འདྲེ་མ་རུངས་པ་དུག་སྦྲུལ་གནམ་ལྕགས་ཀྱི་སྡིག་པ། བྱ་ཤ་ཟན། གཅན་ཁྲག་འཐུང་མང་པོར་གྱུར་ཏེ་རྡུལ་དུ་བརླགས། བདུད་བཞི་གཤེད་དུ་གྱུར་ཁོ་རང་གི་སྔགས་ནུས་ཐམས་ཅད་ཁ་ནས་འོད་རླངས་དུ་འཁྲུག་པ་རྡོ་རྗེ་རྒྱ་གྲམ་གྱིས་འདན་པས་ཁོ་རང་གི་ཁོག་པར་འཁྲུག་རང་གཤེད་དུ་བབས་ཁྱད་པར་དུ་ཡང་ཁོ་རང་གི་ཡི་དམ་ཆོས་སྐྱོང་གང་ཡིན་པ་དེ་དྲག་ཏུ་ཁྲོས་ཞེ་སྡང་མེ་ལྟར་འབར་ནས་སྲོག་བཅད་ཤ་ཟོས་ཁྲག་ལ་རོལ་བར་བསྒོམ་པ་བཟློག་བསད་སྦྲེལ་བའི་དམིགས་པའི་མདེའུ་ཐུང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ནི་ཤིན་ཏུ་ཟབ་པའི་ཡིག་ཆུང་སྟེ༔ ཕག་ཏུ་སྦོས་ཤིག་དམ་མེད་རྣམས་ལ་རྒྱ༔ ལས་འཕྲོ་ལྡན་པའི་བུ་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱལ་ཁམས་པ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཁམས་སྲིང་མོ་རྫོང་གི་ནུབ་སྒོ་མེ་འབར་ཕུག་ནས་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའོ། མངྒ་ལཾ།། །།


previousདམིགས་པའི་མདེའུ་ཐུང་།next