Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
བཟློག་པ་རྩང་གི་ཤམ་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཟློག་པ་རྩང་གི་ཤམ་བུ།next

བཟློག་པ་རྩང་གི་ཤམ་བུ།

རྟ་མགྲིན་དྲེགས་པ་ཟིལ་གནོན་ལས༔ བཟློག་པ་རྩང་གི་ཤམ་བུ་བཞུགས༔ པདྨ་དབང་ཆེན་ལྷ་ལ་འདུད༔ རྣལ་འབྱོར་བར་ཆད་རྐྱེན་བཟློག་ཏུ༔ རྩང་གི་ཤམ་བུ་བསྒྱུར་འདོད་ན༔ རབ་ནི་ཟངས་དང་ལྕགས་གཉིས་ལ༔ རྐེད་པ་རྒྱ་མདུད་སྟོད་སྨད་དབལ༔ འབྲིང་ནི་དུར་ཤིང་སྐྱེར་པའམ༔ ཐ་ན་ཚེར་མ་ཅན་གྱི་ཤིང་༔ ས་གཉན་རི་གཉན་དག་ནས་བསྒྲུབ༔ ཧཱུྃ་དང་བྷྱོ་བཟློག་ལོགས་རེ་བཞིན༔ སྟོད་སྨད་བར་གསུམ་དག་ཏུ་འབྲི༔ ནག་པོ་ཉེར་ལྔ་ནང་མ་ལ༔ དམར་པོ་ཉེར་ལྔ་ཕྱི་ནས་འཛུགས༔ ཤ་ཆེན་ལིངྒ་བཟློག་བྱང་བརྒྱན༔ ཞིང་གི་རྒྱུ་མས་རྐེད་ལ་དཀྲིས༔ དགྲ་བགེགས་ལིངྒར་འགུགས་བསྟིམས་བསྒྲལ༔ ཞལ་དུ་སྟོབ་ཅིང་དམར་སྦྲེངས་ནས༔ བཤིད་ཀླུ་རྐང་གླིང་རོལ་མོ་འཁྲོལ༔ གྲི་ཤ་ཚིལ་ཆེན་དུད་པ་བཏང་༔ ཁྲོས་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་བྷྱོ༔ དང་པོ་རྩང་བྱུང་གང་ནས་བྱུང་༔ དང་པོ་རྩང་བྱུང་དམྱལ་བའི་ཡུལ་ནས་བྱུང་༔ འགྲོ་དྲུག་ལས་ངན་རྣམ་སྨིན་ལས༔ ཁྲོ་ཆུ་ཁོལ་མ་མེར་རེ་རེ༔ ཟངས་ཆུ་ཁོལ་མ་ཀྱི་ལི་ལི༔ ཁྲོ་ཟངས་འབར་བའི་ཆུ་དེ་ལ༔ ལས་ཀྱི་གཤིན་རྗེའི་ཚོགས་རྣམས་ཀྱིས༔ རྩ་བ་རྩེ་མོ་དབལ་དང་ལྡན༔ རྐེད་པ་རྒྱ་མདུད་གྲུ་བཞིར་བཅད༔ ཚད་ནི་ལྷ་ཆེན་ཚངས་པ་ཡི༔ འདོམ་གང་འདོམ་ཕྱེད་ཁྲུ་གང་བཟོས༔ དམྱལ་བའི་འཇིག་རྟེན་ཆེན་པོ་ནི༔ དུར་ཁྲོད་ཤྭ་ན་ཁ་ཞེས་པར༔ ལས་ཀྱི་རྣམ་སྨིན་རྩང་དེས་བརྒྱན༔ གནས་དེར་སྐྱེས་པའི་འགྲོ་བ་རྣམས༔ རྩང་ཕུར་དེ་ཡི་རྩེ་ལ་བསྐྱོན༔ ཁྲོ་ཆུ་ནག་པོའི་རྩང་ཕུར་ལས༔ གྲང་བའི་སྡུག་བསྔལ་རྦ་ཀློང་འཁྲུག༔ ཟངས་ཆུ་དམར་པོའི་རྩང་ཕུར་ལས༔ ཚ་ཞིང་སྲེག་པའི་ངད་པས་འཚེ༔ ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད༔ ཚ་གྲང་དམྱལ་བ་ཐམས་ཅད་ཀྱི༔ སྡུག་བསྔལ་འབུམ་ཕྲག་ཚང་བས་གཟིར༔ ཧཱུྃ་བྷྱོ༔ དེ་ནས་རྩང་བྱུང་གང་ནས་བྱུང་༔ བམ་རི་ཐོད་མཁར་མ་ལ་ཡར༔ བདུད་པོ་མ་ཏྲཾ་རཱུ་ཊ་ཡིས༔ གནམ་ལྕགས་འབར་བའི་ཞུན་ཐིགས་དང་༔ ཁྲོ་དམར་ཟངས་ལས་རྩང་ཕུར་བརྡུངས༔ རྩ་བ་རྩེ་མོ་གྲུ་གསུམ་དབལ༔ རྐེད་པ་ཟུར་བཞི་ལོགས་བརྒྱད་དེ༔ རྡོ་རྗེའི་རྒྱ་གྲམ་མདུད་པས་བརྒྱན༔ གཟུགས་ཅན་གཟུགས་མེད་ཁམས་རྣམས་ལ༔ ང་ནི་མ་ཏྲཾ་ཀ་རུ་ཊ༔ འཁྲུག་པའི་སྐད་འབྱིན་མཚོན་དེས་བརྡེགས༔ ཤིང་ལ་བསྐྱོན་ནས་བསྣུན་པ་ལས༔ མདུང་གི་མཚོན་ཀྱང་དེ་ཉིད་སྲིད༔ གཉིས་གསུམ་ཤིང་གི་རྩེ་ལ་སྐྱོན༔ བརྡེགས་པས་གསལ་ཤིང་ཏྲི་ཤུལ་ཟེར༔ རྒྱུས་ལ་སྤྲིངས་ཏེ་བརྒྱབ་པ་ལས༔ ལྕགས་གཞུ་ལྕགས་མདའ་ནག་པོར་གྲགས༔ སེམས་ཅན་ཀུན་གྱི་སྲོག་གི་གཤེད༔ ཧཱུྃ་བྷྱོ༔ དེ་ནས་རྩང་བྱུང་གང་ནས་བྱུང་༔ དབང་དྲག་རོལ་པའི་དུར་ཁྲོད་དུ༔ སྟོབས་ལྡན་དབང་ཆེན་ཧེ་རུ་ཀས༔ གདུལ་དཀའ་མ་ལུས་འདུལ་བའི་ཕྱིར༔ དྲེགས་པ་རཱུ་ཊའི་མཚོན་ཟོར་དེ༔ ཐབས་དང་ཤེས་རབ་སྤྲུལ་པ་ལས༔ དབང་དང་དྲག་པོའི་རྫས་སུ་བསྒྱུར༔ སངས་རྒྱས་བསྟན་དང་འགྲོ་དོན་དུ༔ མི་མཐུན་བར་ཆད་བཟློག་པ་ཡི༔ དབང་བསྐུར་ལུང་བསྟན་བཀའ་ཡང་བསྒོས༔ ཧཱུྃ་བྷྱོཿ དེ་ལྟར་སྔོན་བྱུང་བྱུང་དང་སྲིད༔ དེ་རིང་རྣལ་འབྱོར་བདག་ཅག་ལ༔ མི་མཐུན་བར་ཆད་རྐྱེན་གྱིས་སྡང་༔ དེ་ཉིད་བཟློག་པར་བྱ་བའི་ཕྱིར༔ གདོལ་པ་ནག་པོས་མར་ངོ་ལ༔ ལྕགས་སྣ་དགུ་ལ་རྩང་ཕུར་བརྡུངས༔ རིགས་ངན་བཤན་མོས་ཡར་ངོ་ལ༔ ཁྲོ་ཟངས་གཉིས་ལ་རྩང་ཕུར་བླུགས༔ དུར་ཁྲོད་ཆེན་པོའི་བས་མཐའ་ནས༔ རྣལ་འབྱོར་བདག་གིས་དུར་ཤིང་བཅད༔ རྩ་བ་རྩེ་མོ་ཟུར་གསུམ་དབལ༔ རྐེད་པ་རྒྱ་མདུད་དྲག་པོའི་ཞིང་༔ དམར་ནག་རྩང་ཕུར་གཡས་གཡོན་དུ༔ དྲག་པོའི་གཏོར་ཟོར་ལྕགས་རི་ལ༔ བརྒྱན་པ་དྲ་བ་མིག་མང་རིས༔ ཤ་ཆེན་ལིངྒ་བྱང་བུར་ལྡན༔ ཞིང་ཆེན་རྒྱུ་མས་མདོས་ཐག་བསྡམས༔ འཁོར་འདས་ཡོངས་ཀྱི་རྟེན་དུ་བཙུགས༔ བར་ཆད་བཟློག་པའི་འཕྲིན་ལས་མཛོད༔ ཧཱུྃ་བྷྱོཿ སྟེང་གི་ཕྱོགས་ནས་གནོད་ཅིང་འཚེ༔ ལྷ་ཡི་བཀའ་ཆད་རྩང་གིས་ཟློག༔ འོག་གི་ཕྱོགས་ནས་མི་མཐུན་བགེགས༔ ཀླུ་ནད་གདོན་ཚོགས་རྩང་གིས་ཟློག༔ བར་གྱི་ཕྱོགས་ནས་ཐན་ལྟས་བགེགས༔ གཟུགས་མེད་གནོད་པ་རྩང་གིས་ཟློག༔ སྔོན་སྒུགས་ཕྱི་འདེད་སྲོག་གཅོད་འཕྲོག༔ གཟུགས་ཅན་གནོད་པ་རྩང་གིས་ཟློག༔ སྨྱོ་འབོག་བརྒྱལ་ཟིལ་འོད་དཀར་འགྱེད༔ རྒྱལ་པོའི་གདོན་ཚོགས་རྩང་གིས་ཟློག༔ མཛེ་ཤུ་ཕོལ་མིག་ཞ་གྲུམ་འཁུམ༔ ཀླུ་ཡི་ནད་གདོན་རྩང་གིས་ཟློག༔ དུས་མིན་འཆི་དང་བྱད་གཏད་ཁྲམ༔ གཤིན་རྗེའི་ནད་གདོན་རྩང་གིས་ཟློག༔ འབྱུང་ལྔའི་དུག་རླངས་ཧུར་ཐུམ་གཏོང་༔ གཟའ་ཡི་གནོད་པ་རྩང་གིས་ཟློག༔ ཤྭ་ཁ་ཀྱལ་ནད་མེད་ལྟར་འབར༔ བཙན་གྱི་ནད་གདོན་རྩང་གིས་ཟློག༔ བླ་ལ་བརྐུ་ཞིང་སྲོག་ལ་འཇབ༔ ཐེའུ་རང་ནད་གདོན་རྩང་གིས་ཟློག༔ ཚེ་སྲོག་བར་ཆད་གློ་བུར་རྐྱེན༔ བདུད་ཀྱིས་གནོད་པ་རྩང་གིས་ཟློག༔ ཁྲག་ནད་དམར་ཡམས་ནད་རིགས་གདོན༔ མ་མོའི་གནོད་པ་རྩང་གིས་ཟློག༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུའི༔ ཕྱོགས་སྐྱོང་གནོད་པ་རྩང་གིས་ཟློག༔ གཙང་རིས་མགུར་ལྷ་བསྟན་མ་སོགས༔ བཀའ་ཆད་དལ་ཁ་རྩང་གིས་ཟློག༔ ཧཱུྃ་བྷྱོ༔ ལྷ་ཆེན་ཁྲོས་པའི་དྲག་རྩལ་ཡང་༔ དེ་རིང་དམར་ནག་རྩང་གིས་ཟློག༔ སྐེམ་བྱེད་ལྕགས་ཀྱུས་ཟིན་པའི་གདོན༔ དེ་རིང་དམར་ནག་རྩང་གིས་ཟློག༔ དྲང་སྲོང་བཀའ་ཡི་དམོད་པ་ཡང་༔ དེ་རིང་དམར་ནག་རྩང་གིས་ཟློག༔ མ་མོ་མཁའ་འགྲོའི་བསུན་མ་ཡང་༔ དེ་རིང་དམར་ནག་རྩང་གིས་ཟློག༔ མུ་སྟེགས་བོན་པོའི་བྱད་ཟོར་ཡང་༔ དེ་རིང་དམར་ནག་རྩང་གིས་ཟློག༔ ཡུངས་ཀར་ཡུངས་ནག་ཀེ་ཚེའི་ཐུན༔ དེ་རིང་དམར་ནག་རྩང་གིས་ཟློག༔ ཕྲ་མེན་མ་ཡི་ཉེ་དབྱེ་བྱད༔ དེ་རིང་དམར་ནག་རྩང་གིས་ཟློག༔ སྡེ་བརྒྱད་དྲེགས་པའི་ཕོ་ཉ་ཡང་༔ དེ་རིང་དམར་ནག་རྩང་གིས་ཟློག༔ ཕུར་པའི་དབལ་ཁ་ཐོར་མདའ་འཕེན༔ དེ་རིང་དམར་ནག་རྩང་གིས་ཟློག༔ བནྡྷེའི་ཧོམ་དང་བྱད་གཏད་ཕུར༔ དེ་རིང་དམར་ནག་རྩང་གིས་ཟློག༔ ཞང་ཞུང་བོན་པོའི་བཙོ་དམར་ཡང་༔ དེ་རིང་དམར་ནག་རྩང་གིས་ཟློག༔ ཧཱུྃ་བྷྱོ༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི༔ བྱད་གཏད་ཁྲམ་དང་མི་མཐུན་བགེགས༔ གནོད་ཅིང་འཚེ་བར་གྱུར་པ་རྣམས༔ དེ་རིང་དམར་ནག་རྩང་གིས་ཟློག༔ ལོ་ཟླ་ཞག་དུས་ཚེས་གྲངས་སྐག༔ ལྟས་ངན་ནད་རིགས་གློ་བུར་རྐྱེན༔ མི་ཁ་བྲམ་གྱོད་དགྲ་དང་བགེགས༔ དེ་རིང་དམར་ནག་རྩང་གིས་ཟློག༔ གནམ་སའི་གཡོ་འགུལ་འབྱུང་བཞིའི་གཡོས༔ འཕུང་སྲི་རྒྱ་འདྲེ་འབྱུང་པོའི་གདོན༔ མཐའ་དམག་འཁྲུག་རྩོད་མཚོན་ཁ་ལངས༔ དེ་རིང་དམར་ནག་རྩང་གིས་ཟློག༔ ཧཱུྃ་བྷྱོ༔ ཤ་ན་ཁ་ཡི་མཚོན་བཞིན་གྱི༔ ཚ་གྲང་འཚུབ་མ་ད་གཡོས་ལ༔ ལས་ཀྱི་རྣམ་སྨིན་ཐམས་ཅད་ཡང་༔ དེ་རིང་དམར་ནག་རྩང་གིས་ཟློག༔ མ་ཏྲཾ་རཱུ་ཊའི་ཕྱག་མཚན་བཞིན༔ ལྷ་མི་ཡོངས་ཀྱི་སྤྱི་ནས་ཆོམས༔ ཁམས་གསུམ་སྲིད་པའི་གཡོ་འགུལ་འཁྲུག༔ དེ་རིང་དམར་ནག་རྩང་གིས་ཟློག༔ དབང་ཆེན་དྲག་པོའི་ཟོར་མདའ་ལྟར༔ དྲག་རྩལ་ནུས་མཐུའི་སྟོབས་བསྐྱེད་ལ༔ དགྲ་བགེགས་རྦོད་གཏོང་བྱད་ཟོར་ཐན༔ དེ་རིང་དམར་ནག་རྩང་གིས་ཟློག༔ ལྷ་ཆེན་དྲག་པོ་ཡབ་ཡུམ་གྱི༔ དམར་ནག་རྩང་ཕུར་ལྟ་བུ་ཡི༔ སྲིད་པ་གསུམ་གྱི་དྲེགས་ཚོགས་ཀྱང་༔ དེ་རིང་དམར་ནག་རྩང་གིས་ཟློག༔ རཀྴ་ཛ་ལའི་ཟངས་ཕུར་ལྟར༔ དྲེགས་ཚོགས་འཁོར་ལོ་ད་སྒྱུར་ལ༔ ཕྱི་ནང་རྦོད་གཏོང་བྱད་གཏད་མཁན༔ དེ་རིང་དམར་ནག་རྩང་གིས་ཟློག༔ ཤཱནྟིང་གྷརྦྷའི་ཁྲོ་ཕུར་ལྟར༔ ཁྲོ་བོ་ཁྲོ་མོས་དཔུང་གཡོས་ལ༔ དྲེགས་ཆེན་རྣམས་ཀྱི་བྱད་གཏད་དམོད༔ དེ་རིང་དམར་ནག་རྩང་གིས་ཟློག༔ སློབ་དཔོན་ཆེན་པོའི་ལྕགས་ཕུར་ལྟར༔ འབྱུང་བཞིའི་ཁམས་ལ་དབང་བསྒྱུར་ལ༔ འཁོར་འདས་ཡོངས་ཀྱི་སྤྱི་གཤེད་རྣམས༔ དེ་རིང་དམར་ནག་རྩང་གིས་ཟློག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་དང་བཟློག་སྔགས་འདོན་གཡབ་འདོར་དམོད་བཅོལ་དམར་སྦྲེང་ངོ་༔ ལས་འཕྲོ་ཅན་གྱི་བུ་དང་འཕྲད་པར་ཤོག༔ བཀའ་སྲུང་གཏེར་བདག་རྣམས་ཀྱིས་བྱ་ར་གྱིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱལ་ཁམས་པ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཁམས་སྲིང་མོ་རྫོང་གི་ནུབ་སྒོ་པདྨ་བཀའ་ཡི་ཐང་ཡིག་ལས༔ མེ་འབར་ཕུག་ལ་ཞག་གསུམ་བཞུགས༔ ཟེར་བའི་གནས་ནས་ཆུ་ཁྱི་ཧོར་ཟླ་དགུ་པའི་ཉི་ཤུ་ཐམ་པ་ལ་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའོ།། །།


previousབཟློག་པ་རྩང་གི་ཤམ་བུ།next