Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏེར་གྱི་སྲུང་མ་དམ་ཚིག་ཅན་མཆོད་པའི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏེར་གྱི་སྲུང་མ་དམ་ཚིག་ཅན་མཆོད་པའི་རིམ་པ།next

གཏེར་གྱི་སྲུང་མ་དམ་ཚིག་ཅན་མཆོད་པའི་རིམ་པ།

རྟ་མགྲིན་དྲེགས་པ་ཟིལ་གནོན་ལས༔ གཏེར་གྱི་སྲུང་མ་དམ་ཚིག་ཅན་མཆོད་པའི་རིམ་པ་བཞུགས་སོ༔ དབང་ཆེན་རྟ་མཆོག་རྒྱལ་པོའི་སྐུ་ལ་འདུད༔ དྲེགས་པ་མི་བསྲུན་རབ་གཏུམ་དྲེགས་པའི་སྡེ༔ གདུལ་དཀའ་འདུལ་མཛད་པདྨ་ཧེ་རུ་ཀའི༔ གདམས་པའི་གཉེར་འཛིན་ལས་ཀྱི་ཕོ་ཉ་བ༔ པདྨ་བདག་གི་མངག་གཞུག་དམ་འཛིན་པ༔ བཙན་རྒོད་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ༔ ཇི་ལྟར་མཆོད་ཅིང་གཏོར་མ་འབུལ་བ་ནི༔ བྷནྡྷའི་སྣོད་དུ་བཤོས་བུ་ཤ་ཁྲག་བརྒྱན༔ བྱ་དམར་གཟུགས་དང་ལིངྒ་རྣམས་ཀྱང་བཙུགས༔ རང་ཉིད་རྟ་མགྲིན་དབང་གི་བསྐྱེད་རིམ་གསལ༔ མདུན་གྱི་གཏོར་མར་དགྲ་བགེགས་འགུགས་ཤིང་བསྟིམ༔ སྤྲུལ་པའི་འཁོར་ལོས་བསྒྲལ་ཞིང་ཤ་ཁྲག་སྤུངས༔ འདོད་ཡོན་མཆོད་པའི་སྤྲིན་དུ་བྱིན་གྱིས་བརླབས༔ ཨཱོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིངྟ་རཀྟ་ཨ་མྲྀ་ཏ་བྷ་སུ་ཏ་ཀེང་ནི་རི་ཏི་སརྦ་པཱུ་ཙ་ས་མ་ཡ་ཕེཾ་ཕེཾ་ཧ་ཧོ་ཧྲིང་ཧྲིང་ཛཿཛཿསྭཱ་ཧཱ༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ལས་བྱུང་བའི་མཆོད་སྦྱིན་གྱི་གཏོར་མ་འདོད་ཡོན་ལྔའི་འོད་ཟེར་འཕྲོ་བ་འདི་ཉིད་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི༔ བཙན་རྒོད་ཆེན་པོ་རོལ་པ་སྐྱ་བདུན་ཕྱི་ནང་གསང་བའི་འཁོར་གཡོག་བྲན་དང་ཕོ་ཉ་སྡོང་ཟླ་དགྱེས་སྡེ་སྐུ་འཁོར་དང་བཅས་པ་རྣམས་དང་༔ ཁྱད་པར་དུ་གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ་སྐུ་འཁོར་དང་བཅས་པའི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསུམ་ཧཱུྃ་བྷྱོ༔ སྔོན་ཀྱི་བསྐལ་པ་དང་པོ་ལ༔ བཅོམ་ལྡན་པདྨ་ཧེ་རུ་ཀས༔ དབང་ཆེན་རོལ་པའི་དུར་ཁྲོད་དུ༔ དམ་ལ་བཞག་པའི་གཡར་དམ་ཅན༔ དེ་འོག་བར་གྱི་བསྐལ་པ་ལ༔ བདག་ཉིད་པདྨ་ཐོད་ཕྲེང་གིས༔ ཨཱརྱ་པ་ལོའི་གཙུག་ལག་ཏུ༔ དམ་ཚིག་བསྒྲགས་པའི་གསང་མཚན་ཅན༔ ཚུར་སྤྱོན་ཚུར་སྤྱོན་དམ་ལ་འདུས༔ དམ་རྫས་བཀའ་ཡི་གཏོར་མ་བཞེས༔ སྔོན་གྱི་རྒྱལ་བའི་བཀའ་མ་བཅག༔ ད་ལྟ་རྣལ་འབྱོར་དམ་མ་བཀྲལ༔ བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད༔ བསྐུལ་བ་ནི༔ ཧཱུྃ༔ དམ་ཚིག་ཅན་གྱི་ལྷ་ཆེན་པོ༔ སྐུ་མདོག་དམར་པོ་ཤ་བའི་དབུ༔ སྨ་ར་སྨིན་མ་མེ་ལྟར་འབར༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་སྡང་མིག་ཁྲག་ལྟར་གཡོ༔ མི་ལྤགས་གཡང་གཞིའི་ན་བཟའ་ཅན༔ ཕྱག་གཉིས་བཙན་མདུང་ཞགས་པ་དམར༔ བ་སྤུའི་བུ་ག་ཐམས་ཅད་ནས༔ མེ་ཡི་ཚ་ཚྭ་་ཐོ་རོ་རོ༔ ཆིབས་སུ་དེ་ནི་གློག་དམར་བཅིབས༔ འཁོར་ནི་བཙན་དམག་འབུམ་སྡེ་གཡོ༔ མི་རིང་དམར་པོ་ཕོ་ཉར་འགྱེད༔ རླུང་དམར་འཚུབ་པའི་ཀློང་དཀྱིལ་ནས༔ དྲག་པོའི་ཤུགས་ཀྱིས་མཁའ་ནས་སྤྱོད༔ སྔོན་ནས་མི་དམར་ཤ་ར་ར༔ ཀླད་ནས་བྱ་དམར་ཚུབས་སེ་ཚུབ༔ རྗེས་ནས་ཁྱི་དམར་ཀེངས་སེ་ཀེང་༔ གྲི་བཙན་མི་གཟན་དམར་པོ་ནི༔ འཁོར་དང་བཅས་པ་དྲག་ཏུ་ཆོས༔ སྡང་བའི་དགྲ་ལ་ལས་མ་འགྱངས༔ གནོད་པའི་བགེགས་ལ་དཔའ་མ་ཞན༔ དུས་ལ་བབ་པོ་ས་མ་ཡ༔ ཅེས་བརྗོད་གཏོར་མ་འབུལ་ཞིང་བསྐུལ༔ ལས་མྱུར་དྲག་པོའི་ཐོག་དང་འདྲ༔ དམ་ཚིག་ཅན་གྱི་གྲོགས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པས་ཨོ་རྒྱན་སྒྲུབ་གནས་ནགས་ཤོད་མེ་འབར་ཕུག་ནས་ཆུ་ཁྱི་ཧོར་ཟླ་དགུ་པར་གདན་དྲངས་ཤིང་བུ་འབོར་སྒང་དུ་ས་འབྲུག་ཧོར་ཟླ་དགུ་པར་ཤོག་སེར་ལས་བསྒྱུར་བའོ།། །།


previousགཏེར་གྱི་སྲུང་མ་དམ་ཚིག་ཅན་མཆོད་པའི་རིམ་པ།next