Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསེར་སྐྱེམས་མཆོད་པ་འདོད་དོན་ལྷུན་གྲུབ།
   
   
   
   
   


 
previousགསེར་སྐྱེམས་མཆོད་པ་འདོད་དོན་ལྷུན་གྲུབ།next

གསེར་སྐྱེམས་མཆོད་པ་འདོད་དོན་ལྷུན་གྲུབ།

གསེར་སྐྱེམས་མཆོད་པ་འདོད་དོན་ལྷུན་གྲུབ་ཀུན་བཟང་ཐེག་མཆོག་རྒྱ་མཚོས་མཛད་པ་བཞུགས། །གསེར་སྐྱེམས་ནི། རཾ་ཡཾ་ཁཾ་གིས་གསེར་སྐྱེམས་ཀྱི་མ་དག་པ་རྣམས་སྦྱངས། སྟོང་པའི་ངང་ལས་བྷྲུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གསེར་སྐྱེམས་ཀྱི་མཆོད་པ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྡེ་བརྒྱད་ཡུལ་ལྷ་ག །ཞི་བདག་རིགས་དྲུག་གི་སེམས་ཅན་དང་བཅས་པའི་ཡར་གནས་ཀྱི་ཐུགས་དམ་སྐོང་ཞིང་མར་གནས་རྣམས་ཀྱི་དབང་པོ་ཚིམ་པའི་ནུས་པ་དང་ལྡན་པར་གྱུར། ཨཱོཾ་ཨཱཿཧཱུྃ། གསེར་སྐྱེམས་ཐོགས་ལ། གསེར་སྐྱེམས་ཀྱི་མཆོད་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་དཔལ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཀྱི་ཕུང་པོ་ཟད་མི་ཤེས་པ་འདི་ཉིད་རིག་འཛིན་རྩ་བརྒྱུད་ཀྱི་བླ་མ་དམ་པ་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོའི་ཚོགས་རྣམས་ལ་མགྲོན་ནོ། བསྔོའོ། དགྱེས་པ་ཆེན་པོས་བཞེས་ནས་དེང་འདིར་བསྲུང་ཟློག་བསད་མནན་བསྲེག་འཕང་སོགས་མངོན་སྤྱོད་དྲག་པོའི་འཕྲིན་ལས་ད་ལྟ་ཉིད་དུ་འགྲུབ་པའི་མཐུ་དཔུང་སྐྱེད་ཅིང་སྡོང་གྲོགས་མཛད་དུ་གསོལ་ལོ། ༈ ཁྱད་པར་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྤྱི་གཟུགས་བཅོམ་ལྡན་འདས་བདེ་མཆོག་དབང་གི་འཁོར་ལོ་རིག་འཛིན་ཐོད་པ་རྩལ་ཡབ་ཡུམ། ཆེ་མཆོག་ཡོན་ཏན། འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས། ཕུར་པ་འཕྲིན་ལས། མ་མོ་རྦོད་གཏོང་། འཇིག་རྟེན་མཆོད་བསྟོད། དམོད་པ་དྲག་སྔགས་ལ་སོགས་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་མགྲོན་ནོ། བསྔོའོ། དགྱེས་པ་ཆེན་པོས་བཞེས་ནས་དེང་འདིར་བསྲུང་བཟློག་བསད་མནན་བསྲེགས་འཕང་སོགས་མངོན་སྤྱོད་དྲག་པོའི་འཕྲིན་ལས་ད་ལྟ་ཉིད་དུ་འགྲུབ་པའི་མཐུ་དཔུང་བསྐྱེད་ཅིང་སྡོང་གྲོགས་མཛད་དུ་གསོལ། ༈ ཁྱད་པར་བཅོམ་ལྡན་འདས་རྟ་གདོང་ཁྲོས་པའི་རྒྱལ་པོ་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་མགྲོན་ནོ། བསྔོའོ། དགྱེས་པ་ཆེན་པོས་བཞེས་ནས་དེང་འདིར་བསྲུང་བཟློག་བསད་མནན་བསྲེགས་འཕང་སོགས་མངོན་སྤྱོད་དྲག་པོའི་འཕྲིན་ལས་ད་ལྟ་ཉིད་དུ་འགྲུབ་པའི་མཐུ་དཔུང་བསྐྱེད་ཅིང་སྡོང་གྲོགས་མཛད་དུ་གསོལ། ༈ ཁྱད་པར་རབ་འབྱམས་རྒྱལ་བ་ཀུན་འདུས་དབང་དྲག་པདྨའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་མགྲོན་ནོ། བསྔོའོ། དགྱེས་པ་ཆེན་པོས་བཞེས་ནས་དེང་འདིར་བསྲུང་བཟློག་བསད་མནན་བསྲེགས་འཕང་སོགས་མངོན་སྤྱོད་དྲག་པོའི་འཕྲིན་ལས་ད་ལྟ་ཉིད་དུ་འགྲུབ་པའི་མཐུ་པུང་བསྐྱེད་ཅིང་སྡོང་གྲོགས་མཛད་དུ་གསོལ། ༈ ཁྱད་པར་དུས་གསུམ་རྒྱལ་བའི་ཡུམ་མཆོག་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ། བདེ་ཆེན་དཀར་མོ། དོན་གྲུབ་སེར་མོ། དམར་མོ་སྒྲ་སྒྲོག །སྣ་ཚོགས་མཐར་ཕྱིན་མ་སོགས་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་མགྲོན་ནོ། བསྔོའོ། དགྱེས་པ་ཆེན་པོས་བཞེས་ནས་དེང་འདིར་བསྲུང་བཟློག་བསད་མནན་བསྲེགས་འཕང་སོགས་མངོན་སྤྱོད་དྲག་པོའི་འཕྲིན་ལས་ད་ལྟ་ཉིད་དུ་འགྲུབ་པའི་མཐུ་པུང་བསྐྱེད་ཅིང་སྡོང་གྲོགས་མཛད་དུ་གསོལ། ༈ ཁྱད་པར་མཁའ་འགྲོ་ཀུན་གྱི་གཙོ་མོ་བདུད་འདུལ་སེང་གེའི་གདོང་པ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་མགྲོན་ནོ། བསྔོའོ། དགྱེས་པ་ཆེན་པོས་བཞེས་ནས་དེང་འདིར་བསྲུང་བཟློག་བསད་མནན་བསྲེགས་འཕང་སོགས་མངོན་སྤྱོད་དྲག་པོའི་འཕྲིན་ལས་ད་ལྟ་ཉིད་དུ་འགྲུབ་པའི་མཐུ་དཔུང་བསྐྱེད་ཅིང་སྡོང་གྲོགས་མཛད་དུ་གསོལ། ༈ དེ་རྣམས་ཀྱི་དཀྱིལ་འཁོར་གང་ཡིན་འབྱིན་འཇུག་བྱས་མཐར། ༈ བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་ས་བཅུའི་དབང་ཕྱུག་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀ་ལ་ཕྱག་བཞི་པ་སོགས་དྲེགས་པ་ཕོ་བརྒྱུད་ཀྱི་སྲུང་མ་གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་ལ་མགྲོན་ནོ། བསྔོའོ། ༈ དཔལ་ལྡན་ལྷ་མོ་རེ་མ་ཏི་འདོད་པ་ཁམས་ཀྱི་དབང་ཕྱུག་དུད་པའི་སོལ་བ་མ་དམག་ཟོར་ཀྱི་རྒྱལ་མོ། སྔགས་སྲུང་ཨེ་ཀ་ཛ་ཊི་སོགས་དྲེགས་པ་མོ་བརྒྱུད་ཀྱི་སྲུང་མ་གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་ལ་མགྲོན་ནོ། བསྔོའོ། དཔལ་མགོན་མ་ནིང་ནག་པོ་སོགས་དྲེགས་པ་གཉིས་མེད་ཀྱི་སྲུང་མ་གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་ལ་མགྲོན་ནོ། བསྔོའོ། འཇིག་རྟེན་ཁམས་ན་དྲག་རྩལ་ཆེ་བ་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། གསང་སྔགས་གཏེར་ཀྱི་སྲུང་མ་དམ་ཅན་སྐྱེས་བུ་ཆེན་པོ། སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་སོགས་བསྟན་པ་བསྲུང་བའི་དམ་ཅན་ཆོས་སྐྱོང་རྣམས་ལ་མགྲོན་ནོ། བསྔོའོ། བྱེ་བྲག་ཏུ་སྟེང་གི་ནམ་མཁའ་ན་རྒྱུ་བ་གཟའ་རྒྱུ་སྐར། བར་སྣང་ལ་འཕྱོ་བ་གཉེན་རིགས་སྡེ་བཞི། ས་གཞི་ལ་དབང་བ་ས་བདག་རྗེ་བློན། ལོ་ཟླ་ཞག་དུས་ཚེས་གྲངས་དུས་ཚོད་ལ་དབང་བའི་ལྷ་ཀླུ་འབྱུང་པོ། སྲིད་པ་ཆགས་པའི་ལྷ་དགུ། རྗེ་ཡི་མགུར་ལྷ། འབངས་ཀྱི་སྲོག་ལྷ། བསྟན་མ་བཅུ་གཉིས། ཡུལ་ཕྱོགས་ས་ཕྱོགས་འདི་དག་གི་ཡུལ་ལྷ་གཞི་བདག །མདོར་ན་སྒོ་སྐས་ལམ་འཕྲང་ལ་གནས་པའི་མི་མ་ཡིན་རྣམས་ལ་མགྲོན་ནོ། བསྔོའོ། རྣལ་འབྱོར་པ་བདག་གིས་མདོས་ཟོར་བསད་མནན་བསྲེགས་འཕང་སོགས་མངོན་སྤྱོད་དྲག་པོའི་འཕྲིན་ལས་རྩོམ་པ་ལ་རུ་ང་ཕྲག་དོག་མ་བྱེད་ཀུ་རེ་དང་ཀྱལ་ཁ་མ་བྱེད། ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་སྡོང་གྲོགས་དང་དཔུང་གཉེན་གཡེལ་བ་མེད་པར་མཛོད་ཅིག །རིགས་དྲུག་གི་སེམས་ཅན་རྣམས་དང་བགེགས་རིགས་ལན་ཆགས་ཀྱི་སྡེ་ཚོགས་རྣམས་ལ་མགྲོན་ནོ། བསྔོའོ། སོ་སོར་ཡིད་ལ་གང་འདོད་པའི་ལོངས་སྤྱོད་མི་འཛད་པའི་གཏེར་དུ་གྱུར་ནས་ཕམ་རྒྱལ་དང་ཉེ་རིང་མེད་པར་ཐོབ་ནས་ལན་ཆགས་དང་བུ་ལོན་ཐམས་ཅད་བྱང་ཞིང་འཁོར་ནས་ཕན་བདེ་ལེགས་ཚོགས་འབྱུང་བའི་གཞི་དམ་པར་གྱུར་ཅིག །དེ་ནས་གསེར་སྐྱེམས་མཆོད་པའམ་དཀར་གཏོར་དང་སྲིད་པ་ཧུའི་ཕྱག་རྒྱའི་ཙཀླི་བཙུགས་ན་དེའི་རྒྱབ་ཡིག་ཀློག་ནས་གསེར་སྐྱེམས་མཆོད།། །།


previousགསེར་སྐྱེམས་མཆོད་པ་འདོད་དོན་ལྷུན་གྲུབ།next