Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
གབ་ཡིག་དུག་མདའ་ནག་པོའི་ཤོག་དྲིལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགབ་ཡིག་དུག་མདའ་ནག་པོའི་ཤོག་དྲིལ།next

གབ་ཡིག་དུག་མདའ་ནག་པོའི་ཤོག་དྲིལ།

རྟ་མགྲིན་དྲེགས་པ་ཟིལ་གནོན་ལས༔ གབ་ཡིག་དུག་མདའ་ནག་པོའི་ཤོག་དྲིལ་བཞུགས་སོ༔ དཔལ་ཆེན་པོ་པདྨ་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ རབ་ཏུ་གསང་བའི་གདམས་པ་གབ་ཡིག་འདིའི་དོན་ནི༔ གྲོ་ག་ཤོག་བུ་དར་རས་སོགས་གང་རུང་ལ་གཙོ་འཁོར་ཐམས་ཅད་ཀྱི་ཙཀ་ལི་རྩེ་སོར་བཞི་པ་གྲུ་བཞི་བར་བཅད་དེ་བྲི༔ ཚོན་རང་མདོག་ལྟར་བྱུགས༔ གནས་གསུམ་འབྲུ་གསུམ་ཧཱུྃ་གི་ཧ་ཁོག་གི་ནང་དུ་གཙོ་འཁོར་སོ་སོའི་སྲོག་ཡིག་གསེར་རམ་རྒྱ་མཚལ་རྒྱ་སྣག་གིས་བྲིས་པ་དར་ཚོན་རྣམ་ལྔ་ལྟོ་འཕྱེའི་གཡང་གཞི་སྟག་གི་ཐོད་རུས་ཞིང་ལྤགས་ཀྱི་ཁུག་མ་ཟུར་གསུམ་པའི་ནང་དུ་བསྡམས༔ སྐུ་རྣམས་དར་ཚོན་གྱིས་དྲིལ་ནས་ཞིང་གི་པགས་པས་ཕྱི་ནས་བསྡམས་ལས་གཞུང་བསྲང་བགེགས་བསྐྲད་བསྐྱེད་རིམ་གསལ༔ ལྷ་ཚོགས་དངོས་དང་བླ་རྡོར་བསྒོམ་ཞིང་རབ་ཏུ་གནས་ཤིས་པ་བརྗོད་བསྙེན་སྔགས་ཀྱི་དྲོད་ཀྱིས་གླན་ཏེ་ལུས་ལ་བཅངས༔ བསྒྲུབ་དུས་གཏོར་མར་འཛུགས་བླ་རྡོ་བཟུང་བའི་གབ་ཡིག་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྟེགས་བུ་གྲུ་བཞི་པའི་དཀྱིལ་དུ་མཐུར་ལ་ཧོམ་ཁུང་འབྲུ་ཞིང་ལིངྒ་གཞུག་རི་རབ་ཟུར་གསུམ་ཁོང་སེང་ཅན་བུམ་པ་ཟླུམ་པོ་བང་རིམ་གསུམ་པར་རྩང་ཉེར་གཅིག་གིས་བརྒྱན༔ སྡེ་བརྒྱད་གཏོར་མ་སྟེགས་བུའི་ཕྱོགས་མཚམས་སུ་འགོད་པར་བྱའོ༔ བཅའ་བཞི་ལག་ལེན་གྱི་གབ་ཡིག་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བནྡྷེ་ལ་སྦལ་པ་བོན་པོ་ལ་ཕག་མི་སྐྱ་ལ་སྡིག་པ་ནག་པོའི་གཟུགས་གྲོ་ག་འམ་ཤོག་བུ་ལ་བྲིས་པའི་ལྟེ་བར་ནྲི་ཛཿགྲམ་ཐ་མར་བྱད་མ་དགྲ་བགེགས་དུ་ཡོད་ཀྱི་མིང་ལ་འགུགས་སྔགས་སམ་ཁུག་ཅིག་མྱུར་དུ་ཁུག་བྱ་བ་སོགས་སྦྱར་བ་བྲིས་ཤིང་གཟུགས་ཀྱི་ཕྱི་རོལ་ནས་སྡེ་བརྒྱད་ཀྱི་སྔགས་དང་དམོད་བཅོལ་སྣ་ཚོགས་ཛཿགྲམ་དང་བཅས་པས་བསྐོར༔ དེ་ལྷ་དབྱེ་ལིངྒ་དང་མཉམ་དུ་ལྟེབ་བྱད་ཐག་གིས་བསྡམ་པ་ལིངྒའི་གབ་ཡིག་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བོན་པོ་ལ་སྲིན་བྱའི་ཐོད་པ་བནྡྷེ་ལ་ཕོ་རོག་གི་ཐོད་པ་སྐྱེ་བོ་ལ་གྲི་ཐོད་ཡང་ན་མཆེ་བ་ཅན་གྱི་ཐོད་པ་སོགས་གང་ཡང་རུང་མནན་པ་རྒྱག་དུས་མཆོད་རྟེན་ནག་པོའི་ནང་ཚ་ཚ་འགོ་ཞབས་བཟློག་སྟེ་བཀང་བས་ཐོད་ལིང་གི་སྟེང་ནས་མནན་པར་བྱའོ༔ མནན་པའི་གབ་ཡིག་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལིངྒ་གཅིག་གོང་བཞིན་བཟོས་ནས་འདུག་པའི་དུས་རང་གཤིན་རྗེ་ནག་པོ་གཅིག་ཏུ་བསྒོམས་པའི་འོག་ཏུ་དགྲ་བོ་བྱད་མ་ཐམས་ཅད་ནེམ་གྱིས་མནན་པར་བསམས་ཤིང་བསད་སྔགས་བཟླས༔ འགྲོ་བའི་དུས་སུ་ལྷམ་གཡོན་པའི་ནང་དུ་ལིངྒ་བཅུག་ཅིང་རང་ཉིད་ལྷ་ཆེན་ནག་ལ་འཇིགས་ཤིང་བརྔམ་བ་ཞིག་གི་སྐུ་སྨད་གནམ་ལྕགས་ཀྱི་ཕུར་བུས་ལམ་ལྕགས་འསྲེགས་འབར་བའི་ས་གཞི་ལ་འཛེར་བས་བྱད་མ་དགྲ་བགེགས་ཐམས་ཅད་མེ་ལྕེ་ཁའི་སྦྲང་བུ་ལྟ་བུར་དམིགས་ཤིང་བསད་སྔགས་བཟླས་པ་བསད་པའི་གབ་ཡིག་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མན་ངག་གསང་བའི་དུག་མདའ་ནག་པོ་འདི་བུ་ལ་སྤེལ་ཡང་མནའ་རྒྱ་ལན་གསུམ་བཏབ་སྟེ་སྤེལ་ལོ༔ ཤིན་ཏུ་གསང་བར་བྱའོ༔ ཡང་དག་པའི་མན་ངག་ཟབ་མོ་པདྨ་བདག་གི་སྙིང་ཐིག་མ་འོངས་བསྟན་འགྲོའི་བཙས་སུ་བཞག་པ་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ན་ར་ཀན་རྒྱ༔ དམ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱལ་ཁམས་པ་ཉི་མ་གྲགས་པས་སྲིང་མོ་རྫོང་གི་ནུབ་སྒོ་ནས་གདན་དྲངས་པའོ། །མངྒ་ལཾ།། །།


previousགབ་ཡིག་དུག་མདའ་ནག་པོའི་ཤོག་དྲིལ།next