Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏེར་སྲུང་བསང་གསུར་གྱིས་མཆོད་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏེར་སྲུང་བསང་གསུར་གྱིས་མཆོད་ཐབས།next

གཏེར་སྲུང་བསང་གསུར་གྱིས་མཆོད་ཐབས།

རྟ་མགྲིན་དྲེགས་པ་ཟིལ་གནོན་ལས༔ གཏེར་སྲུང་བསང་གསུར་གྱིས་མཆོད་ཐབས་བཞུགས་སོ༔ ཁྲོ་བོའི་ཆེ་བཙན་ཧེ་རུ་ཀཿལ་འདུད༔ གཏེར་སྲུང་ཆེན་པོ་བསང་ངམ་གསུར་མཆོད་ཀྱིས༔ བརྔན་ཞིང་སྒྲུབ་པོའི་བར་ཆད་སེལ་བའི་ཐབས༔ རང་ཉིད་ཡི་དམ་ལྷ་ཡི་བསྐྱེད་རིམ་ངང་༔ ཧཱུྃ༔ བསང་གསུར་འདོད་ཡོན་ལྔ་ལྡན་མཆོད་པའི་སྤྲིན༔ རྩ་གསུམ་དཔལ་མགོན་སྣང་སྲིད་ལྷ་སྲིན་ཚོགས༔ ཁྱད་པར་ཡ་མཚན་ལྡན་པའི་གནས་ཆེན་པོ༔ འབར་བ་དབང་གི་སྒྲུབ་གནས་མེ་འབར་ཕུག༔ གནམ་གྱི་གོང་བ་ཤར་ནས་ཉི་ཟླས་བརྒྱན༔ ཆབ་ཀྱི་གོང་བ་ནུབ་ནས་ཆུ་བོ་འབབས༔ རི་ཡི་རྒྱལ་པོ་བྲག་དམར་མདའ་སྒྲོའི་དབྱིབས༔ གྲིབ་སོ་གཉིས་ཀྱིས་ཉིན་མཚན་ཆུ་ཚོད་འཛིན༔ རིན་ཆེན་ཐང་བརྡལ་ལྷོ་ནས་འབྲས་དྲུག་སྨིན༔ སྨན་སྤོས་དྲི་བསུང་ལྡན་པའི་ལྗོངས་ཆེན་པོར༔ ཇོ་བོ་ཆེན་པོ་གྲི་བཙན་དགྲ་འཇོམས་དཔལ༔ མཆེད་ཟླ་ལྷ་སྲིན་དགྱེས་སྡེ་ཡུམ་དང་སྲས༔ ལྷ་ཤིང་ཤུག་པའི་དུད་པས་བསང་ངོ་མཆོད༔ དཀར་མངར་གསུར་གྱི་དུད་པས་བརྔན་ནོ་འབུལ༔ ཕུ་ཡི་མཚོ་སྨན་ནག་མོ་འཁོར་བཅས་བསངས༔ དགྱེས་སྡེ་ཡུམ་ཆེན་ཡིན་པས་མངའ་གསོལལོ༔ ཤར་གྱི་རྫོང་བཙན་དམར་པོ་འཁོར་བཅས་བསངས༔ གཡར་དམ་གཅིག་པའི་གྲོགས་པོ་མངའ་གསོལ་ལོ༔ ལྷོ་ཕྱོགས་ཡེ་རིའི་ལྷ་བཙན་འཁོར་བཅས་བསངས༔ སྐུ་ཡི་སྲས་མཆོག་ཡིན་པས་མངའ་གསོལ་ལོ༔ ནུབ་ཀྱི་རྒྱལ་བ་ཐོད་དཀར་འཁོར་བཅས་བསངས༔ ཡིད་ལུས་བསྐྱེད་པའི་ཕ་གཅིག་མངའ་གསོལ་ལོ༔ བྱང་གི་སྨན་མོ་རང་འཚོགས་བཙན་རྒོད་བསངས༔ མཆེད་ཀྱི་སྤུན་ཟླ་ཡིན་པས་མངའ་གསོལ་ལོ༔ ཆུ་དྲོན་གཡུ་ཡི་ཕུག་པའི་ཀླུ་སྨན་བསངས༔ ལྕམ་དྲལ་སྲིང་དུ་གྱུར་པས་མངའ་གསོལ་ལོ༔ མདོ་གསུམ་ཀླུ་བྲག་བཙན་རྒོད་འཁོར་བཅས་བསངས༔ གཉེར་གྱི་ཕྱག་ཚངས་ཡིན་པས་མངའ་གསོལ་ལོ༔ ཡོབ་ཀྱི་རྐྱང་རིའི་བཙན་དམར་འཁོར་བཅས་བསངས༔ བཀའ་ཡི་བློན་པོ་ཡིན་པས་མངའ་གསོལ་ལོ༔ ཟླ་བའི་དམར་པོ་བློན་སྲས་འཁོར་བཅས་བསངས༔ ཕྱུགས་ཀྱི་རྫི་བོ་ཡིན་པས་མངའ་གསོལ་ལོ༔ ནགས་སོག་ཆུ་ཡི་དགེ་བསྙེན་ཆེན་པོ་བསངས༔ ལས་ཀྱི་ཕོ་ཉ་ཡིན་པས་མངའ་གསོལ་ལོ༔ གཞན་ཡང་བསངས་འོས་བརྔན་དང་མཆོད་པར་འོས༔ མ་ལུས་ཐམས་ཅད་བསངས་ཤིང་གསུར་གྱིས་བརྔན༔ ཁྱེད་རྣམས་བསངས་ཤིང་མཆོད་དེ་བརྔན་པའི་མཐུས༔ བསྟན་པ་དར་ཞིང་སེམས་ཅད་སྐྱིད་པ་དང་༔ བདག་ཅག་མི་ནོར་འཁོར་དང་བཅས་པ་ལ༔ སྲུང་སྐྱོབ་མགོན་དང་སྡོང་གྲོགས་འཕྲིན་ལས་སྒྲུབས༔ གཞི་བྱེས་ཀུན་ཏུ་མེལ་ཚེ་བྱ་ར་གྱིས༔ ཕུ་ཡི་གནག་སྐྱོངས་མདའ་ཡི་འབྲས་དྲུག་སྲུངས༔ ཉིན་གྱི་ལྷ་མཛོད་མཚན་གྱི་ཟོ་དོར་གྱིས༔ ཡུལ་ལྷ་གཞི་བདག་མཆོད་དོ་ངོ་མ་ཆུང་༔ རྣལ་འབྱོར་འདོད་པའི་འབྲས་བུ་མཆིས་པར་མཛོད༔ ཅེས་བརྗོད་ཕུད་དང་གཏོར་མ་ཅི་འབྱོར་འབུལ༔ བར་ཆད་སེལ་ཞིང་སྡོང་གྲོགས་བྱེད་པར་འགྱུར༔ དེ་ཕྱིར་མ་འོངས་རྣམས་ཀྱིས་སྤྱོད་མཁས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱལ་ཁམས་པ་ཉི་མ་གྲགས་པས་ནགས་ཤོད་མེ་འབར་ཕུག་ནས་ཆུ་ཁྱི་ལ་གདན་དྲངས་ཤིང་ས་འབྲུག་ལ་ཤོག་སེར་ལས་བསྒྱུར་བའོ། །མངྒ་ལཾ། །


previousགཏེར་སྲུང་བསང་གསུར་གྱིས་མཆོད་ཐབས།next