Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་སྲུང་ཆེན་པོའི་གསོལ་མཆོད་མངའ་གསོལ་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་སྲུང་ཆེན་པོའི་གསོལ་མཆོད་མངའ་གསོལ་དང་བཅས་པ།next

བཀའ་སྲུང་ཆེན་པོའི་གསོལ་མཆོད་མངའ་གསོལ་དང་བཅས་པ།

རྟ་མགྲིན་དྲེགས་པ་ཟིལ་གནོན་ལས༔ བཀའ་སྲུང་ཆེན་པོའི་གསོལ་མཆོད་མངའ་གསོལ་དང་བཅས་པ་བཞུགས་སོ༔ དཔལ་ཆེན་པདྨ་ཧེ་རུ་ཀཿལ་འདུད༔ མ་འོངས་དུས་ན་འགྲོ་ལ་ཕན་དོན་དུ༔ རྟ་མགྲིན་དབང་གི་ཟབ་ཆོས་ལས་ཀྱི་མཐའ༔ འཇིག་རྟེན་དྲེགས་པའི་ཆེ་བཙན་གསོལ་ཁ་སྟེ༔ ཕྱི་རྒྱུད་འཇིག་རྟེན་སྐྱོང་བར་བཅོལ་བ་ནི༔ རིན་ཆེན་སྣོད་དུ་འབྲུ་སྣར་རིན་ཆེན་བརྡར༔ འབྲུ་ལྔའི་ཟན་ལ་རི་རབ་བང་རིམ་གསུམ༔ དེ་སྟེང་མཁར་ཐབས་བཤོས་བུ་དབུས་སུ་བཤམས༔ བང་རིམ་དང་པོར་ཕྱོགས་བཞིར་བཤོས་བུ་བཞི༔ མཚམས་བཞིར་ཟླུམ་གཏོར་རྒྱན་དང་ལྡན་པ་འགོད༔ བང་རིམ་གཉིས་པར་ཕྱོགས་མཚམས་ཟུར་གསུམ་བརྒྱད༔ དེ་འོག་བང་རིམ་སྡེ་བརྒྱད་བཤོས་བུ་དང་༔ དམར་གཏོར་ཤ་ཁྲག་བརྒྱན་པ་བདུན་བཅས་འགོད༔ ཐ་མར་མཐེབ་སྐྱུ་ཤ་དུམ་སུམ་རིམ་སྐོར༔ སྟོད་ལ་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་དང་༔ ལྕགས་ཀྱི་བྱ་ཁྲ་ལ་སོགས་བྱ་རིགས་དགུ༔ བར་དུ་སྤྲ་སྤྲེ་བྱི་ལ་ག་པ་སོགས༔ གཅན་གཟན་རིགས་དགུ་དེ་ཡི་ཐ་མ་ན༔ དུད་འགྲོ་ཆུ་གནས་ལ་སོགས་ཚང་བས་སྐོར༔ བསེ་ཕོར་མར་རྒྱན་ཆང་གིས་བཀང་བ་དང་༔ བྷནྡྷའི་སྐྱོགས་སུ་རཀྟ་དང་བཅས་བཤམས༔ རིན་ཆེན་དྷ་རུའི་ཕྱེ་མ་དར་སྣ་འབྲུ༔ གཏོར་མར་བྲན་ཅིང་དབང་ལྔའི་པཱུ་ཙ་བཤམས༔ བསངས་ཕྱི་གལ་ཕྱི་ཏིང་ལོའི་སྤྱན་གཟིགས་བཀོད༔ མདའ་དར་བ་དན་གོ་མཚོན་རྒྱལ་མཚན་བསྒྲེང་༔ དཀྱིལ་འཁོར་གསུམ་ལྡན་ངང་ནས་འདི་སྐད་དོ༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བདག་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་རྟ་མཆོག་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྩལ་ལས་རཾ་དམར་པོ་ཅིག་འཕྲོས་མདུན་གྱི་མཆོད་རྫས་རྣམས་ལ་ཕོག་པས་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེག༔ བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྩལ་ལས་ཡཾ་ལྗང་གུ་ཅིག་འཕྲོས་མ་དག་པའི་ཉེས་སྐྱོན་ཐམས་ཅད་གཏོར༔ མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྩལ་ལས་ཁཾ་དཀར་པོ་ཞིག་འཕྲོས་མ་དག་པའི་ཉེས་སྐྱོན་ཐམས་ཅད་བཀྲུས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྩལ་ལས་ཨཱོཾ་ཏྲཻ་ལོ་ཀྱ་ཡ་ཞེས་འཕྲོས་པས་སྣོད་ཀྱི་འཇིག་རྟེན་ཕུན་སུམ་ཚོགས་པ་བཀོད་ལེགས་པར་གྱུར༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྩལ་ལས་བྷྲཱུྃ་བྷྲཱུྃ་བྷྲཱུྃ་ཞེས་འཕྲོས་པས་ཆོས་སྐྱོང་ཆེན་པོ་འཁོར་དང་བཅས་པའི་གཞལ་ཡས་ཀྱི་ཁང་པ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་ལ་བཀོད་པ་དུ་མས་ཁྱད་པར་འཕགས་ཤིང་ཡིད་དུ་མཚར་བའི་ཕྱི་ནང་སྟེང་འོག་ཁོ་ར་ཁོར་ཡུག་དང་བཅས་པ་རྣམས་ལ་སྣང་སྲིད་རབ་འབྱམས་ཀྱི་མཆོད་རྫས་གཟུགས་སྒྲ་དྲི་རོ་རེག་བྱ་མ་ཚང་བ་མེད་ཅིང་འདོད་པའི་ཡོན་ཏན་ལྔའི་རང་བཞིན་ཀུན་བཟང་མཆོད་པའི་སྤྲིན་ཕུང་ལྟར་གཏིབས་པར་གྱུར༔ སླར་ཡང་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་རྩལ་ལས་ཨཱོཾ་ཨཱཿཧཱུྃ་ཞེས་འཕྲོས་པས་ཀུན་རྫོབ་ཀྱི་མཚན་མ་ལ་སྐུ་གསུང་ཐུགས་ཀྱི་ཏིང་ངེ་འཛིན་གསལ་ཞིང་བྱིན་གྱིས་བརླབས་པའི་མཐུས་ཚངས་ཆེན་གྱི་བསྐལ་པ་འབུམ་ཕྲག་དུ་མ་འདས་པའི་དུས་སུ་ཡང་ཟད་མི་ཤེས་ཤིང་གཞོམ་གཞིག་དང་བྲལ་བར་གྱུར༔ ཨཱོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གསུམ༔ ཕྱི་ནང་སྣོད་བཅུད་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་གཞལ་ཡས་ཁང་གི་དབུས་སུ་ཆོས་རྒྱལ་ཚངས་པ་དུང་གི་ཐོར་ཚུགས་ཅན་ཡབ་ཡུམ་དེའི་ཕྱོགས་བཞིར་རྒྱལ་ཆེན་བཞི་མཚམས་བཞིར་ཡུམ་བཞི་དེའི་ཕྱི་རོལ་དུ་སྤྲུལ་པ་ཡང་སྤྲུལ་བཀའ་འཁོར་ལས་བྱེད་ཕྱག་ཚང་གཉེར་འཛིན་དེའི་ཕྱི་རོལ་དུ་ལྷ་སྲིན་སྡེ་བརྒྱད་རོལ་པ་སྐྱ་བདུན་ལ་སོགས་འཇིག་རྟེན་དྲེགས་པའི་འཁོར་ཚོགས་ཉི་མའི་ཟེར་གྱི་རྡུལ་ལྟར་འཚུབ་ཅིང་མཐའི་རྒྱ་མཚོའི་རྦ་ལྟར་འཁྲུག་པ་དུས་མཐའི་མེ་ལྟར་འབར་བར་གསལ་བའི་གནས་གསུམ་དང་ཐུགས་ཀར་རང་རང་གི་ས་བོན་གྱིས་མཚན་པ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས་རང་རང་གི་གནས་ནས་བསྐྱེད་པའི་གནས་འདིར་དམ་ཚིག་དབང་གི་བཛྲ་ས་མ་ཡ་ཛཿཛ༔ རོལ་མོ་སྣ་ཚོགས་སྒྲོག་སྤོས་དཀར་དང་གསུར་ཆེན་གྱིས་བདུགས་ནས་འདི་སྐད་དོ༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཤེལ་གྱི་སྐུ་མཁར་རྩེ་དགུ་ནས༔ ཚངས་པ་དཀར་པོ་གཤེགས་སུ་གསོལ༔ རྒྱལ་ཆེན་སྡེ་བཞི་གཤེགས་སུགསོལ༔ དགྱེས་སྡེ་ཡུམ་རྣམས་གཤེགས་སུ་གསོལ༔ ཕྱི་ནང་བཀའ་བློན་གཤེགས་སུ་གསོལ༔ གཉེར་འཛིན་ཕྱག་ཚངས་གཤེགས་སུ་གསོལ༔ དགྲ་ལྷ་སྤྲུལ་འཁོར་གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་གཤེགས་སུ་གསོལ༔ བཙན་རྒོད་འབུམ་སྡེ་གཤེགས་སུ་གསོལ༔ ཆོས་རྒྱལ་འཁོར་བཅས་གཤེགས་སུ་གསོལ༔ གཡས་གཡོན་རུ་འདྲེན་གཤེགས་སུ་གསོལ༔ སྔོན་གྱི་ཤུལ་མཚོན་གཤེགས་སུ་གསོལ༔ སླད་ཀྱི་རྗེས་འབྲང་གཤེགས་སུ་གསོལ༔ སྐུ་ཡི་སྐྱོ་རོགས་ཚོགས་རྣམས་གཤེགས་སུ་གསོལ༔ བཛྲ་ཀྲོ་ཏ་ས་མ་ཡ་མ་ཧཱ་རཱ་ཛ་སརྦ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ དེ་ནས་མཆོད་བསྐང་གི་རིམ་པ་ནི༔ ཧཱུྃ་ཧཱུྃ་ཨཱོཾ་གྷྲཱིགྴྭ་གྷྲཱིགྴྭ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ར་ཙ་སུ་ཏྲི་ཏྲི་ལ་ཀང་ཀ་ནི་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧུ་ར་བྷ་མོ་མུ་ཊ་ལ་ཏི་ཧ་ཡག་བྷ་ཡཱ༔ ཀྲོ་ཏི་ནཱ་གཱ་ཧུར་ཧུར་ཛཿཛཿཨ་ཡ་མ་དུ་རུ་ཙ་ཤ་ན་བྷ་ལིངྟ་ཨ་མྲྀ་ཏ་རཀྟ་སརྦ་པཱུ་ཙ་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུན་ནམ་གསུམ་གྱིས་ཕུལ་ནས༔ ཧཱུྃ༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་འཁོར་དང་བཅས༔ མ་ལུས་འཇིག་རྟེན་དྲེགས་པའི་བྲན་གཡོག་འབུམ༔ ཁྱེད་རྣམས་འཁོར་དང་བཅས་པ་མཆོད་པའི་རྫས༔ ཕྱི་སྣོད་ནང་བཅུད་ལྷ་མིའི་འདོད་ཡོན་ཚོགས༔ སྟོང་ཆེན་ནམ་མཁའི་ཁམས་ལས་རྒྱ་རེ་ཆེ༔ རིན་ཆེན་རི་རྒྱལ་སྟོང་ལས་ལྷུན་རེ་བརྗིད༔ ཉི་ཟླ་རྒྱུ་སྐར་འབུམ་ལས་བཀྲག་མདངས་འཚེར༔ སྟོང་གསུམ་སྣོད་བཅུད་ཀུན་ལས་བཀོད་རེ་ལེགས༔ རྒྱ་མཚོ་འཁྱིལ་བ་བས་ཀྱང་གཏིང་རེ་ཟབ༔ རྩི་ཤིང་ནགས་ཚལ་ལས་ཀྱང་གྲངས་རེ་མང་༔ ལྷོ་སྤྲིན་འཐིབས་པ་ལས་ཀྱང་བརྔམས་རེ་འཐུག༔ འཇའ་ཚོན་འབུམ་དྲུག་གཏིབས་ལས་མདངས་རེ་ལེགས༔ ཚངས་དབྱངས་དབྱར་རྔ་ལས་ཀྱང་སྒྲ་རེ་ཆེ༔ འདི་ལྟར་ཕུན་སུམ་ཚོགས་པའི་འདོད་ཡོན་འདི༔ ཆོས་སྐྱོང་ཆེན་པོ་འཁོར་དང་བཅས་ལ་མཆོད༔ མཆོད་པ་བཞེས་ལ་ཐུགས་དམ་བསྐང་གྱུར་ཅིག༔ ཕྱི་སྣོད་རྣམ་པར་དག་པའི་འཇིགས་རྟེན་འདི༔ ཆོས་སྐྱོང་ཆེན་པོ་འཁོར་དང་བཅས་ལ་མཆོད༔ མཆོད་པ་བཞེས་ལ་ཐུགས་དམ་བསྐང་གྱུར་ཅིག༔ ནང་བཅུད་རིན་ཆེན་ཡོངས་འདུའི་གཞལ་ཡས་ཁང་༔ ཆོས་སྐྱོང་ཆེན་པོ་འཁོར་དང་༴ མཆོད་པ་བཞེས་ལ་ཐུགས་དམ༴ བཀྲ་ཤིས་རྟགས་བརྒྱད་ཚོགས་ནི་ཏ་ལ་ལ༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ རྒྱལ་སྲིད་སྣ་བདུན་ཚོགས་ནི་སྤུངས་སེ་སྤུང་༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ ཟ་འོག་མཛེས་པའི་གུར་ཕུབ་ལྡིངས་སེ་ལྡིང་༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ སྣ་ཚོགས་མདའ་དར་བ་དན་པུ་རུ་རུ༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ དར་ཀྱི་ལྡ་ལྡི་མང་པོ་ཡོམས་སེ་ཡོམ༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ བླ་རེ་རྒྱལ་མཚན་རྣམས་ནི་ཏ་ལ་ལ༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ སྣ་ཚོགས་མཛེས་པའི་རྒྱན་ཚོགས་པུ་རུ་རུ༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ འདོད་ཡོན་ལྔ་ལྡན་ལོངས་སྤྱོད་སྤུངས་སེ་སྤུང་༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ བྷ་ལིང་གཏོར་མའི་ཚོགས་ནི་ཟངས་སེ་ཟང་༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ ཨརྒྷཾ་བདུད་རྩིའི་ཚོགས་ནི་མེར་རེ་རེ༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ རཀྟ་དམར་གྱི་ཚོགས་ནི་ཕྱུ་རུ་རུ༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ གསེར་སྐྱེམས་ཕུད་རྒོད་ཚོགས་ནི་སྤྲེངས་སེ་སྤྲེང་༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ སྤོས་དཀར་ཚིལ་ཆེན་དྲི་བཟང་ཐུ་ལུ་ལུ༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ དབང་པོ་རྣམ་ལྔའི་ཞལ་ཟས་སྤུངས་སེ་སྤུང་༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ གཟུགས་སྒྲ་དྲི་རོའི་ཚོགས་ནི་ཁྱུགས་སེ་ཁྱུག༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ མི་རྐང་གླིང་བུའི་ཚོགས་ནི་ཙེ་རེ་རེ༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ རྔ་གླིང་རོལ་མོའི་ཚོགས་ནི་དི་རི་རི༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ ཅང་ཏེའུ་སྒྲ་སྙན་གླུ་གར་ལྡེམས་སེ་ལྡེམ༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ བྱ་ཁྲ་འདབ་ཆགས་ཚོགས་ནི་ཐིབས་སེ་ཐིབ༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ སྤྲ་སྤྲེ་གཅན་གཟན་ཚོགས་ནི་ཉི་ལི་ལི༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ དུད་འགྲོ་རྐང་བཞིའི་ཚོགས་ནི་ཀྱི་ལི་ལི༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ ཆུ་གནས་སེམས་ཅན་མང་པོ་འཁྱུགས་སེ་འཁྱུག༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ རི་དྭགས་མང་པོ་རྩེད་འཇོ་སྤྲེངས་སེ་སྤྲེང་༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ འཇའ་ཚོན་ཟེར་མདངས་འོད་ཟེར་ཏ་ལ་ལ༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ ཀ་ཅ་དཀོར་ཆ་མང་པོ་ཁྲ་ལ་ལ༔ ཆོས་སྐྱོང་ཆེན་པོ༴ མཆོད་བཞེས་ལ༴ གོ་མཚོན་རལ་གྲི་མང་པོ་ཉི་ལི་ལི༔ ཆོས་སྐྱོང་ཆེན་པོ༴ མཆོད་པ་བཞེས་ལ༴ ཀུན་བཟང་མཆོད་པའི་སྤྲིན་ལྟར་སྤྲུལ་པ་འདི༔ ཆོས་སྐྱོང་ཆེན་པོ་འཁོར་དང་བཅས་ལ་མཆོད༔ མཆོད་པ་བཞེས་ལ་ཐུགས་དམ་བསྐང་གྱུར་ཅིག༔ སྐུ་ཡི་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ནི༔ དགྲ་བཅོམ་གཞོན་ནུ་བཞིན་བཟང་རབ་ཏུ་རྒྱས༔ ཁྱེད་རྣམས་འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ གསུང་གི་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ནི༔ སྐུ་མདོག་ནག་ལ་འཇིགས་གཟུགས་སྟག་ལྤགས་གསོལ༔ ཁྱེད་རྣམས་འཁོར་དང་༴ ཐུགས་ཀྱི་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ནི༔ དགེ་བསྙེན་གཟུགས་ལ་དར་དམར་འཇོལ་བེར་ཅན༔ ཁྱེད་རྣམས་འཁོར་དང་༴ ཡོན་ཏན་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ནི༔ སྐུ་མདོག་དམར་པོ་མན་ཏྲིའི་ཀ་ཤ་ཅན༔ ཁྱེད་རྣམས་འཁོར་དང་༴ འཕྲིན་ལས་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ནི༔ པེ་ཀར་དགྲ་ལྷ་ཞལ་གསུམ་མི་བོ་ཆེ༔ ཁྱེད་རྣམས༴ སྐུ་ཡི་ཡུམ་ཆེན་བདུད་མོ་རོ་ལངས་མ༔ ཁྱེད་རྣམས༴ གསུང་གི་ཡུམ་ཆེན་བྷན་དམར་ཕྱག་རྒྱ་ཅན༔ ཁྱེད་རྣམས༴ ཐུགས་ཀྱི་ཡུམ་ཆེན་འཛིན་བྱེད་པད་སྐྱེས་མ༔ ཁྱེད་རྣམས༴ ཡོན་ཏན་ཡུམ་ཆེན་བྱ་རྒོད་ཐོང་ནག་མ༔ ཁྱེད་རྣམས༴ འཕྲིན་ལས་ཡུམ་ཆེན་དམ་ཤིང་ཕྱག་རྒྱ་ཅན༔ ཁྱེད་རྣམས༴ སྐུ་ཡི་བློན་པོ་བྱ་ཁྲིད་མིག་གཅིག་པ༔ ཁྱེད་རྣམས༴ གསུང་གི་བློན་པོ་རྡོ་རྗེ་དྲག་ལྡན་རྒྱལ༔ ཁྱེད་རྣམས༴ ཐུགས་ཀྱི་བློན་པོ་བཀའ་ཡི་བྱ་ར་བ༔ ཁྱེད་རྣམས༴ ཡོན་ཏན་བློན་པོ་བྱ་ཁྲིད་འབར་བ་ཆེ༔ ཁྱེད་རྣམས༴ འཕྲིན་ལས་བློན་པོ་པུ་ཊ་ནག་པོའི་དཔལ༔ ཁྱེད་རྣམས༴ གནམ་གྱི་ཡར་བླར་བྱི་བ་ཐོགས་ཆར་བདག༔ ཁྱེད་རྣམས༴ རྡོ་རྗེ་ཁྱུང་ཆེན་ཀླུ་འདུལ་མཐུ་བོ་ཆེ༔ ཁྱེད་རྣམས༴ ལྷ་ཡི་དགེ་བསྙེན་མ་ཧཱ་ཀཱ་ལ་དཔལ༔ ཁྱེད་རྣམས་འཁོར་དང་༴ སྲོག་བདག་ཆེན་པོ་རྔམ་བྱེད་མ་ལུས་པ༔ ཁྱེད་རྣམས༴ པ་ཏྲ་དཀར་པོ་པུ་ཏྲ་ནག་པོ་སྟེ༔ ཁྱེད་རྣམས༴ དམག་དཔོན་ལས་ཀྱི་ཕོ་ཉ་མ་ལུས་པ༔ ཁྱེད་རྣམས༴ གཡས་ཀྱི་རུ་འདྲེན་དགེ་སློང་སྟོང་སྡེའི་ཚོགས༔ ཁྱེད་རྣམས༴ གཡོན་གྱི་རུ་འདྲེན་བནྡྷེ་ནག་པོའི་ཚོགས༔ ཁྱེད་རྣམས༴ སྔོན་གྱི་ཤུལ་མཚོན་ཤན་ཏི་བདུད་མོ་འབུམ༔ ཁྱེད་རྣམས༴ སླད་ཀྱི་རྗེས་འབྲང་ཨ་ཙར་ཚོགས་དང་བཅས༔ ཁྱེད་རྣམས༴ ཁོལ་པོ་སྟག་ཆས་གཟིག་ཆས་འབུམ་ཕྲག་སྟོང་༔ ཁྱེད་རྣམས༴ བློན་པོ་ཤ་དྲོལ་ཁྱི་དྲོལ་སྡེ་ཚོགས་ནི༔ ཁྱེད་རྣམས༴ སྐུ་ཡི་སྐྱོ་རོགས་འབག་དང་གར་གིང་འབུམ༔ ཁྱེད་རྣམས༴ ཕྱི་ནང་ལྷ་སྲིན་དྲེེགས་པ་མ་ལུས་ཚོགས༔ ཁྱེད་རྣམས༴ འབར་བ་མཆེད་བདུན་འཁོར་ཚོགས་རུ་འདྲེན་འབུམ༔ ཁྱེད་རྣམས་འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ ཧཱུྃ༔ དེ་ལྟར་མཆོད་ཅིང་བསྐང་བའི་བྱིན་བརླབས་ཀྱིས༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ སྔོན་ལས་ངན་པའི་ལས་ཀྱིས་མནར་བ་དང་༔ འཕྲལ་རྐྱེན་བར་ཆད་རྐྱེན་ཁ་ཟུགས་པ་རྣམས༔ ཟློག་ཅིག་སྒྱུར་ཅིག་བར་ཆད་དབྱིངས་ནས་སོལ༔ བཀའ་ཡི་སྲུང་མ་ཡེ་ཤེས་སྤྱན་དང་ལྡན༔ བདག་ནི་མ་རིག་ལས་ཀྱིས་རྨོངས་པའི་བུ༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་ཁྱེད་རྣམས་ལ༔ སྐུ་གསུང་ཐུགས་དང་འགལ་བ་ཅི་བགྱིས་པ༔ སོ་ཐར་ཕྱི་ཡི་སྡོམ་པ་ཉམས་པ་དང་༔ བྱང་སེམས་ནང་གི་བསླབ་བྱ་ཡལ་བ་དང་༔ གསང་བ་སྔགས་ཀྱི་དམ་ལས་ཅི་འགལ་བ༔ བསྐང་ཞིང་བཤགས་སོ་མཐོལ་བཤགས་བཟོད་པར་བཞེས༔ རིགས་ལྔའི་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས༔ དྲེགས་པ་འདུལ་ཕྱིར་གང་འདུལ་སྐུར་སྟོན་པར༔ རྨོངས་པར་གྱུར་པས་རང་རྒྱུད་བཟུང་བ་བཤགས༔ འཇིག་རྟེན་དྲེགས་ཚོགས་འབུམ་སྡེ་དབང་སྒྱུར་ལ༔ རྟ་མཆོག་རྒྱལ་པོ་པདྨ་བདག་ཉིད་ཀྱིས༔ བཀའ་བསྒོས་བཞིན་དུ་མཆོད་བསྐང་དགྱེས་པར་བཞེས༔ ཅི་ལྟར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ དེ་ནས་མངའ་གསོལ་བ་ནི༔ གཏོར་མདོས་ཡར་བཏེག་ཕྱེ་མར་དང་ཕུད་རྣམས་ཀྱིས་རིམ་པར་མཆོད༔ མདའ་དར་བ་དན་རྣམས་བསྒྲེངས༔ གཞི་བདག་སྤྱི་ལ་གཙང་གཏོར་འབུལ༔ ལྷ་གསོལ་ལོ་རྒྱལ་ལོའི་སྒྲ་མཚམས་མཚམས་སུ་དབྱངས་ཤིང་རོལ་མོ་དང་བཅས་འདི་སྐད་དོ༔ ཧཱུྃ་ཧོ༔ དགོངས་སུ་གསོལ་ལོ་ལྷ་ཆེན་ཆོས་ཀྱི་རྒྱལ༔ སྐུ་ལྔའི་ཆོས་རྒྱལ་འཁོར་བཅས་མངའ་གསོལ་ལོ༔ གསང་ཡུམ་སྡེ་ལྔའི་ཚོགས་ཀྱང་མངའ་གསོལ་ལོ༔ སྤྲུལ་པའི་མཆེད་ཟླ་རྣམས་ཀྱང་མངའ་༴ བཀའ་ཡི་བློན་པོ་རྣམས་ཀྱང་མངའ༴ སྤྲུལ་པ་ཡང་སྤྲུལ་རྣམས་ཀྱང་མངའ༴ རུ་འདྲེན་དམག་དཔོན་སྡེ་ཚོགས་མངའ༴ དྲེགས་པ་སྡེ་བརྒྱད་འཁོར་བཅས༴ འབར་བ་མཆེད་བདུན་འཁོར་བཅས༴ མཆོད་འོས་བསྟོད་འོས་རྣམས་ཀྱང་༴ ཕོ་ལྷ་དགྲ་ལྷ་རྣམས་ཀྱང་༴ ཡུལ་ལྷ་གཞི་བདག་རྣམས་ཀྱང་༴ ཡུལ་གཞིས་མཁར་ལྷ་རྣམས་ཀྱང་༴ བང་ནོར་གཡང་འཛིན་རྣམས་ཀྱང་མངའ་གསོལ་ལོ༔ ཀྱེ༔ དེ་རིང་དགྲ་ལྷ་ཆེན་པོ་སྐུ་ལྔའི་ཚོགས༔ མ་ལུས་འཁོར་དང་བཅས་པ་མངའ་གསོལ་ལོ༔ ཕྱི་སྣོད་ནང་བཅུད་འདོད་དགུས༴ སྨན་རག་གཏོར་མའི་ཚོགས་ཀྱིས༴ དངོས་འབྱོར་ཡིད་སྤྲུལ་མཆོད་པས༴ རིན་ཆེན་སྣ་ཚོགས་ཀ་ཅས༴ དར་ཟབ་གོས་ཕྲུག་དཀོར་ཆས་མངའ༴ གོ་མཚོན་རལ་གྲི་མཚོན་ཆས༴ འཕན་གདུགས་རྒྱལ་མཚན་བླ་བྲེས༴ རྔ་དུང་རོལ་མོའི་ཚོགས་ཀྱིས་མངའ༴ མདའ་དར་མདུང་དར་རྣམས་ཀྱིས་མངའ་གསོལ་ལོ༔ འདབ་ཆགས་དུད་འགྲོ་གཅན་གཟན་ཆུ་གནས་འབུམ༔ འདིས་ཀྱང་ཆོས་སྐྱོང་འཁོར་བཅས་མངའ་གསོལ་ལོ༔ ཤ་ཁྱིམ་རིན་ཆེན་རྣམ་ལྔ་འབྲུ་ལྔའི་ཟན༔ འདིས་ཀྱང་ཆོས་སྐྱོང་འཁོར་བཅས༴ ཁྲག་ཁྱིམ་ཐམས་ཅད་རིན་ཆེན་མཚལ་ལས་གྲུབ༔ འདིས་ཀྱང་ཆོས་སྐྱོང་འཁོར་བཅས༴ རུས་པའི་ཚོགས་ནི་རིན་ཆེན་དངུལ་ལས་བྱས༔ འདིས་ཀྱང་ཆོས་སྐྱོང་འཁོར་བཅས༴ སྤུ་དང་གཤོག་པ་རྩི་བཅུད་མར་ལས་གྲུབ༔ འདིས་ཀྱང་ཆོས་སྐྱོང་འཁོར་བཅས༴ སྤྱན་མིག་ཀུན་ཀྱང་རིན་ཆེན་གཟི་ལས་བྱས༔ འདིས་ཀྱང་ཆོས་སྐྱོང་འཁོར་བཅས༴ སྒྲ་འབྱིན་ལྗགས་རྣམས་ལེ་བརྒན་དམར་པོས་བྱས༔ འདིས་ཀྱང་ཆོས་སྐྱོང་འཁོར་བཅས༴ ཚེམས་དང་མཆེ་བ་དུང་སོ་འགྲོན་བུར་གྲུབ༔ འདིས་ཀྱང་ཆོས་སྐྱོང་འཁོར་བཅས༴ སྒྲ་ཉན་རྣ་བ་ཨུག་ཆོས་དམར་པོར་བྱས༔ འདིས་ཀྱང་ཆོས་སྐྱོང་འཁོར་བཅས༴ ཀླད་པ་རྣམས་ནི་མུ་ཏིག་དཀར་པོས་བྲན༔ འདིས་ཀྱང་ཆོས་སྐྱོང་༴ རྨིག་སྡེར་རྣམས་ནི་རིན་ཆེན་ལྕགས་ལས་བྱས༔ འདིས་ཀྱང་ཆོས་སྐྱོང་༴ ལུས་ཀྱིས་རྣམ་འགྱུར་བཏུད་དེ་མངའ་གསོལ་ལོ༔ ངག་གི་སྙན་པའི་དབྱངས་ཀྱིས་མངའ་གསོལ་ལོ༔ ཡིད་ཀྱི་གདུང་བའི་སེམས་ཀྱིས་མངའ་གསོལ་ལོ༔ ཧཱུྃ༔ འདི་ལྟར་མངའ་གསོལ་བྱས་པས་ཆོས་ཀྱི་རྒྱལ༔ མ་ལུས་འཁོར་དང་བཅས་པ་གཟི་བརྗིད་བསྐྱེད༔ མ་ལུས་འཁོར་དང་བཅས་པ་བཀྲག་མདངས་བསྐྱེད༔ མ་ལུས་འཁོར་དང་བཅས་པས་རྩལ་ཤུགས་བསྐྱེད༔ མ་ལུས་འཁོར་དང་བཅས་པ་དབུ་འཕང་བསྟོད༔ མ་ལུས་འཁོར་དང་བཅས་པ་དྲག་རྩལ་ཕྱུངས༔ མ་ལུས་འཁོར་དང་བཅས་པས་གོ་མཚོན་རྡོར༔ མ་ལུས་འཁོར་དང་བཅས་པས་ཀི་བསོ་ཐོབ༔ མ་ལུས་འཁོར་དང་བཅས་པས་རྔམ་སྟབས་བསྒྱུར༔ མ་ལུས་འཁོར་དང་བཅས་པས་རྐན་སྒྲ་སྒྲོགས༔ མ་ལུས་འཁོར་དང་བཅས་པས་སྡང་མིག་འཁྱུགས༔ མ་ལུས་འཁོར་དང་བཅས་པས་ཆོ་འཕྲུལ་སྒྱུར༔ རི་ལྟར་བརྟན་པར་མངའ་གསོལ་དགོན་གཞིས་སྲུངས༔ ཉི་ལྟར་འོད་འབར་མངའ་གསོལ་ལེགས་ཉེས་གཟིགས༔ ཟླ་ལྟར་གསལ་བར་མངའ་གསོལ་ཉམས་རྟོགས་སྤེལ༔ སྐར་ལྟར་བཀྲ་བར་མངའ་གསོལ་འཁོར་སློབ་བསྐྱེད༔ ནམ་མཁའི་རྒྱ་ལྟར་མངའ་གསོལ་མངའ་ཐང་བསྐྱེད༔ རྒྱ་མཚོའི་གཏིང་ལྟར་མངའ་གསོལ་བསོད་ནམས་བསྐྱེད༔ ཚངས་པའི་དབྱངས་ལྟར་མངའ་གསོལ་སྙན་པ་སྩོལ༔ དབྱར་གྱི་རྔ་ལྟར་མངའ་གསོལ་གྲགས་པ་སྒྲོགས༔ བསྐལ་པའི་མེ་ལྟར་མངའ་གསོལ་ནུས་པ་སྤོར༔ རྩི་ཤིང་དཔུང་ལྟར་མངའ་གསོལ་ལོངས་སྤྱོད་སྤེལ༔ ཆུ་བོའི་རྒྱུན་ལྟར་མངའ་གསོལ་ཚེ་དཔལ་བསྐྱེད༔ སྐྱ་རེངས་ར་ལྟར་མངའ་གསོལ་དབང་ཐང་སྩོལ༔ ལྷོ་སྤྲིན་འཐིབ་ལྟར་མངའ་གསོལ་དབང་དུ་སྡུས༔ དྲག་པོའི་ཐོག་ལྟར་མངའ་གསོལ་དགྲ་བགེགས་སྒྲོལ༔ འཚུབ་པའི་རླུང་ལྟར་མངའ་གསོལ་བང་མ་བུལ༔ འཁྱུག་པའི་གློག་ལྟར་མངའ་གསོལ་ལས་མ་འགྱངས༔ རྡོ་རྗེ་འབར་བས་མངའ་གསོལ་དམ་མ་གཡེལ༔ ཨརྒྷཾ་བདུད་རྩིས་མངའ་གསོལ་ཆད་མ་སྟོངས༔ རཀྟ་དམར་གྱིས་མངའ་གསོལ་དགྲ་ཁྲག་འཐུང་༔ ཕྱི་ནང་མཆོད་པས་མངའ་གསོལ་དཔལ་འབྱོར་སྤེལ༔ མངའ་གསོལ་བྱས་སོ་ལྷ་དམག་དབུགས་འབྱིན་མཛོད༔ མངའ་གསོལ་བྱས་སོ་ལྷ་མིན་གཡུལ་ངོ་ཟློག༔ མངའ་གསོལ་བྱས་སོ་འགྲོ་བའི་བདེ་སྐྱིད་སྤེལ༔ མངའ་གསོལ་བྱས་སོ་སངས་རྒྱས་བསྟན་པ་སྲུངས༔ མངའ་གསོལ་བྱས་སོ་ནད་མུག་མཚོན་འཁྲུག་ཟློག༔ མངའ་གསོལ་བྱས་སོ་ཁམས་གསུམ་དབང་དུ་སྡུས༔ མངའ་གསོལ་བྱས་སོ་སྲིད་གསུམ་ཟིལ་གྱིས་གནོན༔ མངའ་གསོལ་བྱས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཅེས་བརྗོད་གཙང་སར་གཤེགས་སམ་རྟེན་བཙུགས་བརྟེན༔ གཤེགས་གསོལ་བསྔོ་སྨོན་ཤིས་བརྗོད་མཐའ་རྒྱས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་དྲེགས་པའི་གསོལ་མཆོད་གདམས་པ་འདི༔ པདྨ་ཧེ་རུ་ཀ་ཡི་བཀའ་འཁོར་སྐྱོངས༔ སྔོན་དུས་གཡར་དམ་ཐ་ཚིག་རྡོ་རྗེའི་རྒྱ༔ དམ་ལ་གནས་པའི་དགེ་བསྙེན་དམ་པ་འདི༔ དབང་ཆེན་བཀའ་ཡི་སྲུང་མར་བསྐོས་སོ་རྒྱ༔ མ་འོངས་དམ་ལྡན་རྣམས་ཀྱི་སྲུང་མར་ཤོག༔ ས་མ་ཡཱཿརྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་རྒན་ཉི་མ་གྲགས་པས་སློབ་དཔོན་ཆེན་པོའི་སྒྲུབ་གནས་མེ་འབར་ཕུག་ནས་ཆུ་ཕོ་ཁྱི་ལོ་ལ་གདན་དྲངས་ཤིང་རྒྱ་ལི་ཐང་དུ་ནད་རིམས་ཤིག་བྱུང་བ་ལ་སྲུང་མ་འདིའི་གསོལ་མཆོད་བྱས་ན་ཨི་འགབ་བསམས་ཏེ་གུ་རུ་རིན་པོ་ཆེ་ལ་གསོལ་བ་བཏབ་ཏེ་ས་ཕོ་འབྲུག་ལོ་ཧོར་ཟླ་བརྒྱད་པའི་ཉེར་ལྔ་ལ་ཤོག་སེར་ལས་བསྒྱུར་བའོ། །མངྒ་ལཾ།། །།


previousབཀའ་སྲུང་ཆེན་པོའི་གསོལ་མཆོད་མངའ་གསོལ་དང་བཅས་པ།next