Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབང་ཆེན་དྲེགས་པ་ཟིལ་གནོན་གྱི་སྒྲུབ་ཐབས་ཀྱི་རིམ་པ་གསུམ་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདབང་ཆེན་དྲེགས་པ་ཟིལ་གནོན་གྱི་སྒྲུབ་ཐབས་ཀྱི་རིམ་པ་གསུམ་པའི་ཟིན་བྲིས།next

དབང་ཆེན་དྲེགས་པ་ཟིལ་གནོན་གྱི་སྒྲུབ་ཐབས་ཀྱི་རིམ་པ་གསུམ་པའི་ཟིན་བྲིས།

དབང་ཆེན་དྲེགས་པ་ཟིལ་གནོན་གྱི་སྒྲུབ་ཐབས་ཀྱི་རིམ་པ་གསུམ་པའི་ཟིན་བྲིས་ཕྲན་བུ་སུ་ལའང་མ་སྟོན་ཤིན་ཏུ་གསང་ཨྠིྀ། །གུ་རུ་རྩ་བ་གསུམ་ལ་ཕྱག་འཚལ་ལོ། །དབང་ཆེན་དྲེགས་པ་ཟིལ་གནོན་གྱི་སྒྲུབ་པའི་དཀྱིལ་འཁོར་གཏོར་མ་མཆོད་རྫས་སོགས་དཔེའུ་རིས་ལྟར་སོར་བཞག་བྱ། བསྐྱེད་རིམ་ལས་བྱང་གི་གཞུང་ལྟར་བདག་བསྐྱེད་དང་མདུན་བསྐྱེད་གཉིས་ལས་བྱང་ཚར་གཅིག་གི་ཁོང་ནས་བསྐྱེད་པ་བླ་མེད་ཀྱི་སྒྲུབ་ཐབས་སྤྱི་ཁྱབ་ལྟར་ལ། བདག་མདུན་གྱི་ཐུགས་ཀར་ཐུགས་ཀྱི་ལྷ་མཆོག་རྟ་ཕག་ཡབ་ཡུམ་མཐིང་ནག་ཏུ་གསལ་བའི་ཡབ་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ཡིག་དམར་པོའི་མཐའ་སྐོར་དུ། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཧཱུྃ་ཕཊ༔ ཅེས་པའི་སྔགས་འབྲུ་རྣམས་རང་རང་ལས་རང་སྒྲ་དི་རི་རི་ཡབ་ཀྱི་ཐུགས་ཀར་གཡས་སུ་འཁོར། སྔགས་འབྲུ་རྣམས་བརྟེན་པའི་མེ་འགལ་གྱི་བ་དག་དམར་པོ་ལྟ་བུའི་ཕྲེང་ཐག་གཡོན་དུ་འཁོར། ཡུམ་ཐམས་ཅད་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་ཧྲཱིཿལ་སྔགས་འབྲུ་རྣམས་གཡོན་དུ་འཁོར། ཕྲེང་ཐག་གཡས་སུ་འཁོར་བའི་སྟོབས་ཀྱི་འོད་ཟེར་དམར་པོ་ཚ་ལ་མྱུར་བས་འཁོར་འདས་ཐམས་ཅད་ཁྱབ། རྩ་གསུམ་ལྷ་ཚོགས་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱི་ནུས་སྟོབས་བསྡུས་བདག་མདུན་ལ་ཐིམ་པས། མཐུ་སྟོབས་གཟི་བརྗིད་ཐམས་ཅད་ཆེས་ཆེར་རྒྱས་ཏེ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་མུ་མཐའ་མེད་པར་ཕྱོགས་བཅུར་ཁྱབ་པར་འབར་བ་བསྒོམས་ཏེ་སྙིང་པོ་བགྲང་། ཁྱད་པར་དུ་ཡབ་ཀྱི་ཐུགས་ཀའི་སྔགས་འཁོར་ལས་ཡེ་ཤེས་ལྔའི་རང་མདངས་ཀྱི་འོད་ཟེར་ཁ་དོག་ལྔ་ལྡན་རྩ་དབུ་མའི་ལམ་བརྒྱུད་ནས། ཡབ་ཀྱི་རྡོ་རྗེ་ལས་ཐོན་ཡུམ་གྱི་བྷ་ག་ནས་གྱེན་ལ་འཕར། ཡུམ་ཐམས་ཅད་ཀྱི་ཐུགས་ཀར་སྔགས་འབྲུ་ས་བོན་ཧྲཱིཿདང་བཅས་པ་རྣམས་ལ་ཐིམ་པས་ཡབ་ཡུམ་ཐམས་ཅད་བདེ་སྟོང་གི་ཡེ་ཤེས་རབ་ཏུ་རྒྱས་ཏེ། རྟ་སྐད་དང་ཕག་ཞལ་གྱི་སྒྲས་སྲིད་གསུམ་གཡོ་ཞིང་ཁམས་གསུམ་གྱི་ཆེ་བཙན་དྲེགས་ཚོགས་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་བྲན་དུ་བཀོལ་ཏེ་བཀའ་ཉན་ལས་བྱེད་པར་བསམས་ཏེ་བསྙེན་པ་བགྲང་། ཁྱད་པར་དུ་སྤྲུལ་པ་ཡང་སྤྲུལ་ཁྲོ་བོ་ཁྲོ་མོ་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་མང་པོ་ནམ་མཁའི་སྐར་ཚོགས་ལྟར་འཁྲུག། ཉི་ཟེར་ཀྱི་རྡུལ་ལྟར་འཚུབས་ཏེ་ཕྱོགས་བཅུར་འཕྲོས་ནས་དྲེགས་ཚོགས་ཐམས་ཅད་ཀྱི་སྲོག་སྙིང་ཕྲོགས། བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་བསད་བཅད་གཏུབས་ཏེ་ཤ་ཟོས་ཁྲག་འཐུངས་དོན་སྙིང་མུར་ཏེ་ཐལ་བའི་རྡུལ་བཞིན་བརླག་པར་བསམས་ཤིང་། གཞལ་ཡས་ཀྱི་ཕོ་བྲང་གནམ་ལྕགས་འབར་བ་ལས་གྲུབ་པའི་ཞིང་ཁམས་བང་རིམ་དགུ་པ་ཤིན་ཏུ་རྒྱ་ཆེ་ཞིང་ཡངས་པའི་ཀློང་དུ། བསྲུང་བྱ་ཐམས་ཅད་ཁྲོ་བོ་དང་ཁྲོ་མོའི་རང་བཞིན་དུ་ཡོམ་ཡོམ་ཤིག་ཤིག་སྔགས་སྒྲ་དི་རི་རི་བསྒོམ་ཞིང་། རྩ་བསྙེན་འབུམ་ཚོ་དགུ་གཞུང་ནས་གསུངས་ཀྱང་བྱེ་ཆུང་གཅིག་ཙམ་གྱི་གྲངས་ཐེམས་པར་བྱེད། རྩ་བའི་སྒྲུབ་ཐབས་འདི་ལན་གསུམ་ཙམ་བསྐྱལ་ནས། སླར་ཐུན་མགོ་རྣམས་སུ་སྔགས་དམིགས་འདི་ཐུན་ཆུང་རེའི་མཇུག་ཏུ་ཡབ་ཡུམ་སྲས་གསུམ་གྱི་ཐུགས་ཀར་སྔགས་འཁོར་དམིགས་པ་གཞུང་ལྟར་གསལ། བསྙེན་པ་བར་མ་གྲངས་ལྟར་བཟླས། སྒྲུབ་པ་གོང་འོག་འདི་གཉིས་སྦྲེལ་བའི་བསྙེན་སྒྲུབ་ལན་གསུམ་ཙམ་བསྐྱལ། སླར་སྔ་མ་ལྟར་ཐུན་མགོ་རྣམས་ལ་སྔགས་དམིགས་ཐུན་ཆུང་རེའི་མཇུག་ཏུ་འཁོར་གྱི་སྡེ་བརྒྱད་རྣམས་ཀྱི་ཐུགས་ཀར་ས་བོན་ཨ་ཡ་མ་དུ་རུ་ཙ་ཤ་ན་སོགས་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་གསལ་བའི་མཐར། བསྙེན་པ་འོག་མའི་སྔགས་འཁོར་རྣམས་སྐོར་ཞིང་སྔགས་དམིགས་གནད་དུ་བསྣུན་ཏེ་བསྒྲུབ་པར་བྱའོ། །འདི་དག་གི་སྒྲུབ་པ་ལ་གོང་ལྟར་སྔ་དྲོ་ཞི་བ་ཉིན་གུང་རྒྱས་པ་དགོང་མོ་དབང་སྲོད་ལ་དྲག་པོའམ་ཡང་ན་ཐུན་མཚམས་རྣམས་སུ་ལས་བཞིའི་སྔགས་ཀྱི་ཤམ་བུ་ཨཱོཾ་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ སྭཱ་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱ་ལྷ་འདྲེ་མི་གསུམ་ཐམས་ཅད་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ་གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་སྒྲུབ་པ་གསུམ་པོ་གཙོ་བོ་གང་ཡིན་གྱི་བསྙེན་པ་བརྒྱ་སྟོང་ངམ་བདུན་གསུམ་ལས་མ་ཉུང་བར་གདགས་ཤིང་། དམིགས་པ་ཡང་དེར་མཐུན་དུ་བདེ་མཆོག་གི་སྒྲུབ་པའི་ཟིན་བྲིས་མཚོ་རྒྱལ་གྱི་མཛད་པ་ལྟར་སྔགས་དམིགས་ཀྱི་རིམ་པ་ལ་འབད། ཉམས་བྱིང་བ་སྒྲུབ་རྫས་ལ་བག་རྡུལ་ཆགས་པ་རྨི་ལྟས་ངན་པ་སོགས་ཀྱི་སྐབས་སུ་ཧཱུྃ་སྒྲ་སྒྲོག་ཅིང་ཁྲོ་ཚོགས་སྤྲོ་བ། ལྟས་ལེགས་པའི་སྐབས་སུ་ཏིང་འཛིན་གྱིས་སྒྲུབ་རྫས་ལྷག་པའི་ལྷར་གསལ་བ་ལས་དབང་བཞི་ལེན་པ་རྣམས་ཀྱང་བདེ་མཆོག་གི་ཟིན་བྲིས་ལྟར་བྱ། ལར་བཟང་རྟོག་ངན་རྟོག་ཐམས་ཅད་རང་གི་སེམས་ཉིད་ཀྱི་སྣང་འཛིན་དག་མ་དག་གི་རོལ་པ་ཡིན་པས་རེ་དོགས་ཀྱི་འཛིན་པ་བྲལ་བའི་ངང་ནས་ལྷ་དང་རང་སེམས་དབྱེར་མེད་ཀྱི་ངང་ནས་བསྒྲུབ་པར་བྱའོ། །རྒྱུན་ལྡན་གྱི་ལས་བྱང་ཚར་གཅིག་གཏོང་ཀྱང་བསྙེན་པ་གོང་མ་ལ་བརྒྱ་བར་མ་ལ་ལྔ་བཅུ་འོག་མ་ལ་བཅུ་ལས་བཞིའི་ཤམ་བུ་གདགས་པ་ཉེར་གཅིག་ལས་མི་ཉུང་བར་བྲེལ་བ་ཆེ་ཡང་བགྲང་དགོས། ཚོགས་དང་སྨད་ལས་ཆད་ན་ཆོ་ག་རྐང་ཆག་ཡིན་པས་ཅི་ནས་མི་རུང་། བསྙེན་སྒྲུབ་ཅི་བྱེད་ཀྱང་ངག་བྱིན་བརླབས་ཨཱ་ལི་ཀཱ་ལི་བདེ་མཆོག་གི་ཟིན་བྲིས་ལྟར་ཅི་ནས་དགོས། ནང་མཚམས་གྲོལ་ཀྱང་ཕྱི་མཚམས་ཞག་གཅིག་ལ་མ་གྲོལ་བར་གནས་སྲུང་བས་ཕྱིས་བར་ཆད་མི་འབྱུང་བའི་རྟེན་འབྲེལ་ཡིན་པས་དེ་ལྟར་མཛོད། །ཅེས་པ་འདི་རྣམས་སློབ་མ་འབུམ་སྐྱབས་ཀྱིས་དགོས་གསུངས་པ་ལྟར་འདུ་ཤེས་གསུམ་པ་རིག་འཛིན་ཆེན་པོ་ཉི་མ་གྲགས་པས་སྟག་མོ་སྒང་དུ་མཛད་པའོ། །མངྒ་ལཾ།། །།


previousདབང་ཆེན་དྲེགས་པ་ཟིལ་གནོན་གྱི་སྒྲུབ་ཐབས་ཀྱི་རིམ་པ་གསུམ་པའི་ཟིན་བྲིས།next