Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་དབང་བཤད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་དབང་བཤད།next

རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་དབང་བཤད།

རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་དབང་བཤད་བཞུགས་སོ། །དབང་ཆེན་པདྨ་ཧེ་རུ་ཀཿ དཔལ་ཆེན་པོ་བརྒྱུད་ལྡན་བླ་མའི་ཚོགས་ལ་ཕྱག་འཚལ་ལོ། །དབང་ཐོབ་དམ་ལྡན་བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེ་འཛིན་པ་གང་དག་གིས་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་དབང་སྦྱིན་པར་འདོད་པས། བཅའ་བ་ལག་ལེན་གྱི་རིམ་པ་གཞུང་ལྟར་བསྲང་ལས་བུམ་བསྐྱེད་ཆོག་ཡན་གྲུབ་ནས་ཏིང་འཛིན་དམིགས་པ་རྩེ་གཅིག་གིས་བདག་འཇུག་བླངས། དེ་ནས་དམ་ལྡན་གྱི་སློབ་བུ་ལྔ་གསུམ་བདུན་ལས་མི་མང་བ་ལ་ཐུན་མོང་གི་སྟ་གོན་ཚར་བ་དང་མཎྜལ་གྱིས་སློབ་དཔོན་མཆོད། དེ་ནས་དབང་གི་བྱེ་བྲག་ལོ་རྒྱུས་བརྗོད་པ་འདི་སྐད་དོ། ན་མོ་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་བཅས་པ་སུ་བཞུགས་པ། །འདིར་ནི་སྟོན་པས་ཆོས་ཀྱི་ཆར་འབེབས་པས། །སུ་དག་གསན་པར་འདོད་པ་འདིར་གཤེགས་ཤིག །འོ་ན་ད་ལམ་ཁྱེད་འདིར་འདུས་ཤིང་ཚོགས་པ་རྣམས་ཐུགས་མ་ཡེངས་པར་འདུན་པ་རྩེ་གཅིག་དང་བཅས་པའི་སྒོ་ནས། སྐབས་སུ་བབ་པའི་ངོ་སྐལ་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་དབང་སྦྱིན་པའི་ཐོག་མར་ལོ་རྒྱུས་རྣམས་ལེགས་པར་གསན་པར་ཞུ། དེ་ཡང་གཞུང་ལས། སྔོན་ཚེ་བསྐལ་པ་དཔག་མེད་གོང་རོལ་དུ༔ སངས་རྒྱས་ཐུབ་དཀའ་གཞོ་ནུར་དམ་ལོག་སྟེ༔ རིགས་དྲུག་གནས་དང་ཁྱད་པར་ངན་སོང་གསུམ༔ སྡུག་བསྔལ་ཀུན་ཏུ་འཁོར་བས་ཡོངས་སུ་མནར༔ ལས་ཀྱི་ལྷག་མ་དུག་ལྔའི་ནུས་སྟོབས་ཀྱིས༔ ཐ་མར་བདུད་པོ་མ་ཏྲཾ་རཱུ་ཊར་སྐྱེས༔ དེ་ཚེ་འཛམ་གླིང་ལས་ཀྱི་ས་པ་འདིར༔ གནས་ཞིང་དུར་ཁྲོད་ལ་སོགས་ཐམས་ཅད་དག༔ ལྷ་དང་ལྷ་མིན་ཀླུ་དང་གནོད་སྦྱིན་དང་༔ དྲི་ཟ་སྲིན་པོ་སོགས་ཀྱིས་བདག་ཏུ་བཟུང་༔ དེ་ཚེ་དེ་དག་མ་ལུས་ཐམས་ཅད་ཀྱིས༔ མ་ཏྲཾ་རཱུ་ཊའི་ཆེ་བ་ཐོས་པ་དང་༔ ལངྐའི་རྒྱལ་པོ་དམ་པ་ཏོག་དཀར་དང་༔ ལྷ་མིན་དབང་པོ་ལ་སོགས་ཕམ་པ་ཤེས༔ སྦྱོར་དང་སྒྲོལ་བ་དག་ལ་ཀུན་ཀྱང་དད༔ དེ་རྣམས་འཁོར་ཚོགས་དེ་ལ་སྐྱབས་སུ་སོང་༔ སྐུ་ཡི་བྱ་ར་གསུང་གི་བཀའ་སྡོད་དང་༔ ཐུགས་ཀྱི་དགྱེས་སྡེ་སྦྱོར་སྒྲོལ་མངག་གཞུག་གྱུར༔ དེ་ཚེ་རཱུ་ཊ་འཁོར་བཅས་འཇིག་རྟེན་འདིར༔ ཆེ་བཙན་འགྲན་ཟླ་བྲལ་ཞིང་སྐྱེ་འགྲོ་རྣམས༔ ཕོ་གསོད་མོ་སྦྱོར་མྱ་ངན་མུན་པས་ནོན༔ ལོག་པར་ལྟ་བའི་བདུད་ཚོགས་དེ་རྣམས་ནི༔ དུས་གསུམ་སངས་རྒྱས་རྣམས་ཀྱིས་གདུལ་བྱར་གཟིགས༔ ཡ་ངའི་ཉམ་ཐག་འགྲོ་བ་སྒྲོལ་བའི་ཕྱིར༔ ཆོས་དབྱིངས་གནས་སུ་བཀའ་བགྲོས་དགོངས་པ་བསྡུར༔ ཐབས་ཤེས་ངོ་བོ་རྟ་ཕག་ཡབ་ཡུམ་སྤྲུལ༔ ཁྱད་པར་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས༔ དབང་བཞི་བསྐུར་ནས་བྱིན་རླབས་མངའ་ཡང་གསོལ༔ སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མ་ཡིས༔ ལུང་བསྟན་དབུགས་དབྱུངས་བདུད་འདུལ་ཤིས་པ་མཛད༔ དེ་ནས་ཁྲོ་བོ་རྟ་མགྲིན་ཡབ་ཡུམ་གྱིས༔ དབང་དང་དྲག་པོའི་ལས་ཀྱིས་རཱུ་ཊ་བསྒྲལ༔ སྲས་མཆོག་སྨེ་བ་བརྩེགས་པས་ཁྲུས་ཀྱིས་བྲན༔ རྟ་ཕག་ཡབ་ཡུམ་རྟ་ཞལ་ཕག་སྐད་བསྒྲགས༔ ཕྱོགས་བཅུའི་བདེ་གཤེགས་དུས་བཞིའི་སངས་རྒྱས་རྣམས༔ དྭངས་པའི་མཁའ་ལ་ཆར་སྤྲིན་ལྟ་བུར་བྱོན༔ ཆོས་ཀྱི་དབྱིངས་ལས་གཡོ་བ་མི་མངའ་ཡང་༔ རིགས་ལྔའི་ལྷ་ཚོགས་ཁྲག་འཐུང་ཁྲོ་བོ་དང་༔ ཁྲོ་བོ་ཞི་མ་ཁྲོ་སོགས་རྡུལ་ལྟར་འཚུབས༔ དེ་ཚེ་རཱུ་ཊ་ཕོ་མོའི་དབང་པོ་ཉམས༔ རྟ་ཕག་ཡབ་ཡུམ་མདུན་གྱི་མཁའ་ལ་འཕགས༔ ལྷ་ཆེན་ཚངས་པའི་འདོམ་གང་མཁའ་ལ་འགྱིང་༔ རཱུ་ཊ་ཕོ་མོས་སྨྲེ་སྔགས་དབྱངས་པ་ལས༔ གནས་དང་ཞིང་དང་དུར་ཁྲོད་ལ་སོགས་དང་༔ བགེགས་དང་འབྱུང་པོ་མ་ལུས་དེར་འདུས་ནས༔ རཱུ་ཊ་ཕམ་པ་མ་བཟོད་དམག་གཡོས་ནས༔ ཆོ་འཕྲུལ་དུ་མའི་སྤྲུལ་བསྒྱུར་བསྟན་པའི་ཚེ༔ གནོད་སྦྱིན་ལག་ན་རྡོ་རྗེས་སྤྲུལ་པ་བཀྱེ༔ ཁྲོ་བོ་བཅུ་ཡིས་དབང་བསྡུས་ཟིལ་གྱིས་མནན༔ དེ་ནས་རཱུ་ཊའི་ལུས་ལ་ཐིག་གདབ་ནས༔ ཁྲོ་བོ་ཁྲོ་མོ་རྣམས་ཀྱི་ཕོ་བྲང་བཏབ༔ དེ་ཚེ་དྲེགས་ཚོགས་འཁོར་དང་བཅས་པ་ཡིས༔ དབུས་ལ་མཆིས་པའི་བསྐལ་བ་མེད༔ དབང་དྲག་ཕོ་བྲང་མུ་རན་སྐྱོང་༔ ཕུད་ལ་འཚལ་བའི་བསྐལ་བ་མེད༔ ལྷག་མའི་ཞལ་ཆབ་ངེད་ཀྱིས་ཞུ༔ བཀའ་འདས་བསྒྲལ་ཞིང་མུ་རན་སྐྱོང་༔ རང་རང་ལུས་ཆས་སྲོག་སྙིང་ཕུལ༔ ཡེ་ཤེས་ཆས་སུ་བྱིན་གྱིས་བརླབས༔ དེ་ནས་ལག་ན་རྡོ་རྗེ་ཡིས༔ རཱུ་ཊ་ཕོ་མོའི་ཡིད་ལུས་དང་༔ དྲེགས་ཚོགས་འཁོར་དང་བཅས་པ་ལ༔ དམ་ཚིག་གསང་བའི་བདུད་རྩི་བྱིན༔ གནས་གསུམ་རྡོ་རྗེས་དབང་བསྐུར་ཏེ༔ དབང་རྟགས་ཅོད་པན་སྤྱི་བོར་བཏགས༔ ཐར་པ་འཐོབ་པའི་ལུང་ཡང་བསྟན༔ རཱུ་ཊ་ཐར་པ་ནག་པོ་ལ༔ གསང་མཚན་མ་ཧཱ་ཀཱ་ལར་གསོལ༔ བསྟན་པ་སྲུང་བའི་གཉེར་བྱང་གཏད༔ དེ་ཚེ་ཕྱོགས་བཅུའི་སངས་རྒྱས་དང་༔ ཁྲོ་བོ་ཁྲོ་མོ་མཁའ་འགྲོ་མ༔ མ་ཧཱ་ཀཱ་ལ་འཁོར་བཅས་ལ༔ རྟ་གདོང་རྟ་སྐད་བཞད་པའི་རྒྱུད༔ རྔོག་མ་ལེ་བརྒན་འབར་བའི་རྒྱུད༔ ཧྱ་གྷྲཱི་ཝ་དབང་གི་རྒྱུད༔ པདྨ་ཀྲོ་ཏ་ཁྲོས་པའི་རྒྱུད༔ དབང་དྲག་གཏུམ་པོ་གློག་གི་རྒྱུད༔ པདྨ་ཁྲག་འཐུང་རོལ་པའི་རྒྱུད༔ སྔགས་ཀྱི་བཞད་སྒྲ་སྒྲོགས་པའི་རྒྱུད༔ དྲེགས་པའི་སྲོག་འབྱིན་དམར་ནག་རྒྱུད༔ དྲེགས་པ་བྲན་དུ་ཁོལ་བའི་རྒྱུད༔ བདེ་གཤེགས་ཁྲོ་ཚོགས་ཐབས་ཀྱི་རྒྱུད༔ མ་རྒྱུད་འབར་མ་ཤེས་རབ་རྒྱུད༔ གཉིས་མེད་རོལ་པ་ཡེ་ཤེས་རྒྱུད༔ སྒྱུ་འཕྲུལ་འབར་བ་གར་གྱི་རྒྱུད༔ དེ་སོགས་བླ་མེད་རྒྱུད་ཀྱི་སྡེ༔ འབར་བའི་དབང་གི་རྒྱལ་པོས་གསུངས༔ སྤྲུལ་པའི་མཁའ་འགྲོས་ཡི་གེར་བཏབ༔ དྲ་བའི་བཙུག་ལག་ཁང་དུ་མཆོད༔ རཱུ་ཊའི་བེམ་པོ་དུམ་བུར་བཅད༔ གནས་ཡུལ་དུར་ཁྲོད་གནས་སུ་འཕང་༔ མཁའ་སྤྱོད་ས་སྤྱོད་ས་འོག་སྤྱོད༔ གནས་དང་ཡུལ་དུ་བྱིན་གྱིས་བརླབས༔ ཞི་བའི་ལྷ་ཚོགས་ཆོས་དབྱིངས་གཤེགས༔ ཁྲོ་ཚོགས་ཁྲག་འཐུང་གནས་སུ་གཤེགས༔ མཁའ་འགྲོ་གནས་དང་ཡུལ་ལ་གཤེགས༔ སོ་མཚམས་བསྟན་པའི་བྱ་རར་བཞག༔ དབང་དང་དྲག་པོའི་འཕྲིན་ལས་ཀྱིས༔ སྐལ་ལྡན་གྲོལ་བའི་ཐེག་པ་ཤར༔ ཞེས་པའི་གནས་ཕུན་སུམ་ཚོགས་པ་བམ་རི་ཐོད་མཁར་མ་ལ་ཡ་རྩེ་ན། དུས་ཕུན་སུམ་ཚོགས་པ་བདུད་པོ་མ་ཏྲཾ་རཱུ་ཊ་གདུལ་བའི་དུས་ལ་བབས་ནས་སྦྱོར་སྒྲོལ་གྱི་སྤྱོད་པ་བླ་ན་མེད་པའི་བསྐལ་པ་ཤར་ཚེ། སྟོན་པ་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་དཔལ་ཆེན་པོ་ཁྲག་འཐུང་པདྨ་ཧེ་རུ་ཀཿརྟ་མཆོག་དབང་གི་རྒྱལ་པོ་ཡབ་ཡུམ་གྱིས། འཁོར་ཕུན་སུམ་ཚོགས་པ་ཕྱོགས་དུས་ཀྱི་རྒྱལ་བ་རིས་སུ་མ་གྲུབ་པའི་ཡེ་ཤེས་དང་འཇིག་རྟེན་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་དཔལ་ཆེན་པོ་དབང་ཆེན་འབར་བའི་རྒྱུད་སྡེ་མང་དུ་གསུང་བ་རྣམས་ནི་སྔོན་བྱུང་གི་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྐབས་སུའོ། །སྤྱི་དོན་གཉིས་པ་རྒྱུད་ལ་བརྟེན་པའི་སྒྲུབ་ཐབས་ཇི་ལྟར་བྱུང་བ་དང་བཀའ་བབས་བརྒྱུད་པའི་ལོ་རྒྱུས་ཀྱང་གཞུང་ལས། དེ་ནས་སྟོན་པའི་བསྟན་པ་ལ༔ རབ་ཏུ་སྡང་བའི་མུ་སྟེགས་ཡུལ༔ རྡོ་རྗེ་གདན་གྱི་ལྷོ་ནུབ་ཏུ༔ ཨུ་མ་དྲག་མོའི་སྤྲུལ་པ་ལས༔ དཔལ་འཛིན་མ་ཞེས་བུད་མེད་ལ༔ ལྷ་ཆེན་དབང་གི་འོད་སྤྲོས་པས༔ སྤྲུལ་པའི་སྲས་མཆོག་མཐུ་སྟོབས་ལྡན༔ དབང་དྲག་ཐོགས་མེད་གྲུབ་པ་ཞིག༔ སྐུ་འཁྲུངས་ཀུན་གྱིས་བཀུར་ཞིང་མཆོད༔ ཕྱི་ནང་གཉིས་ཀྱི་པཎ་ཆེན་ཚོགས༔ ཁྱད་པར་ལྡན་པའི་སྲས་དེ་ལ༔ ནང་པའི་པཎ་ཆེན་ཕལ་མོ་ཆེས༔ སྦྱངས་སྒྲོད་ཐོས་བསམ་མ་བྱས་པའི༔ སྟོབས་དང་རྫུ་འཕྲུལ་ངོ་མཚར་མིན༔ སྨྲས་པས་ཕྱི་པའི་པཎ་ཆེན་གྱིས༔ སྔོན་སྦྱངས་སོང་བའི་སྐྱེས་བུ་ལ༔ ཚེ་འདིའི་སྦྱངས་སྒྲོད་ཅི་ཞིག་བྱ༔ འདུན་པས་སྤྲུལ་པ་དྲིའོ་ཞེས༔ ཕྱི་ནང་གཉིས་ཀྱི་ཚིག་གི་འཕྲེང་༔ སྤྲུལ་པ་ཉིད་ལ་གསོལ་པ་ལས༔ ང་ནི་ལྷ་དབང་ཐུགས་ཀྱི་སྲས༔ སྟོབས་ལྡན་དྲག་པོའི་རིགས་སྔགས་འཆང་༔ སྤྲུལ་པ་སྡེ་བརྒྱད་ཆོ་འཕྲུལ་བསྒྱུར༔ སུ་ལྟར་མཆོད་པའི་སྐྱབས་དང་མགོན༔ ལོག་པར་ལྟ་བ་ངས་ཚར་གཅོད༔ ཅེས་གསུངས་ནང་པ་ཐམས་ཅད་ཀྱིས༔ འདི་ནི་ལྷ་ཆེན་སྤྲུལ་པའོ༔ ཟེར་ཏེ་མཆོད་སྒྲུབ་མ་བསྟེན་བསྐྱུར༔ ཕྱི་པའི་པཎ་ཆེན་ཐམས་ཅད་ཀྱིས༔ དངོས་གྲུབ་སྩོལ་བའི་གསོལ་བ་བཏབ༔ དེ་ནས་སྤྲུལ་པའི་སྲས་མཆོག་དེས༔ སུས་ཀྱང་མ་བྱས་རང་ཤར་བའི༔ ལྕགས་མཁར་ཕོ་བྲང་བང་རིམ་དགུ༔ ཕྱི་ནི་མཆོད་རྟེན་རང་བཞིན་ལ༔ ནང་ནི་དྲག་པོའི་གཞལ་ཡས་ཁང་༔ རྒྱ་ཁྱོན་མུ་མཐའ་རྔམ་བརྗིད་འབར༔ དེ་དབུས་དྲག་པོའི་དཀྱིལ་འཁོར་བཞེངས༔ ལྷ་ཆེན་དྲག་པོ་བསྒྲུབས་པས་གྲུབ༔ དྲེགས་ཚོགས་ཐམས་ཅད་བྲན་དུ་བཀོལ༔ མཐུ་དང་ནུས་པ་མེ་ལྟར་འབར༔ ཕྱི་པས་མཆོད་ཅིང་ནང་པར་རྦད༔ ཨོ་རྒྱན་པུ་རའི་ཡུལ་དང་ནི༔ རྒྱ་གར་ཡུལ་ཕྱོགས་མི་འདོད་པའི༔ རྐྱེན་དང་བར་ཆད་སྣ་ཚོགས་འཚུབས༔ སངས་རྒྱས་བསྟན་པ་བབས་ཀྱིས་ཉམས༔ ནང་པའི་པཎ་ཆེན་ཕལ་ཆེར་འདས༔ དེ་ཚེ་སྣང་བ་མཐའ་ཡས་ཀྱིས༔ གདམས་པར་སྤྱོད་ཅིང་ལུང་བསྟན་གནང་༔ བདག་འདྲ་པདྨ་འབྱུང་གནས་དང་༔ སློབ་དཔོན་ཤཱནྟིང་གྷརྦ་གཉིས༔ བཀའ་བགྲོས་ཨོ་རྒྱན་ཡུལ་དབུས་ནས༔ མཁའ་འགྲོའི་གསང་མཛོད་ཞལ་ཕྱེ་སྟེ༔ དྲེགས་པ་ཟིལ་གནོན་རྒྱུད་དཔེ་བླངས༔ སྤྱན་རས་གཟིགས་ལ་དབང་བསྐུར་ཞུས༔ སྟོན་པ་ཟངས་མཆེའི་མདུན་དུ་ལྷགས༔ བདག་ཅག་གཉིས་ལ་གནས་འདི་གཡོར༔ ལྷག་པའི་ལྷ་ལ་གསོལ་བ་འདེབས༔ ཞུས་པས་ལྷ་ནི་གང་ཡིན་གསུངས༔ དབང་ཆེན་རྒྱལ་པོ་ཡིན་གསོལ་བས༔ ལེགས་སོ་གསུངས་ནས་གནང་བ་སྩལ༔ དབང་ཆེན་རྟ་མགྲིན་བསྒྲུབས་པ་ལས༔ རྟ་མཆོག་པདྨ་ཧེ་རུ་ཀས༔ སྐུ་ཡི་དཀྱིལ་འཁོར་མངོན་སུམ་བསྟན༔ དབང་ཆེན་ཁྲོས་པའི་རྟ་སྐད་བཞད༔ ཐུགས་ནི་དབང་དྲག་ཏིང་འཛིན་འབར༔ དེ་ཚེ་དྲེགས་པའི་སྡེ་ཚོགས་དང་༔ ལྷ་ཆེན་ཡབ་ཡུམ་སྲས་དང་བཅས༔ གཙང་རིས་དཔལ་མགོན་ཐམས་ཅད་ཀྱིས༔ བྲན་དུ་ཁས་བླངས་ཐ་ཚིག་ཕུལ༔ བསྟན་པ་གང་ལ་བབས་པ་དེའི༔ བཀུར་སྟི་ཕུ་དུད་བསྙེན་ཅིང་སྒྲུབས༔ དེ་ཡི་བཀའ་དང་བསྟན་པ་སྲུང་༔ ཞེས་གསོལ་རྟ་ཕག་ཡབ་ཡུམ་གྱིས༔ སངས་རྒྱས་བསྟན་པ་གཉན་པོའི་དོན༔ དྲེགས་ཚོགས་སྤྲུལ་འཁོར་ཐམས་ཅད་ཀྱང་༔ འབར་བ་དབང་གི་འཁོར་ལོར་སྒྱུར༔ དེ་ནས་རྒྱུད་ལ་བརྟེན་པ་ཡི༔ དབང་དང་དྲག་པོའི་འཕྲིན་ལས་རྣམས༔ སློབ་དཔོན་གཉིས་ཀྱིས་ལས་ལ་སྦྱར༔ ལྷ་ཆེན་ཡབ་ཡུམ་སྲས་གསུམ་དང་༔ ལག་ན་རྡོ་རྗེ་དྲེགས་ཚོགས་ཀྱིས༔ ཕྱི་པར་རང་གཤེད་རང་ལ་ཕབ༔ བསྟན་པ་ཉམས་ཤིང་ནང་པ་རྒྱས༔ རྒྱ་གར་གླིང་དགུའི་དཔལ་འབྱོར་འཕེལ༔ ནང་པའི་པཎ་ཆེན་ཉམས་རྟོགས་རྒྱས༔ སངས་རྒྱས་བསྟན་པ་ཆེས་ཆེར་གསལ༔ དེ་ཕྱིར་གདམས་པ་ཟབ་མོ་འདི༔ བརྗོད་པར་དཀའ་བའི་ཆོས་ཡིན་ཀྱང་༔ ཆོས་རྒྱལ་སྐུ་ངོ་ཆེ་ཕྱིར་གདམས༔ མི་བརྗེད་གཟུངས་ཐོབ་མཚོ་རྒྱལ་མས༔ ཡི་གེར་ཐོབ་ལ་གཏེར་དུ་སྦོས༔ མ་འོངས་སྙིགས་མ་རྩོད་ལྡན་ཚེ༔ ཀླུ་ཡི་དབང་པོའི་སྐྱེ་བའི་མཐའ༔ གར་དབང་འགྲོ་འདུལ་གླིང་པའམ༔ ཁམས་པ་ཉི་མ་གྲགས་པས་འབྱིན༔ སངས་རྒྱས་བསྟན་ལ་ཕན་པ་འོང་༔ ཁྱད་པར་ལུང་ནས་བཤད་པའི་བུ༔ བོད་འབངས་སྐྱེ་འགྲོའི་རྩ་ལག་ལ༔ འཕྲོད་ན་བསྟན་འགྲོའི་དོན་ལ་སྤྱོད༔ ས་ལ་གནས་པའི་སེམས་དཔའ་ལྔར༔ འཕྲོད་ན་འཕྲིན་ལས་རྒྱས་པ་དང་༔ ཚེ་ཡང་མཐའ་རུ་ཕྱིན་པར་འགྱུར༔ མོས་གུས་ལྡན་པའི་བུ་བདུན་ལ༔ གདམས་པ་འདི་ཉིད་བཏབ་གྱུར་ན༔ སྒྲུབ་པ་མཐར་ཕྱིན་དངོས་གྲུབ་འཐོབ༔ བཀྲ་ཤིས་དཀོན་མཆོག་འཕགས་པ་དབང་༔ བློ་གྲོས་ངག་དབང་དཔལ་གྱི་མིང་༔ ཚེ་དང་སྐྱབས་ཞེས་སྐལ་ལྡན་དགུར༔ གདམས་པ་བྱིན་ན་དངོས་གྲུབ་འཐོབ༔ ཅེས་གསུངས་པའི་ཟབ་ཆོས་ཀྱི་གདམས་པ་རིན་པོ་ཆེ་འདི་ཉིད་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཟིན་བྲིས་སུ་བཏབ་སྟེ་གནས་མཆོག་ཆེན་པོ་ཁམས་སྲིང་མོ་རྫོང་གི་ནུབ་སྒོ་ནགས་ཤོད་མེ་འབར་ཕུག་ཏུ་མཁའ་འགྲོའི་གསང་མཛོད་དུ་བཞུགས་སུ་གསོལ་བ། ལུང་བསྟན་དུས་བབས་ལྟར་དུ་ཁམས་པ་ཉི་མ་གྲགས་པ་ཞེས། ཡོངས་གྲགས་ཀྱི་རྡོ་རྗེ་གླིང་པ་སངས་རྒྱས་གླིང་པ་པདྨ་གླིང་པ་ཨོ་རྒྱན་གླིང་པ་མངའ་བདག་ཉང་གི་གཏེར་ཁ་ཟངས་གླིང་མ་སོགས། གཏེར་ཁ་བདུན་གྱི་ཐང་ཡིག་ལས་ཞལ་འཆམ་པར་ལུང་བསྟན་པ། མི་ལ་ལུས་ཆས་ཡ་མ་ཟུང་དུ་འོང་༔ བསྟན་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་ཡོང་༔ ཁམས་ཀྱི་སྲིང་མོ་རྫོང་གསུམ་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང་༔ ཁམས་པ་ཉི་མ་གྲགས་ཀྱི་མིང་ཅན་འབྱུང་༔ ཞེས་གསུངས་པ་ལྟར་དུ་ཁམས་སྒོམ་སྡེ་ནང་ཆེན་དུ་སྐྱེས་པ་རྟེན་འབྲེལ་འབྲིང་ལ་བབས་ཏེ་གངས་རིའི་རྒྱལ་པོ་ཏེ་སེ། རྒྱ་གར་རྩྭ་མཆོག་དྲུང་། མང་ཡུལ་བྱམས་པ་སྤྲིན། ཤངས་ཟབ་བུ་ལུང་། ཁམས་ཀྱི་སྲིང་མོ་རྫོང་སོགས་ནས་གཏེར་ཆེན་བདུན་གཏེར་ཕྲན་བརྒྱད་རྣམས་གདན་དྲང་པའི་ཆོས་སྐོར་ལ། བླ་མ་བདེ་མཆོག་དབང་གི་འཁོར་ལོ། རྫོགས་ཆེན་གསང་བ་སྙིང་ཐིགས། ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ། ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ། ཟབ་ཆོས་པདྨ་དྲག་ཁྲོས། རྟ་མགྲིན་དྲེགས་པ་ཟིལ་གནོན། ཕག་མོ་ཟབ་ཏིག་སྐོར་ལྔ། སྔགས་བདག་འབར་མའི་ཐུགས་ཐིག །ཁྱབ་བདག་ནཱ་ག་རཀྴ། ནོར་བདག་ཡིད་བཞིན་ནོར་བུ་རྣམས་ཀྱི་སྐོར་ལ། རྒྱུད་སྡེ་ཆེན་པོ་བཞི། དཀྱིལ་འཁོར་བཅོ་བརྒྱད། སྒྲུབ་ཐབས་བཞི་བཅུ་ཞེ་བདུན། སྒྲུབ་ཆེན་གསུམ། བདུད་རྩི་སྨན་གྱི་སྒྲུབ་པ། བུམ་སྒྲུབ་རིགས་གཉིས། ཁྲིད་ཆེན་བཅུ་བདུན། དབང་ཆེན་ཉེར་ལྔ། སྨད་ལས་ཀྱི་བཟློག་པ་བདུན། བསྐང་མདོས་ཆེན་མོ་གསུམ། གླུད་ཀྱི་མདོས་མོ་ཆེ། སྦྱིན་སྲེག་ཉི་ཤུ་ཐམ་པ། རབ་གནས་ཀྱི་ཆོ་ག་གཉིས་སོགས་ལས་རབ་འབྱམས་ཡོངས་རྫོགས་ཆོས་ཚན་སུམ་བརྒྱ་དང་སུམ་ཅུ་རྩ་ལྔ་བཞུགས་པའི་ནང་ནས་ད་ལམ་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་དབང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་སོགས་ནས་དབང་བསྐུར། ༈ རྗེས་སུ་འོ་དེ་ལྟར་གནས་མཆོག་ཆེན་པོ་ཁམས་སྲིང་མོ་རྫོང་གི་ནུབ་སྒོ་མེ་འབར་ཕུག་ནས་ཆུ་ཁྱིའི་ལོ་ལ་ཁམས་པ་ཉི་མ་གྲགས་པས་གཏེར་ནས་གདན་དྲངས་ཤིང་ལྕགས་ཕོ་རྟའི་ལོ་ལ་ཁམས་ཀྱི་གླང་ཐང་སྒྲོལ་མར་ཤོག་སེར་ལས་བསྒྱུར་བ་དེའི་དབང་ཐོབ་པའི་དམ་ཚིག་ལ་ཚུལ་བཞིན་གནས་པའི་ཆེད་དུ་དེའི་རྗེས་བཟློས་མཛོད། གཙོ་བོས་ཇི་ལྟར་སོགས་བརྗོད། ཅེས་པ་འདི་ཡང་བློ་དམན་གྱི་དོན་དུ་ཉི་མ་གྲགས་པས་མཛད་པའོ། །མངྒ་ལཾ།། །།


previousརྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་དབང་བཤད།next