Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
ཟོར་བསྐུལ་གྱི་ལས་རིམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟོར་བསྐུལ་གྱི་ལས་རིམ།next

ཟོར་བསྐུལ་གྱི་ལས་རིམ།

རྟ་མགྲིན་དྲེགས་པ་ཟིལ་གནོན་ལས༔ ཟོར་བསྐུལ་གྱི་ལས་རིམ་བཞུགས༔ དཔལ་ཆེན་རྟ་མཆོག་ཧེ་རུ་ཀལ་འདུད༔ སྔོན་གྱི་སྨོན་ལམ་ལས་ཀྱི་འཕྲོ་བཙན་པས༔ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་༔ བདག་ཉིད་པདྨ་མཁན་སློབ་བདག་ཅག་བཞིས༔ བྱ་རུང་ཁ་ཤོར་ཁ་ལ་སྨོན་ལམ་བཏབ༔ མཐའ་འཁོབ་འདུལ་བའི་དུས་ལ་བབས་པའི་ཚེ༔ བོད་དུ་འཛོམ་ཞིང་བསྟན་འགྲོའི་དོན་ཆེན་བསྐྱངས༔ ཁྱད་པར་ཟབ་པའི་མན་ངག་སྙིང་པོ་འདི༔ ཨཱརྱ་པ་ལོའི་གླིང་དུ་བདག་གིས་བསྒྲུབས༔ དབང་ཆེན་གྲུབ་པས་ཁམས་གསུམ་དབང་དུ་བསྡུས༔ སྲིད་གསུམ་ཟིལ་མནོན་དྲེགས་ཚོགས་བྲན་དུ་ཁོལ༔ འོན་ཀྱང་ཆོས་ཀྱི་རྒྱལ་པོས་རྟེན་འབྲེལ་གྱི༔ གནད་ཟུར་ཉམས་པས་མ་འོངས་ཕྱི་མའི་དུས༔ དྲེགས་ཚོགས་ཁ་རྒྱས་འགྲོ་བའི་བདེ་བ་བཅོམ༔ དེ་དུས་ཕན་ཕྱིར་ཟབ་ཆོས་གདམས་པ་འདི༔ རིས་སུ་འདེབས་ནས་གསང་བའི་གཏེར་དུ་སྦ༔ དུས་ནི་བཞི་བཅུ་ཁ་རལ་དུས་དག་ཏུ༔ ལོ་ཙཱ་ཀླུ་ཡི་དབང་པོའི་སྐྱེ་བའི་མཐས༔ གདམས་པ་འདི་འབྱིན་འགྲོ་ལ་ཕན་པ་འོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་རིགས་སྔགས་བྱད་སྟེམས་རྦོད་གཏོང་དང་༔ ནད་མཚོན་མུ་གེ་རྒྱ་འདྲེ་དམ་སྲི་ཡིས༔ བསྟན་འགྲོའི་བདེ་ལ་གནོད་ཅིང་བར་གཅོད་ན༔ རང་རང་གཞུང་བཞིན་ལས་སྦྱོར་ཚུལ་བཞིན་འབད༔ གཏོར་མ་བསྒྲུབ་ཅིང་ཟོར་དུ་འཕེན་པའམ༔ ཡང་ན་བྷནྡྷ་ཟངས་ལྕགས་སྣོད་ནང་དུ༔ བཤོས་ཆེན་གཅིག་ལ་བཤོས་ཕྲན་བཅུ་གཉིས་བསྐོར༔ ཤ་སྣ་སྙིང་སྣ་ལིངྒ་དཔལ་འབར་གཟུགས༔ ལིངྒར་ཟག་རྫས་བྱུག་ཅིང་འགུགས་བསྟིམ་བྱ༔ དགྲ་བགེགས་གང་གནོད་དངོས་བསམ་སྔགས་འདིས་བསྒྲལ༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་བཛྲ་པཱ་ཎི་དྷཀྐི་ནི་བྷ་ར་ཧི་ཧཱུྃ་མ་ཧཱ་དྷེ་ཝ་ཧྲཱིཿཨུ་མ་དྷེ་ཝི་ཛ་ལ་རཀྴ་ཨ་ཡ་མ་དུ་རུ་ཙ་ཤན་ཏྲི་ས་མ་ཡ་ཧཱུྃ་ཧཱུྃ༔ དགྲ་བགེགས་ཆེ་གེའི་སྲོག་ལ་ཏྲི་དུ་ཛ་ཏྲི་དུ་ཛ་ནྲི་ཏྲི་མཱ་ར་ཡ་རྦད་རྦད༔ ཏྲག་རཀྴ་མཱ་ར་ཡ་རྦད་ཆོད་ཐུམ་རིལ་རྦད༔ དུམ་བུར་གཏུབས་གཏུབས་སྙིང་ལ་ཡཾ་ཡཾ་མ་ར་ཐུལ་མཱ་ར་ཡ་བྷྱོ་ནན༔ དགྲ་བགེགས་སམ་བན་བོན་བྱད་གཏད་ལྷ་སྲུང་ཞེས་མིང་ལྟེམ་པའི་མཐར༔ ཏྲི་དུ་ཛ་ཧྲི་དུ་ཛ་ནྲིའམ་ཏྲི་མཱ་ར་ཡ་རྦད་རྦད༔ བྱད་གཏད་ཁྲམ་གསུམ་ཐམས་ཅད་ས་ཐུན་ཡ་བྷྱོ་ཟློག༔ ཨཱོཾ་བིརྱ་དགྲ་བགེགས་བྱད་མའི་སྙིང་ལ་རྦད༔ ཁྲི་འཕོ་དགྲ་བགེགས་བྱད་མའི་སྙིང་ལ་རྦད༔ དམ་ལིང་དགྲ་བགེགས་བྱད་མའི་སྙིང་ལ་རྦད༔ པྲ་ཧ་ར་ན་དགྲ་བགེགས་བྱད་མའི་སྙིང་ལ་རྦད་རྦད༔ ཅེས་བསྒྲལ་རྩ་སྔགས་ལ་ཁཱ་ཧི་དང་བཅས་ལན་བདུན་གྱིས་གཏོར་མར་མཆོད་སྨན་རག་སྦྲེང་ཞིང་རོལ་མོ་ལྡིར༔ ཧཱུྃ་བྷྱོ༔ དགོངས་ཤིག་གསན་དུ་གསོལ་ལོ་དཔལ་ཆེན་པོ༔ ཕྱོགས་བཅུ་དུས་བཞིའི་སྐྱབས་གནས་ལྷ་ཡི་ཚོགས༔ རེ་ཞིང་ལྟོས་པའི་ཆོས་སྐྱོང་རྒྱ་མཚོའི་སྡེ༔ བདག་གིས་བྱང་ཆུབ་སེམས་ལ་བློ་སྦྱངས་ཏེ༔ བསྟན་དང་འགྲོ་བའི་དོན་དུ་སེམས་བསྐྱེད་ཀྱང་༔ ཉམས་པའི་དགྲ་བོ་སྡིག་ཅན་ལས་ངན་འདིས༔ ཡོངས་ལ་འཚེས་ཤིང་རྣལ་འབྱོར་བདག་ལ་སྡངས༔ དོ་རུ་བསྡོས་ཤིང་ཆོས་ལ་བདེན་མེད་ཟེར༔ ཚད་དུ་བཙུགས་ཤིང་ལྷ་ལ་མཐུ་མེད་ཟེར༔ དེ་ཕྱིར་དབང་དྲག་ཁྲོས་པའི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དབང་དྲག་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ རྟ་མཆོག་རྒྱལ་པོ་པདྨ་ཧེ་རུ་ཀ༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་དྲེགས་པའི་གཤེད༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་སྐུ་བཞེངས་འཚལ༔ སྐྱེ་མེད་ཀློང་ནས་གཏུམ་དྲག་འབར་བའི་སྐུ༔ དཔའ་ལ་སྒེག་པའི་ཉམས་ལྡན་སྲིན་པོའི་གཟུགས༔ བསྐལ་པའི་མེ་ལྟར་འབར་ཞིང་གློག་ལྟར་འཁྱུག༔ མ་རུངས་ཚར་གཅོད་དབང་གི་སྒྲ་ཆེན་སྒྲོགས༔ ལེ་བརྒན་རྔོག་མའི་ཟེར་ལས་ཐོག་ཆར་འཁྲུག༔ སྐུ་ཡི་བ་སྤུའི་ཀློང་ནས་ཁྲོ་ཆུང་འགྱེད༔ ཕྱག་མཚན་གདེངས་པས་མཚོན་ཆའི་ཆར་པ་འབེབས༔ སྨ་ར་ཁ་སྤུའི་རྩེ་ལས་མེ་འོད་འཕྲོ༔ ཞལ་གདངས་ལྗགས་འདྲིལ་དགྲ་བགེགས་སྲོག་ལ་བརྔམས༔ སྤྱན་གསུམ་བསྐོར་བས་ཁམས་གསུམ་ས་ལེར་གཟིགས༔ དུར་ཁྲོད་ཆས་བརྒྱད་ཁྲག་ཏུ་ཙ་ར་ར༔ དཔལ་གྱི་ཆས་བཅུ་འོད་དུ་ཙེ་རེ་རེ༔ དུག་གསུམ་འབར་བའི་རྔམ་བརྗིད་ཡ་ལ་ལ༔ དུག་ལྔ་འཁྲུག་པའི་མེ་རླུང་འུ་རུ་རུ༔ རྡོ་རྗེ་ཕག་མོ་ལུས་དང་གྲིབ་མའི་ཚུལ༔ མ་རྒྱུད་མཁའ་འགྲོ་འབུམ་སྡེ་ཉི་ལི་ལི༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ དབང་ཆེན་ཆོས་དབྱིངས་དྲག་པོའི་ནམ་མཁའ་ནས༔ བྱ་ཁྱུང་དམར་པོ་བཅོམ་ལྡན་རིགས་ཀྱི་བདག༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ སྤྱི་གཙུག་དུང་ཁང་འབར་བའི་ཕོ་བྲང་ནས༔ སྐུ་སྤྲུལ་ཧྱ་གྷྲཱི་ཝ་ཡབ་ཡུམ་འབུམ༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ ལོངས་སྤྱོད་འཁོར་ལོ་འབར་བའི་གཞལ་ཡས་ནས༔ གསུང་སྤྲུལ་ཧྱ་གྷྲཱི་ཝ་ཡབ་ཡུམ་འབུམ༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ ཆོས་དབྱིངས་འཁོར་ལོ་འབར་བའི་གཞལ་ཡས་ནས༔ ཐུགས་སྤྲུལ་ཧྱ་གྷྲཱི་ཝ་ཡབ་ཡུམ་འབུམ༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ སྤྲུལ་པའི་འཁོར་ལོ་འབར་བའི་གཞལ་ཡས་ནས༔ ཡོན་ཏན་སྤྲུལ་པའི་རྟ་གདོང་ཡབ་ཡུམ་འབུམ༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ བདེ་སྤྱོད་འཁོར་ལོ་འབར་བའི་གཞལ་ཡས་ནས༔ འཕྲིན་ལས་སྤྲུལ་པའི་རྟ་གདོང་ཡབ་ཡུམ་འབུམ༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ ཐབས་ཀྱི་རོལ་པ་སྐུ་ཡི་གཡས་ཟུར་ནས༔ ཁམས་གསུམ་སྡེ་དཔོན་དྲེགས་པ་སྟོབས་ལྡན་ཆེ༔ སྐུ་མདོག་ནག་པོ་མུན་ལྟར་ཐིབས་སེ་ཐིབ༔ མི་ལྤགས་གཡང་གཞིའི་ན་བཟའ་ཡ་ལ་ལ༔ སྟག་ལྤགས་རློན་པའི་ཤམ་ཐབས་ཀྱི་ལི་ལི༔ ཕྱག་གཉིས་གནམ་ལྕགས་འཁོར་ལོ་ཟངས་སེ་ཟང་༔ སྤྱན་བགྲད་ཞལ་གདངས་གད་བརྒྱངས་ཡ་ལ་ལ༔ གནམ་ལྕགས་ཐོག་གི་བུ་ཡུག་ཚུབས་སེ་ཚུབ༔ ཁྲག་གི་བུང་བ་མང་པོ་འུ་རུ་རུ༔ ཁྲོ་ཆུའི་སྦྲང་མ་མང་པོ་ཉི་ལི་ལི༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉ་ཤ་ར་ར༔ སྲིད་གསུམ་སྡེ་དཔོན་དྲེགས་པ་མཐུ་བོ་ཆེ༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ ཤེས་རབ་རོལ་པ་སྐུ་ཡི་གཡོན་ཟུར་ནས༔ ཡུམ་ཆེན་རྒྱལ་མོ་ཨུ་མ་དྷེ་ཝ་དམར༔ འདོད་ཆགས་ཁྲོས་པའི་སྒེག་མོ་ཁྲག་མདོག་མ༔ ནུ་མ་འཕྱང་ཞིང་བྷ་ག་དྲག་ཏུ་བགྲད༔ ཕྱག་གཉིས་ཟངས་ཀྱི་འཁོར་ལོ་ཀྱི་ལི་ལི༔ ནད་རླངས་མཚོན་ཆར་བུ་ཡུག་ཐིབས་སེ་ཐིབས༔ དམར་ནག་འོད་ཀྱི་ཕོ་ཉ་ཁྱུགས་སེ་ཁྱུག༔ དམ་ཉམས་དགྲ་བགེགས་བླ་ལེན་སྲོག་འགུགས་མ༔ སྙིང་ཁྲག་འཇིབས་པའི་འདོད་ཁམས་དཔལ་མོ་ཆེ༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ མི་རོ་གསར་རྙིང་ཀེང་རུས་འབུམ་ཁྲིའི་ཀློང་༔ ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ཀློང་དཀྱིལ་ནས༔ སྤྲུལ་པའི་སྲས་མཆོག་རཀྴ་ཛ་ལ་ནི༔ ཕྱག་ནས་དུག་དང་མཚོན་གྱི་ཆར་པ་འབེབས༔ དར་ནག་བེར་གསོལ་སྲིད་གསུམ་མུན་ལྟར་གཏིབས༔ རབ་ཏུ་ཁྲོས་པའི་གད་རྒྱངས་སྟོང་གསུམ་འགེངས༔ སྲོག་གཅོད་དབུགས་ལེན་འབུམ་སྡེ་སྤྲུལ་པར་འགྱེད༔ རབ་ཁྲོས་མི་བསྲུན་དྲེགས་ཆེན་འཇིགས་པའི་གཟུགས༔ གཏུམ་ལ་བརྔམ་པའི་མི་ཟན་སྲིན་པོ་ཆེ༔ སྙིང་རྗེ་མེད་པའི་དྲག་རྩལ་རྡོ་རྗེའི་ཐོག༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་གྱི་གཤེད༔ སྤྲུལ་པའི་གནོད་སྦྱིན་འབུམ་སྡེ་སྡེ་བརྒྱད་ཚོགས༔ རྣོ་ངར་ལྡན་པའི་མཚོན་ཆའི་བུ་ཡུག་འཚུབ༔ རལ་པ་ཁམ་ནག་ཐོད་པ་སྦྲུལ་གྱིས་བརྒྱན༔ སྐུ་མདོག་མཐིང་ནག་འོད་དུ་ཙེ་རེ་རེ༔ དུག་སྦྲུལ་མང་པོའི་ཆུན་པོ་ཉི་ལི་ལི༔ ཞལ་གདངས་ལྗགས་ལས་གློག་དམར་ཀེམས་སེ་ཀེམ༔ ཁྲོ་ཚོགས་ཕོ་ཉ་མང་པོ་ཕྱོགས་བཅུར་འཕྲོ༔ འཛིན་གིང་ཕོ་ཉའི་ཚོགས་ནི་ཤ་ར་ར༔ འཁོར་གཡོག་ལས་བྱེད་སྡེ་ཚོགས་འུ་རུ་རུ༔ མི་བསྲུན་དྲག་པོ་འཁོར་དང་བཅས་པ་རྣམས༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ ལྷ་སྲིན་སྡེ་བརྒྱད་འཚུབས་པའི་ཀློང་དཀྱིལ་ནས༔ རྒྱལ་པོའི་སྡེ་དཔོན་སྲོག་བདག་ཚངས་པ་ནི༔ སྐུ་མདོག་དཀར་པོ་ཟླ་ལྟར་ཡ་ལ་ལ༔ ཁྲབ་དཀར་རྡོ་རྗེའི་གོ་ཆེན་ལྷུབས་སེ་ལྷུབ༔ ཕྱག་གཡས་མདུང་དར་བ་དན་ལྷབས་སེ་ལྷབ༔ ཕྱག་གཡོན་དགྲ་སྙིང་ཁྲག་ཏུ་ཙ་ར་ར༔ ཆིབས་སུ་ཉི་ཟླ་འབར་བའི་ཟེར་ལ་བཅིབས༔ འཁོར་ནི་གིང་ཕོ་སྟོང་སྡེ་ཉི་ལི་ལི༔ ཆོ་འཕྲུལ་མི་རུང་སྣ་དགུ་ཕོ་ཉར་འགྱེད༔ དཀོར་བདག་རྒྱལ་པོ་འབུམ་སྡེ་དབང་བསྒྱུར་ལ༔ གནོད་བྱེད་དགྲ་བགེགས་སྟེང་དུ་དམག་ལ་ཆོས༔ སྨྱོ་འབོག་རྒྱལ་ནད་དམ་ཉམས་དགྲ་ལ་ཐོངས༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ བྷེ་ཝ་ས་ཏ་བཅོམ་ལྡན་གཤིན་རྗེའི་གཤེད༔ སེར་ནག་འབར་བ་འཇིགས་བྱེད་དྲག་པོའི་སྐུ༔ འཁོར་ལོ་སྡིགས་མཛུབ་ཞགས་པའི་ཕྱག་རྒྱ་ཅན༔ གཤིན་རྗེ་གདན་དུ་བཏིང་ནས་མ་ཧེ་ཆིབས༔ དྲག་ཤུལ་རྔམས་འཁྲུག་འཆི་བདག་འབུམ་འབུམ་འཕྲོ༔ སྤྲུལ་པ་མེ་ཡི་བསྐལ་པས་སྲིད་གསུམ་སྲེག༔ དུང་ཆེན་རཀྟས་བཀང་བའི་རྫས་ལ་དགྱེས༔ སྟོང་གསུམ་ཟས་སུ་ཟ་བའི་མཐུ་བོ་ཆེ༔ དགྲ་བགེགས་སྙིང་ཁྲག་འཐུང་ཞིང་གསོད་ལ་བརྩོན༔ གཤིན་རྗེའི་དམགས་ཚོགས་དམ་ཉམས་དགྲ་ལ་ཆོས༔ བསད་རྟགས་དམར་པོའི་དོན་སྙིང་ཁྱེར་ལ་ཤོག༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ རླུང་དམར་བུ་ཡུག་འཚུབ་པའི་ཀློང་དཀྱིལ་ནས༔ བཙན་རྒོད་ཆེན་པོ་རྡོ་རྗེ་དྲག་རྩལ་འཇིགས༔ སྐུ་མདོག་དམར་པོ་མེ་ཡི་འོད་ལྟར་འབར༔ སྨ་ར་སྨིན་མ་མེ་སྟག་ཁྱུགས་སེ་ཁྱུག༔ བ་སྤུ་མེ་ཡི་ཚ་ཚ་ཐོར་རོ་རོ༔ ཆིབས་སུ་བར་སྣང་ཁམས་ཀྱི་གློག་ལ་བཅིབས༔ སྤྲུལ་པ་སུམ་བརྒྱ་དྲུག་ཅུ་ཕོ་ཉར་འགྱེད༔ བཙན་དམག་འབུམ་སྡེ་འཁྲུག་པའི་ཀློང་ནས་བཞེངས༔ སྲོག་གཅོད་མི་ཟན་དམར་པོའི་དུས་ལ་བབས༔ གྲི་རྒོད་བཙན་ཐབས་ཐོང་ལ་དགྲ་བགེགས་སྒྲོལ༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ བདུད་ཡུལ་ཁ་རག་ནག་པོའི་མགོ་དགུ་ནས༔ བདུད་མཚོ་ཁོལ་མ་འཁྲུག་པའི་ནང་ཤེད་ནས༔ བདུད་ཀྱི་སྡེ་དཔོན་རལ་པ་ཚར་དགུ་ནི༔ སྐུ་མདོག་ནག་པོ་མུན་ལྟར་ཐིབས་སེ་ཐིབ༔ འོད་ནག་འཚུབ་མ་མང་པོ་ཀྱི་ལི་ལི༔ རེ་ལྡེ་མི་ལྤགས་གོས་ཟུང་ལྷབས་སེ་ལྷབ༔ གཡས་ན་གཤིན་རྗེའི་ཁྲམ་ཤིང་ཡ་ལ་ལ༔ གཡོན་ན་བདུད་ཀྱི་ཞགས་པ་ན་ར་ར༔ ཆིབས་སུ་བདུད་རྟ་ནག་པོ་སྤྲིངས་སེ་སྤྲིང་༔ འཆི་བདག་དྲེགས་པ་ཆེན་པོ་བཅོ་བརྒྱད་ནི༔ གྲིབ་སོའི་དམག་དང་བསྡོངས་ཏེ་ཕོ་ཉར་འགྱེད༔ གཏི་མུག་མུན་པར་བསྡོངས་ཏེ་ཁྲམ་ལ་འདེབས༔ སྐྱེ་འགྲོའི་ཚེ་བདུད་འབུམ་སྡེ་དགྲ་ལ་ཆོས༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ དུག་གི་རྒྱ་མཚོ་འཁྱིལ་བའི་ཀློང་ཡངས་ནས༔ དུག་གི་རི་རབ་འབར་བའི་ངོས་ཡངས་ནས༔ ཀླུ་བདུད་ནག་པོ་མགོ་དགུ་འཇིགས་པའི་གཟུགས༔ སྐུ་མདོག་དམར་ནག་ཀླུ་སྲིན་ཁྲོས་པའི་ཞལ༔ སྐུ་ནི་རི་རབ་འབར་བའི་ལོགས་ལ་བརྟེན༔ དབུ་ནི་མི་མངོན་བར་སྣང་ཁམས་སུ་འཕྱོ༔ སྦྲུལ་ནག་གདེང་ཀས་བར་སྣང་སྤྲིན་ལྟར་གཡོ༔ མཇུག་མ་བརྐྱངས་པས་རྒྱ་མཚོའི་ཀློང་རྣམས་འཁྱོམ༔ ཀླུ་ཆེན་བརྒྱད་ནི་ཐུགས་ཀྱི་ཀློང་ནས་རྡོལ༔ ཀླུ་ཡི་ཕོ་རྒྱུད་སྤྲུལ་འཁོར་གཡས་ནས་འགྱེད༔ ཀླུ་ཡི་མོ་རྒྱུད་སྤྲུལ་འཁོར་གཡོན་ནས་འགྱེད༔ ས་བདག་སྟོང་སྡེ་སྐུ་ཡི་མདུན་ནས་སྤྲུལ༔ ཀླུ་བཙན་འབུམ་ནི་སྐུ་ཡི་རྒྱབ་ནས་གཡོ༔ ཚ་གྲང་ནད་ཀྱི་རླངས་པ་ཞལ་ལས་འཕྲོ༔ དུག་རིགས་བཅོ་བརྒྱད་སྐུ་ཡི་འོད་ལས་འཆད༔ སྐད་ནི་མི་སྙན་སྒྲ་སྒྲོགས་ཨིག་ཤ་འབྱིན༔ ཁྱོད་ནི་ཀླུ་བདུད་རྡོ་རྗེ་ཁྲོ་བོའི་རྒྱལ༔ ཆིབས་སུ་བུ་ཡུག་ནག་པོའི་དུག་རླུང་བཅིབས༔ ཁམས་གསུམ་དབང་བསྒྱུར་དེ་རིང་དགྲ་ལ་ཆོས༔ མཛེ་རིགས་བཅོ་བརྒྱད་ནད་ཀྱིས་དགྲ་སྲོག་ཆོད༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ དུག་ལྔ་རབ་གཏུམ་འཁྲུག་པའི་ཀློང་དཀྱིལ་ནས༔ ཀླུ་སྲིན་ཚོགས་པའི་དྲང་སྲོང་རཱ་ཧུ་ལ༔ སྐུ་མདོག་ལྗང་གུ་དབུ་དགུ་བྱ་རོག་མགོ༔ གཡས་པས་ཆུ་སྲིན་འབར་བའི་རྒྱལ་མཚན་འཕྱར༔ གཡོན་པས་རྭ་ཡི་མདའ་གཞུས་དགྲ་བགེགས་སྒྲོལ༔ མགོ་ལུས་མེད་པར་སྤྱན་སྟོང་འབར་བས་གཏམས༔ ཆིབས་སུ་ཆུ་སྲིན་དེ་ནི་ངར་མ་བཅིབས༔ ཟླ་བའི་རྗེས་གཅོད་ནུབ་ནས་ཤར་དུ་རྒྱུག༔ ཉི་མའི་རྗེས་གཅོད་ཤར་ནས་ནུབ་ཏུ་རྒྱུག༔ ཉིན་མོ་རྒྱུགས་པས་མཚམས་བཞིའི་དགྲ་བགེགས་འཇོམས༔ མཚན་མོ་རྒྱུགས་པས་ཕྱོགས་བཞིའི་དགྲ་བགེགས་འཇོམས༔ ལྷ་ཀླུ་གཉན་ཁམས་ཀུན་ཀྱང་བྲན་དུ་བཀོལ༔ དུག་དང་ནད་ཀྱི་རླངས་པ་ཕྱུར་རུ་རུ༔ ཐོག་སེར་ལོ་ཉེས་ནད་མཚོན་ཕོ་ཉར་འགྱེད༔ ཕྱི་དྲིལ་ཡང་འདྲིལ་དམག་དཔོན་ལྗང་སྔོན་ཆེ༔ འཕུང་བྱེད་ཆེན་པོ་དྲང་སྲོང་རྭ་ཛ་ཀ༔ སྡེ་བརྒྱད་དམག་དཔུང་གཟའ་དམག་དགྲ་ལ་ཆོས༔ རྡོ་རྗེ་འཛིན་པའི་དམ་གྱི་བཀའ་བཞིན་དུ༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ ཕྲག་དོག་དྲེགས་རླུང་ཁམས་ནག་འབར་བའི་ཀློང་༔ འགོང་པོ་ཐེའུ་རང་འབུམ་སྡེའི་དབང་ཕྱུག་ཆེ༔ སྐུ་མདོག་སྨུག་ནག་ཁྲོས་པ་དགྲ་བགེགས་གཤེད༔ ལྕགས་ཞྭ་ནག་པོ་དབུ་ལ་ཀྱི་ལི་ལི༔ ལྕགས་བེར་ནག་པོ་སྐུ་ལ་ལྷུབས་སེ་ལྷུབ༔ ལྕགས་ལྷམ་ནག་པོ་ཞབས་ལ་ལྡེམས་སེ་ལྡེམ༔ རྡོ་རྗེ་འབར་བའི་ཐོ་བ་ཡ་ལ་ལ༔ བདུད་ཀྱི་ཞགས་པ་ནག་པོ་ཁྱུགས་སེ་ཁྱུག༔ དྲག་ཤུལ་བརྔམས་པའི་སྒྲ་སྒྲོགས་དི་རི་རི༔ ཆིབས་སུ་ར་སྐྱེས་དེ་ནི་ཁམ་པ་བཅིབས༔ སྤྲུལ་པ་ཐེའུ་རང་སྟོང་སྡེ་ཤ་ར་ར༔ ཐན་བདག་འགོང་པོ་འབུམ་ནི་ཉི་ལི་ལི༔ བླ་རྐུན་མ་མོ་བསྟན་མ་ཁྱུགས་སེ་ཁྱུག༔ བྱ་ཁྱི་གཅན་སྤྱང་དོམ་དྲེད་ཚུབས་སེ་ཚུབས༔ བཀའ་ཡི་ཕོ་ཉ་གཙང་བཙན་རྡོ་རྗེ་འབར༔ མ་ལུས་འཁོར་དང་བཅས་པ་དགྲ་ལ་ཆོས༔ ལྟས་ངན་ཆོ་འཕྲུལ་སྣ་དགུའི་ཆར་པ་ཐོབ༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་འཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ ནད་གཏོང་བུ་ཡུག་འཚུབ་པའི་ཀློང་དཀྱིལ་ནས༔ ཤེས་རབ་འབར་བའི་དབང་མོ་ཀུན་འདུས་མ༔ སྐུ་མདོག་མཐིང་ནག་ནམ་མཁའི་ཁམས་དང་མཉམ༔ ཞལ་གདངས་མཆེ་གཙིགས་ལྗགས་ཀྱིས་བམ་ཆེན་སྒྲིལ༔ རལ་གྲི་དམར་པོ་གཡས་ན་ཟངས་སེ་ཟང་༔ གཡོན་པ་ཐོད་ཁྲག་ཐུགས་ཀར་ཀྱི་ལི་ལི༔ བརྗིད་པའི་གཟི་བརྗིད་མདངས་ལྡན་ཏ་ལ་ལ༔ སྐད་ཅིག་རེ་རེས་སྟོང་ཁམས་བང་གིས་བསྐོར༔ སྤྲུལ་པའི་ཕོ་ཉ་ནད་རིགས་ཆར་དུ་འབེབས༔ རྡོ་རྗེ་ནག་མོ་མ་ཚོགས་ཀུན་གྱི་གཙོ༔ སྲིན་ལྤགས་སྲིན་སྒའི་རྒྱན་བཅས་རྒྱ་བོང་བཅིབས༔ མ་མོ་མཁའ་འགྲོ་ཐམས་ཅད་དབང་བསྒྱུར་ལ༔ དགྲ་བགེགས་གནོད་བྱེད་སྟེང་དུ་དམག་ལ་ཆོས༔ དགྲ་བོའི་ཡུལ་དུ་ནད་ཡམས་ཆར་པ་ཕོབ༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ དབང་ཆེན་དཔལ་གྱི་བཀའ་ཡི་ཁོར་ཡུག་ནས༔ རྒྱལ་ཆེན་སྡེ་བཞི་གཙང་རིས་དཔལ་མགོན་དང་༔ མགུར་ལྷ་དགེ་བསྙེན་དྲེགས་པའི་ལྷ་སྲིན་ཚོགས༔ བཀའ་སྲུང་གཏེར་བདག་དམ་ཅན་རྒྱ་མཚོ་རྣམས༔ མི་འདའ་དམ་ཚིག་ཀློང་ནས་ད་བཞེངས་ཏེ༔ སངས་རྒྱས་བསྟན་པའི་གཞུག་གཉེར་ཆེན་པོ་འདིར༔ སྔོན་ཚེ་རྒྱལ་བ་རྣམས་ཀྱིས་བཀའ་བསྒོས་ལྟར༔ རྣལ་འབྱོར་གདུང་བས་འབོད་ཅིང་རྗེས་བསྐུལ་ཚེ༔ དམ་ལས་མ་གཡེལ་དམ་ཅན་རྒྱ་མཚོའི་ཚོགས༔ ཆད་བཞིན་མ་སྟོངས་བཀའ་ཡི་སྲུང་མ་རྣམས༔ ཆོས་ལ་བདེན་མེད་ཟས་ལ་ངོ་མེད་ཅིང་༔ བསྒྲུབ་ལ་རྟགས་མེད་ལས་ལ་མཐུ་མེད་ན༔ དམ་ཅན་རྒྱ་མཚོ་དམ་དང་མི་འགལ་ལམ༔ སྲུང་མ་རྣམས་ཀྱང་ཆད་དུས་མི་སྟོངས་སམ༔ སྤྱི་བོར་རྡོ་རྗེས་རྒྱས་གདབས་མེ་འབར་ན༔ རྡོ་རྗེ་འབར་བའི་དམྱལ་བར་མི་འཇིགས་སམ༔ ལྕེ་དཀྱིལ་ཨརྒམ་ཐིག་ལེ་སྙིང་ཞུགས་ནས༔ སྡིག་པས་སྙིང་ཁྲག་འཇིབས་ན་མི་བྲེད་དམ༔ དེ་ཕྱིར་བསྟན་སྲུང་རྒྱ་མཚོ་དམ་མ་གཡེལ༔ མ་བཏང་དྲག་ཏུ་སྒྲོལ་ཅིག་ཤོར་ར་རེ༔ རྫོགས་སངས་རྒྱས་ཀྱི་བསྟན་ལ་སྡང་བའི་དགྲ༔ རྒྱལ་བའི་གདུང་འཚོབ་བླ་མའི་སྐུ་ཡི་དགྲ༔ གསང་ཆེན་ཐེག་པའི་ཆོས་ལ་དམོད་པ་དང་༔ རིམ་གཉིས་རྡོ་རྗེའི་ཏིང་འཛིན་དཀྲོགས་པ་དང་༔ འཕགས་པའི་དགེ་འདུན་མཐུན་པའི་དབྱེན་ལས་བྱེད༔ དབེན་རི་གཉེན་པོའི་སྒྲུབ་གནས་བཅོམ་པ་དང་༔ དགེ་བའི་ལས་རྣམས་སྡིག་པར་བསྒྱུར་བ་དང་༔ འགྲོ་བ་སེམས་ཅན་ཡོངས་ལ་འཚེ་བ་དང་༔ སྐྱེ་བོ་སྡིགས་ལྟུང་ཁོ་ནར་སྤྱད་པ་དང་༔ སྡེ་དགོན་མཆོད་ཚོགས་ཡོ་བྱད་བརྐུ་བ་སྟེ༔ ཞིང་བཅུ་ལྡན་པའི་དམ་ཉམས་དགྲ་དང་བགེགས༔ མཐུ་སྟོབས་རྩལ་ཕྱུངས་སྒྲོལ་བའི་དུས་ལ་བབས༔ སྲོག་རྩ་ཆོད་ལ་སྙིང་ཁྲག་ཧུབ་ཀྱིས་ཐོབ༔ བསད་རྟགས་དམར་པོའི་དོན་སྙིང་ཁྱེར་ལ་ཤོག༔ ལས་ཀྱི་མཐའ་སྡུས་སྡིག་ལྟུང་རྣམས་སྨིན་ཆོམས༔ རྣམ་པར་ཤེས་པ་སྐྱེ་མེད་དབྱིངས་སུ་བསྟིམ༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ རྣལ་འབྱོར་བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད་ལས་ལ་བསྐུལ་ཞིང་གཏོར་ཟོར་བརྡེག༔ མི་མཐུན་བར་ཆད་གཡུལ་ལས་རྒྱལ་བ་དང་༔ བསམས་པའི་དོན་གྲུབ་དེ་ཕྱིར་ཉམས་སུ་ལོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲང་བན་རིག་འཛིན་ཉི་མ་གྲགས་པས་ནགས་ཤོད་མེ་འབར་ཕུག་ནས་གདན་དྲངས་ཤིང་བུ་འབོར་སྒང་དུ་ཤོག་སེར་ལས་བསྒྱུར་བའོ། །མངྒ་ལཾ།། །།


previousཟོར་བསྐུལ་གྱི་ལས་རིམ།next