Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདེན་བརྗོད་གཞུང་ལ་བརྟེན་ནས་ཉི་མ་གྲགས་པས་སྦྱར་བ།
   
   
   
   
   
   
   
   
   
   
   
   
   


 
previousབདེན་བརྗོད་གཞུང་ལ་བརྟེན་ནས་ཉི་མ་གྲགས་པས་སྦྱར་བ།next

བདེན་བརྗོད་གཞུང་ལ་བརྟེན་ནས་ཉི་མ་གྲགས་པས་སྦྱར་བ།

རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་བདེན་བརྗོད་གཞུང་ལ་བརྟེན་ནས་ཉི་མ་གྲགས་པས་སྦྱར་བ་བཞུགས། །ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཧཱུྃ་ཕཊ༔ རྩ་བསྙེན་བརྒྱ་རྩ་འཟླས། བདག་ཉིད་སྐད་ཅིག་གི་དབང་ཆེན་དྲེགས་པ་ཟིལ་གནོན་ཡབ་ཡུམ་གཟི་བརྗིད་ཀྱི་འོད་ཟེར་དང་མེ་དཔུང་ཉི་མ་འབུམ་ལྟར་འབར་ཞིང་གསལ་ལ་དངས་པ། བརྟན་ལ་སྒེག་པ། དཔའ་ལ་འཁྲུག་པ། གཏུམ་ལ་བརྔམ་པ་ཅིག་ཏུ་གསལ་བའི་མདུན་དུ་བྱད་མ་དགྲ་བགེགས་ཀྱི་ལས་ངན་གྱི་རྣམ་སྨིན་ལས་གྲུབ་པའི་གནམ་ལྕགས་ཀྱི་ཁང་སྒྲོམ་མེ་འབར་ཞིང་སྒོ་མེད་པ་ཚ་ལ་རྩུབ་ཅིང་འཇིགས་སུ་རུང་བ་སྐྱི་བུང་ཞིང་ཡ་ང་བའི་ནང་དུ། བྱད་མ་དགྲ་བགེགས་ཆེ་གེ་དེ་ཉིད་ཀྱི་ལྷན་ཅིག་སྐྱེས་པའི་ལྷ་དང་ལྷན་ཅིག་སྐྱེས་པའི་འདྲེ་གཉིས་དུག་གསུམ་མེ་ལྟར་འབར་ཞིང་དུག་ལྔ་ཆུ་ལྟར་ཁོལ་བའི་སྦལ་པ་དཀར་ནག་ལྟོ་སྦྱོར་གྱི་ལྟོ་བ་ཚ་གྲང་འཁྲུག་པའི་ཀློང་དུ་ནྲི་ལས་བྱད་མ་དགྲ་བགེགས་གཟུགས་བྱད་ངན་ཅིང་མྱ་ངན་གྱི་འོ་དོད་ཙེར་ཙེར་འབོད་པ་གཅིག་ཏུ་གྱུར། འགུགས་པའི་ཕྱག་རྒྱ་བཅས། ན་མོ་སངས་རྒྱས་ཆོས་དང་དགེ་འདུན་གསུམ་གྱི་བཀའ་བདེན་པ། བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་བཀའ་བདེན་པ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་བཀའ་བདེན་པ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བཀའ༴ གཞི་དང་ལམ་དང་འབྲས་བུ་གསུམ་གྱི་བཀའ༴ ལྟ་བ་སྒོམ་པ་སྤྱོད་པ་གསུམ་གྱི་བཀའ༴ སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་གྱི་བཀའ༴ ཆོས་ཉིད་དེ་བཞིན་ཉིད་རང་བཞིན་གྱི་རྣམ་པར་དག་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ༴ དཔལ་ཆེན་པོ་ཁྲག་འཐུང་གི་རྒྱལ་པོ་སྟོབས་ལྡན་གྱི་དབང་ཕྱུག་དྲེགས་པ་ཟིལ་གནོན་ཡབ་ཡུམ་གྱི་བཀའ་བདེན་པ། སྤྲུལ་པའི་རྟ་ཕག་སྐུ་ལྔ་ཡབ་ཡུམ་འཇིགས་བྱེད་བྱ་ཁྱུང་འབར་བ་རིགས་བདག་ཨ་མི་དྷེ་ཝ་དང་བཅས་པའི་བཀའ༴ ལྷ་ཆེན་མ་ཧཱ་དྷེ་ཝ་ཡུམ་ལྷ་མོ་ཨུ་མ་དྷེ་ཝི་སྤྲུལ་པའི་སྲས་མཆོག་སྲིན་པོ་ཟངས་མཆེ་གནོད་སྦྱིན་ལག་ན་རྡོ་རྗེ་སྐུ་འཁོར་དང་བཅས་པའི་བཀའ༴ རྒྱལ་པོ་ལི་བྱིན་ཧ་ར་ལ་སོགས་རྒྱལ་འགོང་གི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་བཀའ༴ ཀླུ་བདུད་ནཱ་ག་རཀྴ་ལ་སོགས་འཕེན་པོ་ཀླུའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་བཀའ༴ གཤིན་རྗེ་བྷེ་ཝ་ས་ཏ་ལ་སོགས་འཆི་བདག་གཤིན་རྗེའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་བཀའ༴ གཟའ་བདུད་ཆེན་པོ་རཱ་ཧུ་ལ་ལ་སོགས་དྲག་པོ་གཟའ་ཡི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་བཀའ༴ བཙན་རྒོད་རྡོ་རྗེ་དྲག་རྩལ་ལ་སོགས་དམར་པོ་བཙན་གྱི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་བཀའ་བདེན་པ། དམ་ཅན་མགར་བ་ནག་པོ་ལ་སོགས་ཐེའུ་རང་སྟོང་སྡེའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་བཀའ༴ བདུད་རྗེ་ནག་པོ་ལ་སོགས་ནག་པོ་བདུད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་བཀའ༴ ལྷ་མོ་ནག་མོ་ལ་སོགས་ནད་བདག་མ་མོའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་བཀའ༴ རྒྱལ་ཆེན་སྡེ་བཞི། མགུར་ལྷ་དགེ་བསྙེན། དཔལ་མགོན་བསྟན་མ། ཡུལ་རི་འདི་ཡི་གཞི་བདག །གནས་རི་འདི་ཡི་སྲུང་མ་དང་བཅས་པའི་བཀའི་བདེན་པའི་མཐུ་དང་ནུས་པ་ལ་བརྟེན་ནས། སངས་རྒྱས་ཀྱི་བསྟན་དགྲ། སེམས་ཅན་གྱི་སྤྱི་དགྲ། བླ་མའི་སྐུ་དགྲ། རྣལ་འབྱོར་གྱི་སྒོས་དགྲ། སྔ་དགྲ་དར་བ། ཕྱི་དགྲ་སེམས་པ། ད་དགྲ་བསྡོ་བ། གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། བར་ཆད་ཀྱི་རྐྱེན། ལྷས་གཉའ་ནས་ཇག་པ་བརྩམས་པ་ལྷས་འོག་ནས་རྐུན་མ་བརྩམས་པ། འགྲོ་ལམ་དུ་རྩང་འཛུགས་པ། ཟ་ལམ་དུ་དུག་གཡོ་བ་དོ་བསྡོ་ཞིང་ཕོད་བཙུགས་པ་འགྲས་འཛིན་ཅིང་ཡ་བོ་ཚོལ་བ་བཀའ་དང་དམ་ལས་འདས་ཤིང་རིགས་ལ་བསྙེགས་པ། ཁྱད་པར་དུ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅས་པ་ནས། གཟུགས་ཅན་མི་གཟུགས་མེད་ལྷ་འདྲེའི་བྱད་ཁ་ཕུར་ཁ་གཏད་ཁ་ཁྲམ་ཁ་སྟོན་པའི་སྡེ་བརྒྱད་བན་བོན་ངན་པ་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་བྱིའུ་ཁྲས་བཤུར་བའམ། ཉ་མོ་སྲམ་གྱིས་དེད་པའམ་ཉེས་ཅན་བཙོན་དུ་འཁྲིད་པ་ལྟར་གཟུགས་ལིངྒ་འདི་ལ་ཁུག །གསུམ། དེ་ནས་བསད་ལས་ལྟར་རྒྱས་གདབ་པའམ། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཅེས་པ་འདི་ཡང་འཕོ་ལུང་སྐུ་སྐྱེ་ཀརྨ་རིག་འཛིན་པས་འདོད་ནས་བསྐུལ་ངོར་རིག་འཛིན་འཕྲིན་ལས་རྒྱ་མཚོས་གནས་མཆོག་ཆེན་པོ་ཀོ་ས་ལའམ། ཀློང་ཐང་སྒྲོལ་མར་སྦྱར་བའི་ཡི་གེ་པ་ནི་བྱམས་མེ་དགེ་བཤེས་སོ། །མངྒ་ལཾ། །


previousབདེན་བརྗོད་གཞུང་ལ་བརྟེན་ནས་ཉི་མ་གྲགས་པས་སྦྱར་བ།next