Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒོ་དབྱེ་བཞེངས་གསོལ་འཕྲིན་ལས་མྱུར་མགྱོགས།
   
   
   
   
   
   
   


 
previousསྒོ་དབྱེ་བཞེངས་གསོལ་འཕྲིན་ལས་མྱུར་མགྱོགས།next

སྒོ་དབྱེ་བཞེངས་གསོལ་འཕྲིན་ལས་མྱུར་མགྱོགས།

རྟ་མགྲིན་དྲེགས་པ་ཟིལ་གནོད་ལས། སྒོ་དབྱེ་བཞེངས་གསོལ་འཕྲིན་ལས་མྱུར་མགྱོགས་ཞེས་བྱ་བ་བཞུགས། རྒྱལ་རྣམས་མ་ལུས་ཡེ་ཤེས་པད་འབྱུང་གིས། །ཐུགས་བཅུད་དབང་ཆེན་གདམས་ཟབ་རིན་ཆེན་གཏེར། །གཏད་རྒྱས་བཏབ་ལ་ལས་འཕྲོས་བསྟན་འགྲོའི་དོན། །འདྲེན་མཛད་འགྲོ་འདུལ་གླིང་པ་སྤྱི་བོས་མཆོད། །ཅེས་མཆོད་པར་བརྗོད་ནས། །སྐབས་འདིར་དབང་ཆེན་ཁྲོ་བོའི་རྒྱལ་པོ་དྲེགས་པ་ཟིལ་གནོན་གྱི་གཏོར་བཟློག་གི་ཕྲིན་ལས་བརྩམ་པའི་དུས་སུ་གཏོར་ཟོར་འཕེན་པར་ཕྱོགས་པའི་ཚེ། ཕོ་བྲང་ནང་སྒོ་དབྱེ་ཐབས་གཞུང་དུ་གསེར་སྐྱེམ་དང་འབྲེལ་བའི་ཚིག་ཟིན་ཙམ་ལས་གསལ་ཁ་མ་མཆིས་པར་སྤྲོས་བཅས་སྐབས་ཅུང་ཟད་རྒྱས་པར་བྱ་འདོད་ན་མཆེད་ལྕམ་གྲལ་ལས་བཞེངས་ཤིང་རྔམ་པའི་གར་སྟབས་བསྒྱུར་ཏེ་རོལ་མོ་དབྱངས་དང་བཅས། ཧཱུྃ། དབང་ཆེན་རྟ་གདོང་པདྨ་ཧེ་རུ་ཀའི། །ཕོ་བྲང་ཤར་གྱི་སྒོ་སྐྱོང་ཡུལ་འཁོར་སྲུང་། །ཞི་བའི་ལས་མཛད་དྲི་ཟའི་རྒྱལ་པོ་ཆེ། །དབང་དྲག་འབར་བའི་ཕོ་བྲང་ཤར་སྒོ་ཕྱེས། །འཕྲིན་ལས་ཐོགས་པ་མེད་པའི་གར་སྒྱུར་ལ། །སྡང་བྱེད་དགྲ་གདོན་བྱད་ཟོར་ཐན་ལྟས་ནད། །མི་མཐུན་འཚེ་བར་གྱུར་པའི་ཕྱོགས་རྣམས་ཀུན། །ཞི་ཞིང་རྒྱུན་ལམ་གཅོད་པའི་འཕྲིན་ལས་མཛོད། །ཧཱུྃ། དབང་ཆེན་རྟ་གདོང་པདྨ་ཧེ་རུ་ཀའི། །ཕོ་བྲང་ལྷོ་ཡི་སྒོ་སྐྱོང་འཕགས་སྐྱེས་པོ། །རྒྱས་པའི་ལས་མཛད་གྲུལ་བུམ་རྒྱལ་པོ་ཆེ། །དབང་དྲག་འབར་བའི་ཕོ་བྲང་ལྷོ་སྒོ་ཕྱེས། །འཕྲིན་ལས་རབ་འབྱམས་རོལ་པའི་གར་སྒྱུར་ལ། །ཚེ་བསོད་དབང་ཐང་ལུང་རྟོགས་ཡོན་ཏན་དཔལ། །སྙན་གྲགས་གཟི་བརྗིད་མཐུ་སྟོབས་མ་ལུས་པ། །རྒྱས་ཤིང་བླ་ནས་བླར་འཕེལ་འཕྲིན་ལས་མཛོད། །ཧཱུྃ། དབང་ཆེན་རྟ་གདོང་པདྨ་ཧེ་རུ་ཀའི། །ཕོ་བྲང་ནུབ་ཀྱི་སྒོ་སྐྱོང་སྤྱན་མི་བཟང་། །དབང་གི་ལས་མཛད་ཀླུ་དབང་རྒྱལ་པོ་ཆེ། །དབང་དྲག་འབར་བའི་ཕོ་བྲང་ནུབ་སྒོ་ཕྱེས། །འཕྲིན་ལས་མྱུར་མགྱོགས་ཤུགས་ཀྱིས་གར་སྒྱུར་ལ། །སྲིད་གསུམ་དཔལ་དང་འབྱོར་བའི་ཡོན་ཏན་སྟོབས། །ཁྱད་པར་ཕ་རོལ་རྒོལ་པའི་ཚེ་བསོད་དབང་། །རང་དབང་མེད་པར་དབང་སྡུད་འཕྲིན་ལས་མཛོད། །ཧཱུྃ། དབང་ཆེན་རྟ་གདོང་པདྨ་ཧེ་རུ་ཀའི། །ཕོ་བྲང་བྱང་གི་སྒོ་སྐྱོང་རྣམ་ཐོས་སྲས། །དྲག་པོའི་ལས་མཛད་གནོད་སྦྱིན་རྒྱལ་པོ་ཆེ། །དབང་དྲག་འབར་བའི་ཕོ་བྲང་བྱང་སྒོ་ཕྱེས། །འཕྲིན་ལས་དྲག་རྩལ་སྟོབས་ཀྱིས་གར་སྒྱུར་ལ། །སྡང་བྱེད་དགྲ་སྡེ་གནོད་བྱེད་བགེགས་ཀྱི་དཔུང་། །ལོག་འདྲེན་ཕས་རྒོལ་མ་ལུས་ཆམ་ལ་ཕོབ། །ཐལ་བར་བརླག་ཅིང་གཡུལ་ལས་རྒྱལ་བར་མཛོད། །ཕྱོགས་བཞི་ནས་མདོས་ཐག་དཔལ་འབར་གྱིས་བཅད། ༈ དེ་ནས་གདུང་བའི་ཤུགས་ཕྱུངས་ཏེ་ལྷ་ཚོགས་རྣམས་ལ་བཞེངས་གསོལ་ནི། ཧཱུྃ། སངས་རྒྱས་ཀུན་འདུས་པདྨ་དབང་གི་ལྷ། རབ་འཇིགས་ཁྲོས་པའི་སྐུར་སྟོན་ཁྲོ་བོའི་རྒྱལ། །རྟ་གདོང་དབང་ཆེན་དྲེགས་པ་ཟིལ་གནོན་དཔལ། །གར་དགུ་རོལ་པའི་མཐུ་སྟོབས་གཟི་བརྗིད་བསྐྱེད། །རབ་འབར་མེ་རླུང་དམར་ནག་འཁྲུག་པའི་ཀློང་། །རབ་འཇིགས་གནམ་ལྕགས་པུ་རི་འབར་བའི་མཁར། །རབ་འཁྲུག་སྡེ་བརྒྱད་དྲེགས་པའི་འཁོར་གྱི་དབུས། །རབ་འབྱམས་རོལ་པའི་ལྷ་མཆོག་ཁྲོ་བོའི་རྒྱལ། །སྐྱེད་ཅིག་གཟི་བརྗིད་མཐུ་སྟོབས་ནུས་པ་བསྐྱེད། །ཕྱུངས་ཤིག་དྲག་རྩལ་འབར་བའི་མྱུར་མགྱོགས་ཕྱུངས། །བསྐུལ་ལོ་ཐུགས་དམ་དམ་ཚིག་རྗེས་སུ་བསྐུལ། །བཞེངས་ཤིག་འཕྲིན་ལས་མཛད་ཕྱིར་དབྱིངས་ནས་བཞེངས། །མ་རུངས་ནག་པོའི་བདུད་ཚོགས་ཁ་དར་ན། །དམ་ལྡན་རྣལ་འབྱོར་ཉམ་ཐག་ཡ་རེ་ང་། །དེ་ཕྱིར་གདུང་བའི་ཤུགས་ཀྱིས་སྐྱབས་བཅོལ་ན། །མ་གཡེལ་དྲག་པོའི་འཕྲིན་ལས་མཛད་དུ་གསོལ། །ཁྲོ་རྒྱལ་ཆེན་པོའི་སྟེང་ཕྱོགས་ནམ་མཁའ་ནས། །ཨ་མི་དྷེ་ཝ་བྱ་ཁྱུང་གྷ་རུ་ཎ། །ཐུགས་རྗེ་ཟླ་མེད་ཡེ་ཤེས་ལྷ་མཆོག་བཞེངས། །བསྒྲལ་འདྲེན་འཕྲིན་ལས་མ་གཡེལ་དུས་ལ་བབས། །ཁྲོ་རྒྱལ་གནས་ལྔ་སྤྲུལ་པའི་ཕོ་བྲང་ནས། །རྟ་གདོང་འབར་བ་རིགས་ལྔ་ཡབ་དང་ཡུམ། །དུག་ལྔ་ཡེ་ཤེས་དབྱིངས་སུ་སྦྱོར་ཕྱིར་བཞེངས། །འཕྲིན་ལས་རྣམ་བཞི་མ་གཡེལ་ཐོགས་མེད་མཛོད། །སྐུ་ཡི་གཡས་གཡོན་མདུན་རྒྱབ་ད་ལ་ནས། །ཡབ་ཡུམ་སྲས་གསུམ་བཛྲ་པཱ་ཎི་སོགས། །ལས་མཛད་བཀའ་སྡོད་འབར་བའི་ལྷ་རྣམས་བཞེངས། །དབང་དང་དྲག་པོའི་འཕྲིན་ལས་མྱུར་མགྱོགས་མཛོད། །ཕྱི་རོལ་ཤ་ཁྲག་རྒྱ་མཚོའི་ཀློང་དཀྱིལ་ནས། །དྲེགས་པ་སྡེ་བརྒྱད་སྣང་སྲིད་ལྷ་སྲིན་སྡེ། །རང་རང་སྤྲུལ་འཁོར་མ་ལུས་ད་བཞེངས་ཤིག །དགྲ་གདོན་ཐལ་བའི་རྡུལ་ཕྲན་བཞིན་དུ་རློགས། །གཞན་ཡང་གཙང་རིས་དཔལ་མགོན་མགུར་ལྷ་དང་། །དགེ་བསྙེན་བསྟན་མ་ཡུལ་གཞིས་སྐྱོང་བ་རྣམས། །དྲག་པོའི་དམག་གི་དཔུང་ལ་སྐུ་བཞེངས་ཤིག །ལོག་འདྲེན་སྡེ་ཚོགས་རྨེག་མེད་ཆམ་ལ་ཕོབ། །བརྔམ་པའི་ཤུགས་ཕྱུངས་མགྱོགས་པའི་རྟ་ལ་ཞོན། །རྣོ་ངར་མཚོན་ཐོགས་འཇིགས་པའི་ཀི་བསོ་ཐོབ། །དྲག་རྩལ་ཐོགས་མེད་མྱུར་མགྱོགས་བང་གིས་རྒྱུག །དབང་དྲག་ལྷ་ཚོགས་དབྱིངས་ནས་བཞེངས་ཤིག་སྐྱོད། །བཀའ་སྡོད་ཕོ་ཉའི་ཚོགས་རྣམས་མདུན་ནས་རྒྱུག །ཕོ་རྒྱུད་མགོན་པོའི་དམག་དཔུང་གཡས་ནས་ཆོས། །མོ་རྒྱུད་མ་མོའི་སྡེ་ཚོགས་གཡོན་ནས་ཆོས། །དམ་ཅན་རྒྱ་མཚོའི་སྤྲུལ་འཁོར་ཕྱི་ནས་ཆོས། །མ་གཡེལ་མ་འགྱངས་དྲག་པོའི་དམག་དཔུང་བསྐྱེད། །དགྲ་བོ་མི་ནོར་ནད་མཚོན་དུག་གིས་སོད། །ཐལ་བར་རློག་ལ་དམིགས་མེད་རྒྱ་ཡིས་ཐོབ། །ཞིང་ཁང་བྲན་གཡོག་ཁ་ཕུང་རྗེས་མེད་ཐོང་། །དུས་ལ་བབ་པོ་དབང་དྲག་འཕྲིན་ལས་མཛོད། །ཅེས་བརྗོད་དེ་ནས་གཞུང་ལྟར་སྤྱད་པར་བྱའོ། །དེ་ལྟར་དྲེགས་པ་ཟིལ་གནོན་གྱི་གཏོར་ཟློག་འཕེན་སྐབས་སྒོ་དབྱེ་བཞེངས་གསོལ་གསལ་ཁ་མ་མཆིས་པར་འདི་ལྟ་བུ་ཞིག་གྱིས་ཞེས་བླ་མ་བསོད་ནམས་བཀྲ་ཤིས་ཁུ་དབོན་གྱི་གསུང་དང་ཉེ་བར་བློ་གསལ་པདྨ་འཕྲིན་ལས་པས་ཀྱང་དེ་ལྟར་གྲུབ་ན་ལེགས་ཞེས་བསྐུལ་བ་ལ་བརྟེན་ནས། རྒྱལ་ཆེན་གྱི་སྒོ་དབྱེ་གཞུང་དང་མཐུན་པ་དང་བཞེངས་གསོལ་བཅས་པ་རིག་འཛིན་དམ་པའི་རྗེས་ཞུགས་ཨོ་རྒྱན་བསྟན་འཛིན་གྲགས་པས་ཤར་སྟག་མོ་སྒང་གི་ཆོས་གྲྭར་སྦྱར་བ་ཛ་ཡན་ཏུ། །མངྒ་ལཾ།། །།


previousསྒོ་དབྱེ་བཞེངས་གསོལ་འཕྲིན་ལས་མྱུར་མགྱོགས།next