Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མ་འོངས་ལུང་བསྟན་གྱི་ཤོག་དྲིལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམ་འོངས་ལུང་བསྟན་གྱི་ཤོག་དྲིལ།next

མ་འོངས་ལུང་བསྟན་གྱི་ཤོག་དྲིལ།

རྟ་མགྲིན་དྲེགས་པ་ཟིལ་གནོན་ལས༔ མ་འོངས་ལུང་བསྟན་གྱི་ཤོག་དྲིལ་བཞུགས་སོཿ དབང་ཆེན་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ དེ་ཡང་ཆོས་འཁོར་དཔལ་གྱི་བསམ་ཡས་ཀྱི་ཨཱརྱ་པ་ལོའི་གླིང་དུ་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་གདམས་པ་རྣམས་གུ་རུ་རིན་པོ་ཆེས་བདག་ཅག་རྣམས་ལ་གནང་བའི་དུས་སུ༔ བདག་ཁྲི་སྲོང་ལྡེའུ་བཙན་གྱིས་བླ་གཡུ་ནོར་བུ་འོད་འབར་སོགས་རིན་པོ་ཆེའི་ནོར་སྣ་མང་པོ་ཕུལ༔ སྐུ་ལ་ཟ་འོག་གི་བེར་གསོལ་རོ་བདའ་བའི་བཟའ་བཏུང་མང་པོའི་ཚོགས་འཁོར་དང་བཅས་གུ་རུ་རིན་པོ་ཆེ་ལ་འདི་སྐད་ཞུས་སོ༔ གུ་རུ་རིན་པོ་ཆེ་ཁྱེད་ནི་རྒྱལ་བ་ཐམས་ཅད་འདུས་པའི་དབང་པོ་སྟོན་པའི་རྒྱལ་ཚབ་ཆེན་པོ༔ ཡང་དག་པར་ལུང་བསྟན་པའི་སངས་རྒྱས་ཆེན་པོ༔ ཁྱེད་ཀྱིས་དུས་གསུམ་གྱི་བྱེ་བྲག་ཐམས་ཅད་མངོན་སུམ་དུ་མཁྱེན་འདུག་པས༔ དཀོར་སྲུང་གིས་བདག་བསླུས་ཏེ་ཞུ་བ་ཕུལ་བས་རྟེན་འབྲེལ་གྱི་གནད་ཆེན་པོ་འཆུགས་ནས༔ ཧོམ་ཁུང་ནས་ཤོར་བའི་རླུང་འཚུབ་གཟའ་ཀླུ་རྒྱལ་པོ་སོགས་ཡིན་གསུངས་པའི་འདུལ་ཐབས་སུ༔ དབང་ཆེན་སྒྲུབ་པའི་གདམས་པ་ཟབ་མོ་འདིའི་རིམ་པ་བདག་ཅག་རྣམས་ལ་སོ་སོར་སྨོན་ལམ་གྱི་གཏད་རྒྱ་མ་འོངས་ཕྱི་མའི་དོན་དུ་གནང་ནས༔ བོད་ཁམས་ཀྱི་འགྲོ་བ་སྡུག་བསྔལ་ལས་སྐྱོབ་ཏེ་དྲེགས་ཚོགས་ཐམས་ཅད་ཟིལ་གྱིས་གནོན་ནས༔ འགྲོ་དོན་དུས་བབས་སུ་བདག་གཞན་གྱི་དོན་འབྱུང་བའི་ལུང་བསྟན་བཅས་པ་བདག་ཅག་རྣམས་ཐུགས་ལ་འདོག་པར་ཞུ་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ རྒྱལ་པོ་ཁྱོད་ཀྱི་དེ་རྣམས་ཞུས་པ་ཤིན་ཏུ་ལེགས༔ ཁ་སང་བར་ཆད་ཆེ་བའི་དབང་གིས་མ་འོངས་པ་ན་གཟའ་ཀླུ་རྒྱལ་གསུམ་གྱིས་སྐྱེ་འགྲོ་ལ་རབ་ཏུ་འཚེ་བ་དང་གནོད་པ་འབྱུང་ཡང་༔ ཁྱེད་ལས་ལྡན་གྱི་རྗེ་འབངས་རྣམས་ཀྱི་སྤྲུལ་པས་འགྲོ་དོན་ནམ་ཡང་བྱེད་པ་འོང་༔ དེ་ཐམས་ཅད་བདག་གི་སྨོན་ལམ་གྱི་མཐུ་ཡིན༔ ཁྱད་པར་མི་རྣམས་བཞི་བཅུ་ཁ་རལ་སུམ་ཅུར་ཉེ་བའི་དུས༔ ལྷ་འདྲེ་མི་གསུམ་དུག་ཆུ་ལྟར་ཁོལ་ཞིང་ངན་སྤྱོད་འབའ་ཞིག་དུག་ཏུ་གཡོ་སྟེ༔ གཡོ་ཟོག་ཁྲམ་གསུམ་གྱི་འཁོར་ལོ་བསྐོར་ནས༔ བོད་ཡུལ་གྱི་རྡོ་རྗེ་གདན་གསུམ་དང་སྒྲུབ་གནས་ཐམས་ཅད་ཉམས་ཤིང་བོད་ཁམས་མྱ་ངན་གྱི་འདམ་ལ་ལྷུང་བའི་དུས་སུ༔ ཁྱེད་རྒྱལ་པོ་ཡབ་སྲས་ཀྱི་སྐྱེ་བས་བོད་ཁམས་ཀྱི་འགྲོ་བ་སྐྱོང་བ་དང་༔ དབང་ཆེན་སྒྲུབ་པའི་གདམས་པ་ཟབ་མོ་འདི་ཡང་༔ ཇོ་མོ་མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབ་ལ་ཆོས་འཁོར་འདིའི་བྱང་ཤར༔ དཔལ་གྱི་ལྷ་སའི་ཤར་ཕྱོགས་སྲིང་མོ་རྫོང་གི་ནུབ་སྒོ་མེ་འབར་དབང་གི་ཕུག་པར༔ སྲུང་མ་གྲི་བཙན་དམར་པོ་ལ་བཅོལ་དང་༔ འཁོན་ཀླུའི་དབང་པོའི་སྐྱེ་བ་ཁམས་པ་ཉི་མ་གྲགས་པས་འབྱིན་ཅིང་༔ གངས་ལྗོངས་ས་ལ་དབང་བའི་བདག་པོས་པདྨ་བདག་དང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་སོ་སོར་འབྱུང་བ་ལེགས་པར་བརྟག་ཅིང་དབྱེར་མེད་གཅིག་ཏུ་གསོལ་བ་བཏབས་ནས་རྟེན་འབྲེལ་གྱི་གནད་རྣམས་མ་ཉམས་ན༔ མདོ་སྔགས་ཀྱི་སྲོལ་ཁ་རྒྱས་ཤིང་ཀུན་ཀྱང་བདེ་བ་ལ་སྤྱོད་པའི་དུས་ཡོང་གསུངས་པ་དང་༔ བདག་མཚོ་རྒྱལ་གྱིས་གསེར་གྱི་གདུ་བུ་དངུལ་གྱི་མེ་ལོང་སོགས་རིན་པོ་ཆེའི་མཎྜལ་མང་པོ་དང་བཅས་འདི་སྐད་ཞུས་སོ༔ ཀྱེ་གུ་རུ་རིན་པོ་ཆེ་ལགས་བོད་སྡུག་བསྔལ་ལ་སྤྱོད་ཅིང་ས་གནད་རྣམས་ཉམས་གཟའ་ཀླུ་སོགས་ཀྱི་གདོན་རྣམས་དར༔ གཡོ་ཟོག་གི་འཁོར་ལོ་ཡང་བསྐོར་ཏེ་ལྷ་མི་ཐམས་ཅད་དུག་མཚོ་ལྟར་ཁོལ་བའི་དུས་ངན་པ་འབྱུང་གསུང་བའི་དུས་སུ༔ རྒྱལ་པོ་ཡབ་སྲས་སོགས་རྗེ་འབངས་ཀླུ་དབང་གུ་རུ་རིན་པོ་ཆེ་ཐུགས་རྗེ་ཆེན་པོ་སོགས་ཀྱི་སྤྲུལ་པས་འགྲོ་བའི་དོན་བྱེད་གསུངས་པའི་རིམ་པ་རྣམས་གསལ་བར་རྩལ་དུ་གསོལ་ལོ༔ ཞིབ་པར་གསུང་དུ་གསོལ་ལོ༔ དུས་གསུམ་མཁྱེན་པས་བསྟན་འགྲོའི་དོན་དུ་ཞིབ་པར་གསུང་དུ་གསོལ་ལོ་ཞེས་ཞུས་པས་བཀའ་སྩལ་པ༔ ཉོན་ཅིག་འདིར་ཚོགས་བོད་ཀྱི་སྐལ་ལྡན་རྣམས༔ ལྷག་པའི་ལྷ་མཆོག་རྟ་ཕག་ཡབ་ཡུམ་འདི༔ བདག་གི་ཡི་དམ་ལྷ་ཡི་ལྷ་མཆོག་སྟེ༔ བརྗོད་པར་དཀའ་ཞིང་སྤེལ་བར་ཕངས་ན་ཡང་༔ ཆོས་རྒྱལ་འཁོར་ཚོགས་སྐུ་ངོ་ཆེ་བ་དང་༔ དུས་གསུམ་འགྲོ་བའི་དོན་བསམས་ལེགས་པར་གདམས༔ འདི་ལྟའི་གདམས་པ་སྙིང་གི་ནོར་བུ་འདི༔ འདྲ་ཙམ་མི་འདྲ་རྣམ་པ་ལྔར་ཕྱེ་ལ༔ ཇོ་མོ་མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབ༔ བོད་ཁམས་ཕྱོགས་བཞི་དབུས་དང་ལྔ་ལ་སྦོས༔ སྐབས་དང་སྐབས་སུ་མཐོང་སྐར་ཉི་མ་བཞིན༔ ང་ཡི་སྤྲུལ་པས་རིམ་བཞིན་འགྲོ་དོན་བྱེད༔ ཁྱད་པར་དྲེགས་པ་ཟིལ་གནོན་གདམས་པ་འདི༔ ཤར་ཕྱོགས་མཐོན་པོ་ཁམས་ཀྱི་སྲིང་རྫོང་གི༔ ནུབ་སྒོར་རྒྱས་ཐོབ་སྲུང་མར་ལེགས་པར་བཅོལ༔ དེ་ནས་མ་འོང་བོད་ཀྱི་སྐྱེ་འགྲོ་རྣམས༔ མྱ་ངན་མུན་པར་འཐོམས་དུས་འགྲོ་དོན་ཆེ༔ ཆོས་རྒྱལ་ཡབ་སྲས་རྗེ་འབངས་ཁྱེད་རྣམས་ཀྱང་༔ བཅུ་གཉིས་གླིང་དང་འགྲོ་དྲུག་གང་དུ་ཡང་༔ འགྲོ་བའི་དོན་ཆེན་དུས་གསུམ་ཀུན་ཏུ་སྤྱོད༔ ཁྱད་པར་ད་ལྟའི་རྟེན་འབྲེལ་སྨོན་ལམ་གྱིས༔ མ་འོངས་བསྐལ་ཞབས་བཞི་བཅུའི་མར་འགྲིབ་ལ༔ ལྷ་ཡི་མེ་ཏོག་ཟ་ཧོར་ཚལ་དུ་འབབས༔ དེ་ལ་འདྲ་མིན་གཅིག་འབྱུང་མ་ནོར་ན༔ རྒྱ་མཚོའི་མིང་ཅན་འཕྲིན་ལས་ཕྱོགས་བཅུར་ཁྱབ༔ རྒྱལ་པོ་ཉིད་ཀྱི་སྤྲུལ་པ་རྣམ་ལྔ་ཡི༔ སྐུ་ཡི་བྱ་ར་གསུང་གི་བཀའ་སྡོད་དང་༔ ཐུགས་ཀྱི་དགྱེས་སྡེ་བཀའ་ཡི་འཕྲིན་ལས་སྒྲུབ༔ རྒྱལ་རིགས་ཆེ་བའི་ཡོན་ཏན་ལྔ་ཡིས་སྤྲས༔ སྐུ་དབྱིབས་ཞི་མ་ཁྲོ་ལ་ངང་རྒྱུད་དལ༔ ཁོང་ཡངས་བློ་ཆེ་ཤེས་ཞིབ་བཀའ་བཙན་ཞིང་༔ ཟུང་ཐུབ་མཐུ་སྟོབས་སྦྱངས་པ་རབ་ཏུ་ཆེ༔ རྒྱལ་སྲིད་སྣ་བདུན་དཔལ་གྱི་དབང་དང་ལྡན༔ རྗེའུ་རིགས་རྒྱལ་པོས་མ་རུངས་ཟིལ་གནོན་འདུལ༔ བཟང་ལ་ལེགས་སྦྱིན་ངན་ལ་སུན་ཡང་ཕྱུང་༔ ཆོས་དང་ཆོས་མིན་ཤན་འབྱེད་མདོ་སྔགས་སྐྱོང་༔ རྒྱལ་པོའི་ཁྲིམས་ལྕི་ཆོས་ཀྱི་བཀའ་རྒྱ་དམ༔ གནས་གཞི་སྡེ་དགོན་ལ་ལུང་བནྡྷེས་འགང་༔ གསང་སྔགས་ལྕང་ལོའི་བསྟན་པ་ཕྱོགས་མཐའ་གསལ༔ གཡོ་ཐོག་གཉིས་ཀྱི་བཀའ་སྡུད་ཀྱལ་ལ་འཕུད༔ བྱང་མི་འདུལ་སྐྱོང་གནམ་སའི་བདག་པོ་བྱེད༔ སྐུ་ཡི་ཕྱག་ཚང་མཐའ་ལ་ལྷ་སྲས་འདི༔ སྤྲུལ་པ་བྱང་ཆུབ་སེམས་དཔའ་བློ་ཆེན་ལྡན༔ འགོང་སྤྲུལ་གཅིག་གི་བར་ཆད་མ་ཞུགས་ན༔ བོད་ཀྱི་སྐྱིད་མགོ་བསྟན་འགྲོའི་མགོན་དུ་འཆར༔ དཔལ་འབྱོར་དབང་བཅུས་ཕྱུག་ཅིང་ཆོས་འདི་འཕྲད༔ ངེས་འབྱུང་དག་སྣང་མོས་པ་འཕེལ་བ་འོང་༔ དེ་ཚེ་འཁོར་དུ་བཟང་སྤྱོད་ངན་བཤོམས་པའི༔ དམ་སྲི་སྤུན་བདུན་མི་མིན་མི་རུ་བརྫུ༔ འཕུང་ཐབས་གཡོ་སྐོར་སྟོད་སྨད་མཐའ་མི་གཡབ༔ རེ་སྡེ་མགོ་ཉག་སྤྲུལ་པ་དཔལ་གྱི་མིང་༔ སྣ་རིང་གླང་གདོང་སྤྲུལ་པ་དགའ་བའི་མིང་༔ ཀྲི་ཏི་བྱ་གདོང་སྤྲུལ་པ་རྟ་ཡི་མིང་༔ ཤྭ་རི་སྟག་གདོང་སྤྲུལ་པ་འཕགས་པའི་མིང་༔ དུན་ཏི་ཁྱི་གདོང་སྤྲུལ་པ་ཚེ་ཡི་མིང་༔ མུ་ཁ་འུག་གདོང་སྤྲུལ་པ་ནོར་གྱི་མིང་༔ ཀྲོ་ཏ་གློག་འཛིན་སྤྲུལ་པ་ངག་གི་མིང་༔ ཧོར་སོག་དབུས་གཙང་ལྷོ་ཀོང་ཁམས་ནས་ཡོང་༔ གཞན་ཡང་བདུད་འགོང་སྤྲུལ་པ་མང་འབྱུང་ཡང་༔ མདོ་སྔགས་བསྟན་ལ་གུས་དང་སྲུང་མ་མཆོད༔ ལས་བཞིའི་འཕྲིན་ལས་ང་ཡི་བཀའ་བཞིན་སྒྲུབས༔ གནས་དགོན་གཙུག་ལག་གསོ་དང་བཀའ་བསྟན་སྒྲོགས༔ རི་རྒྱ་རླུང་རྒྱ་སེམས་ཅན་སྲོག་མགོ་ཐོན༔ མཐའ་འདུལ་ཡང་འདུལ་མཐའ་དབུས་ཞིག་རལ་སྲུབས༔ ཚེས་བཅུ་བསྐང་བཤགས་མ་ཎིའི་ཐུན་ཁ་ཚུགས༔ ཡུལ་ལྷ་ཟོ་དོར་དགྲ་ལྷ་དཔའ་བསྟོད་འབུངས༔ བོད་ཀྱི་རྡོ་རྗེ་གདན་གསུམ་ལྷ་ཁང་གསོ༔ ཀླུ་མཆོད་སྙིང་གཏེར་མཐའ་དབུས་ཀུན་ལ་སྦ༔ འདི་ལྟར་བསྟན་འགྲོའི་འབད་པ་རྔོ་ཐོགས་ན༔ མཆོག་གསུམ་ཐུགས་རྗེ་བདག་ཉིད་བྱིན་རླབས་མཐུས༔ བདུད་སྤྲུལ་རྣམས་ལ་ལ་ཉེ་ངན་འཚང་རྡོལ༔ རང་རང་སྤྱོད་པས་བརྟག་བསླ་ཀྱལ་ལ་འབུད༔ མཐའ་མི་ནང་འཁྲུག་གཅིག་བསྟན་གཅིག་བརླག་འཐོར༔ བོད་ཡུལ་འགྲོ་བ་བདེ་སྐྱིད་ནམ་ལང་འགྱུར༔ ཅེས་གསུངས་པའི་ཚེ་བུད་མེད་བདག་གིས་ཕྱག་འཚལ་ཐལ་མོ་སྦྱར་ཏེ་ཞུས་པ༔ གུ་རུ་རིན་པོ་ཆེ་ལྷ་སྲས་ཀྱི་སྤྲུལ་པས་བོད་ཀྱི་སྐྱིད་མགོ་འཛིན་གསུང་བའི་བྱང་ཆུབ་སེམས་དཔའ་དེས་བཀའ་བཞིན་བསྒྲུབས་ན་བདུད་འགོང་གི་སྤྲུལ་པ་རྣམས་ཀྱིས་མི་ཚུགས་གསུངས་པ་དེ་ཐུགས་རྗེ་ཆེ་ལགས༔ དེ་དུས་ཀྱི་བདུད་ཚོགས་དེ་རྣམས་ཀྱི་འཇིགས་པ་ལས་བོད་ཀྱི་རྒྱལ་འབངས་རྣམས་ཁྱེད་ཀྱི་ཐུགས་རྗེས་སྐྱབ་ཏུ་གསོལ་ལོ༔ གུ་རུ་རིན་པོ་ཆེ་འོ་ན་ལྷ་སྲས་ཀྱི་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་ལ་དཔུང་གཉེན་དུ་གྱུར་པའི་འབངས་འཁོར་སོགས་ཅི་འདྲ་འབྱུང་ལགས་ཞུས་པས་བཀའ་སྩལ་པ༔ ཉོན་ཅིག་མཚན་ལྡན་ལྷ་མོ་ཡིད་འོང་མ༔ ང་ཡི་ཐུགས་སྲས་ལྷ་སྲས་སྐྱེ་བའི་མཐའ༔ བྱང་ཆུབ་སེམས་ལྡན་སངས་རྒྱས་མཚན་ཅན་དེ༔ འགྲོ་ལ་བརྩེ་ཞིང་སྙིང་རྗེ་ཆེར་ལྡན་པས༔ མངའ་ཐང་རྒྱས་ཤིང་སྐྱེ་འགྲོ་དབང་དུ་འདུ༔ ཕ་རོལ་དགྲ་ཟླ་ཕལ་ཆེར་བྱམས་གྲོགས་འདུད༔ ཚད་མེད་བཞི་ཡི་མོས་གུས་སེམས་ལྡན་པས༔ རིགས་གསུམ་སྤྲུལ་པའི་བླ་མས་གཙུག་རྒྱན་བྱེད༔ ཚོགས་བརྒྱད་འཛིན་པ་དག་པའི་བདེན་སྟོབས་མཐུས༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་རྣམ་འཕྲུལ་གྱི༔ བཀའ་ཡི་རྟགས་འཆང་བསྟན་པ་འཛིན་སྐྱོང་སྤེལ༔ ཡུལ་བརྒྱད་ཞེན་པ་བྲལ་བའི་རང་བཞིན་གྱི༔ བྱང་ཆུབ་སེམས་མ་བརྒྱད་ཀྱི་རང་རྩལ་འཕྲུལ༔ སྐུ་ཡི་བྱ་ར་གསུང་གི་མངགས་གཞུག་དང་༔ ཐུགས་ཀྱི་དགྱེས་བསྐང་ཕྱག་ཚང་གཡོས་ཀྱིས་མཆོད༔ ཚོགས་བསགས་སྒྲིབ་གཉིས་དག་པའི་རང་འོད་ལས༔ སྒྲོལ་མ་མཆེད་གཉིས་སྤྲུལ་པས་འབྱུང་འཁྲུགས་སེལ༔ རང་དབང་མཐར་ཕྱིན་གཞན་དབང་མངོན་གྱུར་པས༔ རྟ་མགྲིན་སྤྲུལ་པའི་སྲས་ཀྱིས་བསྟན་འགྲོ་སྐྱོབ༔ རླབས་ཆེན་སྦྱིན་པའི་བསོད་ནམས་དཔུང་འཐུག་པས༔ ལྷ་མིའི་སྐྱེ་འགྲོ་མཆོད་སྦྱིན་བྱ་དགས་ཚིམས༔ སྦྱངས་སྟོབས་ཤེས་རབ་ཟབ་མོའི་ཀློང་རྡོལ་བས༔ གནས་ལྔའི་སྒྲོ་འདོགས་མཐའ་རུ་གསལ་བར་བྱེད༔ རང་རྒྱུད་དག་པའི་སྣང་བ་རྒྱས་པ་ཡིས༔ གཞན་རྒྱུད་གྲུབ་མཐའི་རིས་ཆུང་ཕྱོགས་མེད་མཆོད༔ བརྩོན་འགྲུས་དཔའ་བའི་དཔག་བསམས་ཤིང་རྒྱས་པས༔ དགེ་བཅུའི་བསྟན་པའི་ཁུར་ཆེན་ཡང་དག་འཆང་༔ རིམ་གཉིས་སྦྱངས་པའི་ཏིིང་འཛིན་ལས་རུང་བས༔ སྣང་སེམས་དབང་སྒྱུར་གསང་སྔགས་བསྟན་པ་སྐྱོང་༔ ཚེ་རབས་སྦྱངས་པའི་བདེན་སྟོབས་ཏིང་འཛིན་གྱིས༔ སྐབས་དེར་གཞན་རྒྱུད་ཚེ་འདིའི་ལེགས་ཉེས་གསལ༔ རང་ལོའི་ཁམས་ཀྱི་འབྱུང་དགྲའི་བཞི་བཅུ་དང་༔ ང་ལྔ་ང་དྲུག་དྲུག་ཅུའི་དགུ་མིག་འཕྲང་༔ གསུམ་ལས་སྒྲོལ་ན་བདུན་ཅུར་ཚེ་ཡང་བརྟན༔ དེ་འདྲའི་སྐྱེས་མཆོག་སྙིགས་མའི་དུས་སུ་འབྱུང་༔ ཞེས་གསུངས་པས་སླར་ཡང་འདི་སྐད་ཞུས་སོ༔ གུ་རུ་རིན་པོ་ཆེ་ཁྱེད་དང་ཐུགས་རྗེ་ཆེན་པོ་རྗེ་འབངས་རྣམས་ཀྱི་སྤྲུལ་པ་ཡང་འབྱོན་གསུངས་པ་སོགས་ཀྱི་རིམ་པ་རྣམས་ཀྱང་གསུང་དུ་གསོལ་བདག་གིས་ཤོག་སེར་དུ་འདེབས་པ་ཡིན་ལགས་ཞུས་པས༔ གུ་རུ་རིན་པོ་ཆེས་བཀའ་སྩལ་པ༔ ཉོན་ཅིག་སེམས་བསྐྱེད་ལྡན་པའི་སྐལ་ལྡན་མ༔ མ་འོངས་བསྐལ་མཐའ་བཞི་བཅུའི་མར་འགྲིབ་དེར༔ སངས་རྒྱས་བྱང་སེམས་སྤྲུལ་པ་མང་པོ་འབྱུང་༔ ཨོ་རྒྱན་ང་སྤྲུལ་ཉི་མའི་ཟེར་དང་མཚུངས༔ སྟོང་གསུམ་འགྲོ་དྲུག་འཛམ་གླིང་ཡོངས་ལ་ཁྱབ༔ དག་དང་མ་དག་སྣ་ཚོགས་གཟུགས་སུ་འོང་༔ སྤྲུལ་པ་སྣ་ཚོགས་འགྲོ་བ་ཐབས་ཀྱིས་འདུལ༔ ཁྱད་པར་དུས་དེར་བདག་གི་མཆོག་སྤྲུལ་ནི༔ བཻ་རོའི་སྐྱེ་མཐའ་ཆོས་གླིང་རིག་འཛིན་མཚན༔ ཆེ་བའི་ཡོན་ཏན་དུ་མས་བརྒྱན་པ་འོང་༔ སྨོན་ལམ་སྟོབས་ཀྱི་ས་ཡི་དབང་ཕྱུག་དང་༔ ལེགས་ཚོགས་འགྲིག་ཅིང་བར་ཆད་མ་བྱུང་ན༔ བོད་འབངས་བདེ་བའི་རྩ་ལག་རབ་ཏུ་རྒྱས༔ ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་བུ༔ འཁོན་པ་ཀླུ་དབང་སྐྱེ་མཐའ་ཉི་མ་གྲགས༔ ཁམས་ནས་འབྱུང་ཞིང་ཟབ་མོའི་ཁ་བྱང་འཆང་༔ འདི་གཉིས་པད་འབྱུང་ཐུགས་རྗེ་ཆེན་པོའི་སྤྲུལ༔ དབྱེར་མེད་གསོལ་བ་བཏབ་ན་ལེགས་ཚོགས་འཕེལ༔ བདུད་འཇོམས་སྤྲུལ་པ་རྡོ་རྗེ་བྲག་ནས་འབྱུང་༔ མཆོག་དབྱངས་སྤྲུལ་པ་ཁ་རིའི་འདབས་ནས་འབྱུང་༔ ལ་སྱའི་སྤྲུལ་པ་ང་ལའི་ཞོལ་ནས་འབྱུང་༔ དཔལ་དབྱངས་སྤྲུལ་པ་འཇང་གི་ཕྱོགས་ནས་འབྱུང་༔ མཚོ་རྒྱལ་སྤྲུལ་པ་དཔལ་གྱི་རི་ནས་འབྱུང་༔ འདི་ལྔ་ས་གནས་བྱང་ཆུབ་སེམས་དཔའ་ལྔ༔ གདམས་པ་ཉམས་བླངས་བདག་གཞན་དོན་དང་ལྡན༔ དཔལ་བརྩེགས་སྤྲུལ་པ་རྩེ་གདོང་ཕྱོགས་ནས་འབྱུང་༔ ལེགས་གྲུབ་སྤྲུལ་པ་རོང་བྱམས་ཕྱོགས་ནས་འབྱུང་༔ འཇམ་དབྱངས་སྤྲུལ་པ་ཡར་ཀླུངས་ཕྱོགས་ནས་འབྱུང་༔ ནམ་སྙིང་སྤྲུལ་པ་ལ་ཡག་ཕྱོགས་ནས་འབྱུང་༔ བོ་དྷིའི་སྤྲུལ་པ་གཙང་རོང་ཕྱོགས་ནས་འབྱུང་༔ སྤྱན་གཟིགས་སྤྲུལ་པ་ས་སྐྱའི་ཕྱོགས་ནས་འབྱུང་༔ འདི་རྣམས་མོས་གུས་ལྡན་པའི་བུ་བདུན་ཏེ༔ གདམས་པ་ཉམས་བླངས་དངོས་གྲུབ་རྣམ་གཉིས་འཐོབ༔ ཁམས་ནས་བློ་གྲོས་མིང་ཅན་དང་༔ ཆབ་མདོར་འཕགས་པའི་མིང་ཅན་དང་༔ སྡེ་དགེར་བཀྲ་ཤིས་མིང་ཅན་དང་༔ ཉང་ནས་དཀོན་མཆོག་མིང་ཅན་དང་༔ རོང་ནས་ཚེ་ཡི་མིང་ཅན་དང་༔ ལ་སྟོད་དཔལ་གྱི་མིང་ཅན་དང་༔ བྱང་ནས་སྐྱབས་ཀྱི་མིང་ཅན་དང་༔ ཡར་འབྲོག་དབང་གི་མིང་ཅན་དང་༔ གཡོན་རུར་ངག་གི་མིང་ཅན་ཏེ༔ དངོས་གྲུབ་ཐོབ་པའི་བུ་མཆོག་དགུར༔ གདམས་པ་ཐོབ་དང་དོན་དང་ལྡན༔ རྨ་ཐོག་རྩེ་མང་ལྷ་དཔལ་དང་༔ ཁྱེའུ་ཆུང་ལོ་ཙཱ་དཔལ་དབྱངས་དང་༔ རྒྱལ་བའི་བློ་གྲོས་དྲན་ནམ་པ༔ འོ་བྲན་དཔལ་གྱི་ཡེ་ཤེས་སོགས༔ རིག་འཛིན་རྣམས་ཀྱི་སྤྲུལ་པ་ཡིན༔ གཞན་ཡང་ད་ལྟ་འབྲེལ་ཐོགས་རྣམས༔ མ་འོངས་དུས་དེར་ཆོས་འདིར་མོས༔ བསྐྱེད་རྫོགས་དྲོད་ཐོབ་མང་དུ་འབྱུང་༔ སུ་འཕྲད་བར་ཆད་འཕྲང་ལས་འགྲོལ༔ ཅེས་གསུངས་པའི་ཚེ་བུད་མེད་བདག་གིས་གུས་པའི་ཕྱག་འཚལ་མོས་པའི་ཐལ་མོ་སྦྱར་ནས་ཞུས་པས༔ གུ་རུ་རིན་པོ་ཆེ་ཟབ་ཆོས་འདིའི་ཆོས་བདག་སོགས་ཀྱི་ལུང་བསྟན་གནང་བ་ཐུགས་རྗེ་ཆེ་ལགས༔ དུས་ངན་བཞི་བཅུའི་ཡང་མར་ཞབས་ངན་པ་དེར་བདུད་འགོང་རྣམས་ཀྱི་སྤྲུལ་པས་སྟོད་སྨད་ཀྱི་མཐའ་མི་གཡབ་གསུངས་པ་དེའི་ངན་པའི་རྟེན་འབྲེལ་འདྲ་འགྲིག་ན་ཕྱི་ནང་གི་དུས་རྟགས་སོགས་འབྱུང་ངམ་མི་འབྱུང་༔ གཟུགས་ཅན་ཀྱི་བདུད་སྤྲུལ་དེ་རྣམས་ལ་གཟུགས་མེད་ཀྱི་རོགས་དན་འདྲ་ཡོད་དམ་མེད་ལགས་ཞུགས་པས༔ བཀའ་སྩལ་པ༔ ཉོན་ཅིག་སེམས་བསྐྱེད་ལྡན་པའི་དད་ལྡན་མ༔ སྟོང་གསུམ་འཇིག་རྟེན་འདི་འོག་རྒྱ་མཚོ་ཆེ༔ སྣོད་བཅུད་ཆགས་དུས་གཡས་འཁོར་ཡར་འཕེལ་ཞིང་༔ འབྱུང་བཞིའི་ཁམས་དང་བཅུད་འབྲས་དར་རྒྱས་སྨིན༔ ས་དང་རྒྱ་མཚོ་འབྲེལ་ཉེ་དྲོད་རླངས་བཟང་༔ དེ་དུས་དུས་སྙིགས་བསྐལ་པ་ཞན་པའི་ཚེ༔ རྒྱ་མཚོ་གཡོན་འཁོར་ས་དང་འབྲེལ་ཐག་རིང་༔ འབྱུང་བ་ཐམས་ཅད་མར་འབྲི་རིམ་གྱིས་རྒུད༔ ཉི་ཟླ་རྒྱུ་སྐར་གྲལ་གཡོ་ཐུར་ལ་ལྷུངས༔ བསིལ་དྲོད་མི་སྙོམས་འབྱུང་འཁྲུག་ལྷག་ཆད་ཆེ༔ ནང་བཅུད་སེམས་ཅན་ཚོར་བ་ཇེ་རགས་འགྲོ༔ དུག་ལྔའི་ཡོ་ལང་མཚམས་མེད་ལས་ལ་སྤྱོད༔ དེ་ཡི་དབང་གིས་གཟུགས་མེད་ལྷ་འདྲེ་འཁྲུག༔ ལྷ་ཕམ་ལྷ་མིན་རྒྱལ་ཞིང་དཀར་ཕྱོགས་ཉམས༔ ནག་ཕྱོགས་དར་བས་ནད་མུག་མཚོན་གསུམ་རྒྱས༔ མི་འདོད་སྣ་ཚོགས་འགྲོ་བའི་ཁམས་ལ་འབྱུང་༔ སྟོང་གསུམ་འཇིག་རྟེན་གང་དུའང་སྡུག་བསྔལ་ཆེ༔ འཛམ་གླིང་བོད་སོགས་གླིང་འདི་ཁོ་ན་མིན༔ དེ་དུས་སྡིག་ཅན་མི་རྣམས་འདྲེ་ལ་སྐྱེ༔ འདྲེ་ངན་དམ་སྲི་མང་པོ་མི་ལ་སྐྱེ༔ འཕུང་དཀྲུག་ལྟས་ངན་ཡས་དང་གཡབ་མོ་འདོར༔ གཅིག་གྲོགས་གཅིག་བྱེད་སྡིག་རྒྱས་འགྲོ་བ་སྡུག༔ དེ་དུས་རྒྱལ་བ་སྲས་བཅས་སྤྲུལ་པ་འགྱེད༔ འགྲོ་བ་སེམས་ཅན་འདི་ཕྱིའི་བདེ་ཐབས་མཛད༔ སྐྱེ་འགྲོ་སེམས་ཅན་ཆོས་ལ་འཛུད་ཐུབ་ན༔ གཟུགས་ཅན་གཟུགས་མེད་ལྷ་མི་སྐྱེ་འགྲོ་བདེ༔ མཐའ་བདེ་དབུས་འཇམ་རང་རང་བདེ་ལ་སྤྱོད༔ འབྱུང་བའི་ཁམས་སྙོམས་ནད་མུག་མཚོན་གསུམ་མེད༔ དེ་ལྟར་མ་གྱུར་བདུད་དབང་ཤོར་གྱུར་ན༔ ཕྱི་སྣོད་ས་རྟགས་ནང་བཅུད་དུས་རྟགས་མང་༔ ཁྱད་པར་ད་ལྟའི་ཆོས་རྒྱལ་ཡབ་སྲས་ཀྱིས༔ བཞི་བཅུའི་བསྐལ་ཞབས་འགྲོ་བ་འདུལ་བའི་དུས༔ བདུད་འགོང་སྟོབས་ཀྱིས་བར་ཆད་འཚུབ་འདོད་ན༔ འབྱུང་པོས་ཁ་བསྒྱུར་འཕུང་ཚིགས་སྣ་ཚོགས་སྨྲ༔ ནང་ཚང་གཅིག་ཀྱང་སྐད་བརྡ་མི་གཅིག་མང་༔ གཏམ་སྐད་ཞྭ་གོས་ལོ་རེ་ཟླ་རེར་འགྱུར༔ མགོ་ལྷམ་རྒྱན་གོས་མཐའ་མིའི་ལུགས་སྤྱད་པས༔ ལུས་ལྷ་ཉམས་ཤིང་ཚེ་ཐུང་གློ་བུར་འཆི༔ མཐའ་བོད་ཡུལ་ལྷ་ཟོ་དོར་མི་མཐུན་དགྲ༔ དཔེ་ནི་ར་དང་འཕར་བ་བཞིན་དུའོ༔ དེ་ཚེ་མཐའ་དམག་འབྱུང་བའི་སྔ་ལྟས་སུ༔ ཇོ་ཤཱཀ་གཉིས་ཀྱི་གཟི་བརྗིད་ཆུང་དུ་འགྲོ༔ གདན་ཁྲི་གཡོ་བས་འགོང་པོ་མང་པོ་འཆོར༔ ཤཱཀྱ་མུ་ནེའི་ཞལ་ནས་འོད་དཀར་འཕྲོ༔ བོད་ཀྱི་རྟེན་གསུམ་བྱིན་རླབས་ཉམས་རྟགས་ཡིན༔ དེ་དུས་བྱིན་འབེབས་རབ་གནས་མངའ་གསོལ་འབུངས༔ ཨཱརྱ་པ་གླིང་རྟ་མགྲིན་རྟ་སྐད་འབྱིན༔ ཡེ་ཤེས་སེམས་དཔའ་ཨོ་རྒྱན་ཡུལ་དུ་གཤེགས༔ བོད་སྤྱིའི་སྔགས་ཆོས་ནུས་པ་ཡལ་རྟགས་ཡིན༔ དེ་དུས་གཏེར་གསར་གདམས་པ་ཉམས་སུ་ལོང་༔ མཆོད་རྟེན་བཞི་འདི་གཡོ་འགུལ་ནག་པོ་འགས༔ ཤར་བ་སྐྱ་བདུན་གནམ་ལ་ཤོར་བའི་རྟགས༔ སེར་དམག་གཡོ་ཞིང་ནད་མཚོན་མུ་གེ་འཐིབ༔ དེ་དུས་དམ་འདོགས་མནན་སྲེག་འཕང་གསུམ་གཟིར༔ བོད་ཡུལ་མཚོ་རྣམས་གང་སྟོང་མང་པོ་ཡོང་༔ ས་གཡོ་རི་ངུར་སྡིག་ཆོམ་གཟའ་འོད་འཕྲོ༔ ཆུ་བྲག་ཤིང་གསུམ་གང་གཉན་སྐམ་ཆག་འཇིག༔ དུད་འགྲོ་གཅན་གཟན་མི་དང་འདབ་ཆགས་སོགས༔ ཐན་རིགས་སྣ་ཚོགས་མཐའ་དབུས་ཕྱོགས་ཕྱོགས་འབྱུང་༔ སྡེ་བརྒྱད་ཐམས་ཅད་ཁེངས་ལོགས་བྱེད་པའི་རྟགས༔ ལྷོ་བྲག་མཁར་ཆུའི་ཕྱོགས་སུ་ཆུ་གསུམ་རྡོལ༔ གནས་ཆེན་གསུམ་གྱི་བྱིན་རླབས་ཡལ་བའི་རྟགས༔ སྨོན་ལམ་ལོག་པར་བཏབ་པའི་སྐྱེས་བུ་བཞི༔ ཤེས་རབ་དབང་དང་གར་དབང་ཆོས་ཀྱི་མིང་༔ བོད་ཁམས་ཕྱོགས་བཞི་ནས་འོང་འབྲེལ་ཐོགས་ལྟུང་༔ སངས་རྒྱས་བསྟན་པ་ཕྱེད་ལ་སླེབས་པའི་རྟགས༔ དེ་དུས་འགོང་སྤྲུལ་མང་པོ་ཟེངས་སེ་ཟེང་༔ གཏེར་མིན་གཏེར་བརྫུན་བདུད་སྤྲུལ་མང་པོ་དང་༔ མིང་གི་གཟུགས་འཛིན་བླ་མ་མང་པོ་དང་༔ ཟོག་གི་ཆུ་མིག་སྐུ་སྐྱེ་མང་པོ་དང་༔ རྟག་ཆད་སྟོན་པའི་འཁྲིད་པ་མང་པོ་དང་༔ མ་བསླབས་ཤེས་བརྫུའི་བཀའ་རམ་མང་པོ་དང་༔ མ་ཞིག་ཞིག་བརྫུའི་རྟོག་ལྡན་མང་པོ་དང་༔ མ་གྲོལ་གྲོལ་བརྫུའི་གྲུབ་བརྫུ་མང་པོ་འབྱུང་༔ དེ་དག་ངན་སོང་གསུམ་གྱི་སྣ་འདྲེན་ཡིན༔ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་རྟགས༔ མངའ་བདག་ཉང་དང་ཆོས་དབང་གདུང་རབས་ཉམས༔ གསང་སྔགས་གླིང་དུ་སྔགས་པ་གྲི་ཁར་འགུམ༔ བོད་ཁམས་མི་ཆེན་ཕལ་ཆེར་བརྒྱུད་པ་འཆད༔ བྱང་ཆུབ་སེམས་དཔའ་མང་པོ་དུག་གིས་བཀྲོང་༔ བོད་ཁམས་བསྟན་འགྲོ་བསོད་ནམས་ཉམས་པའི་རྟགས༔ མཁོ་མཐིང་རྣམ་པར་སྣང་མཛད་དབུ་འབོགས་སྲིད༔ བསམ་ཡས་དབུ་རྩེ་མེ་ལ་འཆོར་ཡང་སྲིད༔ མཆིམས་ཕུའི་གནས་འདི་ཁམས་པས་འཛིན་ཀྱང་སྲིད༔ བུམ་ཐང་སྨད་དུ་ནང་འཁྲུག་འབྱུང་ཡང་སྲིད༔ ཀུན་དགའི་མིང་གིས་ལྷོ་མོན་གཏོར་ཡང་སྲིད༔ བསྟན་པའི་ཉི་མ་ལྷོ་ནས་འཆར་ཡང་སྲིད༔ གསེར་གྱི་རྒྱལ་མཚན་དབུས་སུ་ཚུགས་ཀྱང་སྲིད༔ གྲི་གུའི་རྫོང་ལ་གོ་བོས་ཚང་བཅའ་སྲིད༔ སྣེ་སྡོང་སྲོད་ལ་ཉི་ཟེར་འཐབ་ཀྱང་སྲིད༔ སྒམ་པོར་བྲག་འཆད་རི་ཉིལ་འབྱུང་ཡང་སྲིད༔ ཁ་རག་རི་ནས་ཞ་ཉེ་རྡོལ་ཀྱང་སྲིད༔ གནམ་སྐས་བྲག་ལོགས་འུག་ཚང་བཅའ་ཡང་སྲིད༔ ཡར་ལོའི་ཕུ་ནས་ཟངས་རྡོ་རྡོལ་ཀྱང་སྲིད༔ སྒྲུབ་གནས་རྣམས་ནས་གནས་གསར་རྡོལ་ཀྱང་སྲིད༔ དུད་འགྲོའི་རིགས་ཀྱིས་མི་སྐད་འདོན་ཀྱང་སྲིད༔ བྱང་ཁམས་རྣམས་ནས་གསེར་ཁ་རྡོལ་ཡང་སྲིད༔ གསང་སྔགས་ཟབ་མོ་མཐའ་ནས་རྡོལ་ཀྱང་སྲིད༔ དེ་རྣམས་མི་སྲིད་སྲིད་པ་སྣ་ཚོགས་ཏེ༔ དེ་དུས་བོད་ཀྱི་རྡོ་རྗེ་གདན་གསུམ་གྱི༔ གཙོར་བྱས་མཐའ་འདུལ་ཡང་འདུལ་རབ་གནས་གསོ༔ དགེ་འདུན་སྡེ་རྣམས་གསོ་སྦྱོང་དབྱར་གནས་སྲུང་༔ སྔགས་སྡེས་བསྙེན་སྒྲུབ་བཤགས་སྐོང་བུམ་སྨན་སྒྲུབས༔ ལུང་ཟིན་རྣམས་ཀྱིས་སྡེ་བརྒྱད་དམ་འདོགས་དང་༔ རྣམ་འཇོམས་སྨེ་བརྩེགས་ཁྲུས་ཀྱིས་ཡུལ་ཁམས་བྲན༔ བོད་ཡུལ་མཐའ་དབུས་མཆོད་རྟེན་ལྷ་ཁང་ལ༔ རབ་གནས་ཁྲུས་ཆོག་ལོ་དུས་བཞིན་དུ་འབུངས༔ འཛམ་གླིང་ལྟེ་བ་གངས་རིའི་ཏེ་སེ་ན༔ རིན་ཆེན་རྣམ་ལྔར་སངས་རྒྱས་འདྲ་འབག་བཞེངས༔ བོད་ཡུལ་རྒྱལ་བློན་འབངས་འཁོར་བཅས་རྣམས་ཀྱིས༔ སྲོག་མཁར་བརྒྱ་སྟོང་བྲིས་པ་ཐུགས་ཀར་གཞུག༔ ཨ་མྲྀ་ཏ་དང་རིང་བསྲེལ་གཟུངས་ཀྱིས་བརྒྱན༔ གདན་ཁྲིའི་འོག་ཏུ་མཐའ་དམག་དགྲ་མནན་འབྲུབ༔ ཧོར་དམག་བཟློག་པའི་འདོད་གསོལ་རབ་ཏུ་གནས༔ རིན་པོ་ཆེ་ཡི་བུམ་པའི་ནང་དུ་ནི༔ ཤཱ་རི་རཾ་དང་ཀླུ་ཡི་རྫས་རྣམས་དང་༔ བོད་འབངས་རྒྱལ་བློན་སྐུ་མཁར་བྲིས་པ་ལ༔ བསོད་ནམས་བསྐྱེད་པའི་འདོད་གསོལ་ལེགས་བརྒྱན་ཏེ༔ བུམ་པའི་ནང་བཙས་ཆུ་ཡིས་མི་འཇིགས་པའི༔ ཁ་བསྡམས་ཡར་འབྲོག་ཕོ་མཚོའི་དཀྱིལ་དུ་སྦ༔ ནགས་སོག་རི་བོ་སྲིང་མོ་རྫོང་གི་རྩེར༔ དམག་རྫས་མང་པོ་བསྲེགས་པའི་ཐལ་བ་དང་༔ ས་སྣ་མང་དུ་བསྡུས་ལ་རིགས་གསུམ་མགོན༔ མི་ཚད་ཙམ་བཞེངས་རིང་བསྲེལ་གཟུངས་དང་བཅས༔ མཐའ་དམག་ལིངྒ་ཐུན་བཅས་གདན་ཁྲིར་འབྲུབ༔ རབ་གནས་མཐའ་དམག་བཟློག་པའི་གསོལ་འདེབས་མཆོག༔ ཧས་པོ་རི་དང་སྤུས་རི་དང་༔ བདེ་མཆོག་བཞུགས་པའི་ཕོ་བྲང་ལ༔ མཚོན་ཁ་བཟློག་པའི་འཁོར་ལོ་བསྐོར༔ མཚོན་ཁ་བཟློག་པའི་མདོས་ཀྱང་རྫོངས༔ དཔའ་གྲོ་གཙང་གི་རི་བོ་ཆེ༔ ཟབ་ལུང་ཁམས་ཀྱི་རི་བོ་ཆེར༔ གུ་རུ་ཞི་བའི་སྒྲུབ་པ་ཚུགས༔ བསྐང་བཤགས་ནར་མར་གཏོང་བ་དང་༔ སྐུ་གསུམ་ལྷ་ཁང་དགྲ་བྲུབ་མནན༔ ཡེར་པར་སྒྲུབ་པའི་སྡེ་ཚུགས་ལ༔ གཙུག་ཏོར་ལ་སོགས་བཟློག་པར་འབད༔ ལྷ་སར་སྨན་བླའི་མཆོད་པ་དང་༔ དཔལ་གྱི་ལྷ་མོའི་རྟེན་མདོས་འཛུགས༔ རྩྭ་རི་གཞོ་སྟོད་ཤྲཱི་རི་ལ༔ ཡུལ་འཁོར་སྲུང་གི་སྲུང་བ་གཟུགས༔ ལར་ནི་བོད་ཁམས་མཐའ་དབུས་ནས༔ གཤིན་རྗེ་སོགས་ཀྱི་བཟློག་བསད་འབུངས༔ བསྟན་པའི་རིམ་གྲོ་འདི་དག་རྣམས༔ བྱང་ཆུབ་སེམས་དཔའི་སྨོན་ལམ་གྱིས༔ གྲུབ་པར་བསྒྲུབས་ན་བོད་ཁམས་བདེ༔ མཐའ་དམག་རང་ཡལ་རང་སོར་འཇིག༔ བསྟན་པའི་རིམ་གྲོ་མ་གྲུབ་ན༔ སྟག་བྱ་སྤྲེལ་ཁྱིར་མཚོ་གདོང་སོགས༔ ཕྱོགས་ཕྱོགས་ནས་ལང་ཕན་ཚུན་འཐབ༔ ༈ ཤིང་འབྲུག་སྦྲུལ་ལ་མཐའ་དམག་འབོ༔ བོད་འབངས་བདེ་བའི་གོ་སྐབས་མེད༔ དབང་ཆེན་གསུམ་གྱི་སྲོག་མཁར་འཛིན༔ དེ་དུས་ནག་ཏིང་མཚོ་ཟུར་ནས༔ ང་ཡི་ཞབས་རྗེས་སུམ་འབྲེལ་རྙེད༔ བོད་ལ་མ་ཆགས་སྦས་ཡུལ་སྙོགས༔ ཞེས་གསུངས་པ་རྣམས་མཚོ་རྒྱལ་བདག་གིས་ཡི་གེར་བཏབ་ནས་རིན་པོ་ཆེའི་གཏེར་དུ་སྦས་པ་སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲང་པོ་ཉི་མ་གྲགས་པས་གདན་དྲངས་པའོ། །མངྒ་ལཾ།། །།


previousམ་འོངས་ལུང་བསྟན་གྱི་ཤོག་དྲིལ།next