Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་སྒྲུབ་ཐབས་རིམ་པ་གསུམ་གྱི་ཟིན་བྲིས་ཡིད་བཞིན་དབང་གི་རྒྱལ་པོ།
   
   
   


 
previousརྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་སྒྲུབ་ཐབས་རིམ་པ་གསུམ་གྱི་ཟིན་བྲིས་ཡིད་བཞིན་དབང་གི་རྒྱལ་པོ།next

རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་སྒྲུབ་ཐབས་རིམ་པ་གསུམ་གྱི་ཟིན་བྲིས་ཡིད་བཞིན་དབང་གི་རྒྱལ་པོ།

རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་སྒྲུབ་ཐབས་རིམ་པ་གསུམ་གྱི་ཟིན་བྲིས་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །ཁྱབ་བདག་སྟོན་པ་རྒྱལ་བ་ཀུན་གྱི་ཡབ། །ཀུན་བཟང་པད་འབྱུང་དབང་ཆེན་ཧེ་རུ་ཀ། །སྒྱུ་འཕྲུལ་རྡོ་རྗེའི་གར་གྱིས་སྲིད་བཅུད་ཀུན། །གདོད་མའི་དབྱིངས་སུ་སྒྲོལ་མཛད་དེ་ལ་འདུད། །དེ་ཡང་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་སྒྲུབ་ཐབས་ཅི་ལྟར་ཉམས་སུ་བླང་བའི་ཚུལ་ལ། ཐོག་མར་དགེ་བའི་རྒྱབ་དཔུང་ཚྭ་ཚྭ་གསུང་སྒྲོགས་སྲོག་བསླུ་ཚེ་ཐར་སྦྱིན་གཏོང་སོགས་གང་འགྲུབ་དང་དལ་འབྱོར་རྙེད་དཀའ་སྐྱབས་སེམས་སོགས་རྒྱུད་དང་འདྲེས་ངེས་རྣམས་བྱ། དེ་ནས་དགོང་ཐུན་ནས་དབུ་བརྩམས་གཞི་བདག་རྣམས་ལ་དཀར་གཏོར་འབུལ་ཞིང་བར་ཆད་མི་འབྱུང་བའི་ཕྲིན་ལས་བཅོལ། བགེགས་ལ་གཏོར་མ་སྦྱིན་ཞིང་བསྲུང་བའི་འཁོར་ལོ་རྡོ་རྗེའི་རྭ་གུར་མེ་མཚོན་གྱིས་མཚམས་བཏེགས་པར་བཅིངས་ལ་བསྙེན་སྒྲུབ་མ་ཚར་བར་མི་བསྡུ་ཞིང་ཐུན་མགོ་ཐམས་ཅད་དུའང་ལས་བྱང་གི་མཚམས་གཅོད་ཀྱི་ཚིག་འདོན་ཅིང་གསལ་འདེབས་རེ་བྱེད། སྒོ་དྲུང་ཐོ་དཀར་པོ་བརྩེགས་པ་རྒྱལ་ཆེན་བཞིར་མོས་ནས་གཏོར་མ་འབུལ་འཕྲིན་ལས་བཅོལ་སྒྲུབ་ཁོག་གང་རུང་ནས་ལེན་ཏེ་བྱ། གནས་གསར་པ་ཡིན་ན་གོང་ནས་ས་ཆོག་སོགས་དགོས་ཤིང་འདིར་རྙིང་པའི་དབང་དུ་བྱས་ནས་ས་ཆོག་དོར་བའོ། །དེ་ནས་གང་དུ་སྒྲུབ་པའི་གནས་དེར་གདན་ནང་ཚངས་ཀྱི་འོག་ཏུ་འབྲས་སམ་ས་དཀར་གྱི་གཡུང་དྲུང་གཡས་སྐོར་དུ་བྲིས་པའི་ཁར་འཁོད་རང་ཁ་གང་དུ་བལྟ་བ་དང་ཁ་སྤྲོད་ཀྱི་ཚུལ་དུ་སྟེགས་ནག་པོ་ལ་དུག་ཁྲག་གིས་ཆག་ཆག་གདབ་པའི་ཁར་ཐིག་ཚོན་བྱིན་རླབས་དང་ལྡན་པའི་དཀྱིལ་འཁོར་ཆོས་འབྱུང་ཟླ་གམ་རྩིབས་བརྒྱད་རྡོ་ར་མེ་རི་རྣམས་བྲི་བའམ་ཡང་ན་སྟེགས་ཁེབས་ལྡན་གྱི་སྟེང་དུ་རས་བྲིས་སམ་ཚོམ་བུ་བཀྲམ་པའི་དབུས་སུ་ཁྲིའུ་ཁར་སྒྲུབ་གཏོར་རྩེར་གཙོ་བོའི་སྐུ་ཡོད་ན་དང་། བླ་རྡོ་འཛུགས་ཤིང་དར་ཚོན་དམར་ནག་གི་གུར་ཕུབ། །མཆོད་གཏོར་སྒྲུབ་གཏོར་གཉིས་གཞུང་ལས་གཅིག་རང་གིས་ཆོག་པར་སྣང་ཡང་། ད་ལྟའི་ཕྱག་བཞེས་མཐོང་རྒྱུད་ལ་མཐའ་བསྐོར་དུའང་མཆོད་གཏོར་དང་སྨན་རག་བདུག་སྤོས་ཡོན་ཆབ་ཞལ་ཟས་མར་མེ་མེ་ཏོག་རོལ་མོ་སོགས་དང་བཀའ་གཏེར་སྲུང་མའི་གཏོར་མ་གཞན་ཡང་སྤྱན་གཟིགས་ཀྱི་བྱེ་བྲག་ཀྱང་ཅི་འབྱོར་བཀྲམ་སྲོལ་སྣང་བས་དེ་ལྟར་བྱེད། ཐོར་ཐུན་སོགས་ཐུན་ཐམས་ཅད་ཀྱི་མགོར་ངག་ནུས་བསྐྱེད་བྱེད་འགྱུར་སྔགས་ཕྲེང་བ་བྱིན་རླབས་རྣམས་རྒྱས་བསྡུས་ཅི་རིགས་བྱ། ཆོ་གའི་བཏང་ཚུལ་ཚིག་བདུན་གསོལ་འདེབས་སྔོན་འགྲོ་ཆོས་སྤྱོད་དཀར་བགེགས་བཀའ་བསྒོ་མཚམས་གཅོད་སྐྱབས་སེམས་མཆོད་པ་བྱིན་རླབས་བྱིན་འབེབས་རྣམས་དམིགས་པ་སྤྱི་ལྟར་ལ། མཆོད་དམིགས་ཅུང་ཟད་མི་འདྲ་བ་ནི། རཾ་ཕྱི་སྣོད་སོགས་ཨོཾ་ཨཱཿཧཱུྃ་གི་བར་ནི་གཏོར་མ་སོགས། མཆོད་རྫས་ཐམས་ཅད་བྱིན་གྱིས་རླབས་པ་དང་། བདུད་རྩི་ལ་རང་ཉིད་ལྷ་ཡི་ཐུགས་ཀ་ནས་བཾ་གཅིག་འཕྲོས་པས་མཚན་ལྡན་བྷནྡྷ་ཕྱི་དཀར་ལ་ནང་དམར་གྱི་དབུས་སུ་བཾ་ལས་བདུད་རྩིའི་ལྷ་མོ་ལི་ཁྲིའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མའི་ཐུགས་ཀར་ཟླ་སྟེང་བཾ་ཡིག་བདུད་རྩིའི་མཚན་པ་རང་གི་ཕྱག་ཐལ་སྦྱར་མཁའ་གསང་མཉམ་སྦྱོར་གྱི་གཡས་ལ་ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ གཡོན་དུ་མུཾ་ལཾ་མཾ་པཾ་ཏཾ༔ ལྔ་རྣམས་གསལ་བ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་རྒྱལ་བ་རིགས་ལྔའི་རང་བཞིན་གྱི་ཐུགས་རྗེ་དང་བདུད་རྩི་འོད་ཟེར་ཡེ་ཤེས་ཀྱི་རྣམ་པར་སྤྱན་དྲངས་ནས་ལྷ་མོ་དང་ཕྱག་གི་ཡི་གེ་ལ་ཐིམ། ཡིག་འབྲུ་རྣམས་རིགས་ལྔ་ཡབ་ཡུམ་དུ་གྱུར་པའི་སྦྱོར་མཚམས་དང་ལྷ་མོའི་ཐུགས་ཀར་ཐོན་ནས། བདུད་རྩི་ཀ་པ་ལར་བབ་པར་བསམ་ཞིང་། །སརྦ་ཛྙཱ་ན་པཉྩ་སིདྡྷི་མཾ༔ ཅི་མང་བཟླས་མཐར་ལྷ་རྣམས་འོད་དུ་ཞུ་ནས་ཐིམ་པས་བདུད་རྩིའི་རྒྱ་མཚོར་བསམ། རཀྟ་ཨ་ལས་བྷནྡྷ་ལྕང་ལོའི་སྣོད་ཡངས་པའི་དབུས་སུ་ར་ལས་རཀྟའི་ལྷ་མོ་དམར་མོ་སོགས་མཆོད་པ་བྱིན་རླབས་གཞུང་གི་ཚིག་དོན་བརླབས། དེ་ནས་དངོས་གཞི་ནི། ཏིང་འཛིན་རྣམ་གསུམ་གྱི་ངང་ནས་གོང་གི་མཚམས་གཅོད་སྲུང་འཁོར་སྤྱི་འགྲོས་དེ་ཡངས་ཤིང་རྒྱ་ཆེ་བ་གཅིག་ཏུ་གསལ་བའི་ནང་དུ་ལས་བྱང་གཞུང་ལྟར་བདག་བསྐྱེད་དང་མདུན་བསྐྱེད་གཉིས་ལས་བྱང་གཅིག་གི་ཁོང་ནས་བསྐྱེད་པ་བླ་མེད་ཀྱི་སྒྲུབ་ཐབས་སྤྱི་ཁྱབ་ལྟར་ལ་བདག་མདུན་འདྲ་བ་བར་སྣང་མཁའ་རླུང་ཆུ་བོའི་སྟེང་རི་རབ་ནག་པོ་བང་རིམ་དགུ་པའི་བང་རིམ་ལྔ་པ་དེའི་དཀྱིལ། དབུས་སུ་རཾ་འཕྲོས་འོད་དུ་ཞུ་བ་ལས་བསྐལ་མེ་དམར་ནག་འཁྲུགས་པའི་ཀློང་དུ་བྷྲཱུྃ་འཕྲོས་དབང་དྲག་འབར་བའི་ཞིང་ཁམས་དུར་ཁྲོད་རོལ་པའི་རྒྱན་བཀོད་རྫོགས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་ཆོས་འབྱུང་ཟླ་གམ་ཏི་ར་པདྨའི་སྟེང་དུ་རྡོ་རྗེ་ཧཱུྃ་ཡིག་སོགས། ལྷ་བསྐྱེད་གཞུང་ལ་བང་རིམ་ལྔ་པའི་ཕོ་བྲང་ཕྱོགས་བཞིའི་སྒོ་སྲུང་རྒྱལ་ཆེན་བཞི་དཔུང་བཅས་གསུངས་པ་སོགས་གཞུང་ཚིག་ལྟར་བསྒོམ་ཞིང་། སྤྱན་འདྲེན་བཞུག་གསོལ་ཕྱག་མཆོད་བསྟོད་པ་རྣམས་བདག་མདུན་ལྷན་ཅིག་ཏུ་དམིགས་རིམ་ཚིག་དོན་བདེ་ཞིང་བོན་གྱེར་དུ་མ་ཤོར་བར་བྱ། བཟླས་པ་ནི། ལྷ་ཚོགས་བདག་མདུན་གྱི་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་དུ་ཨཱོཾ་དཀར་ཨཱཿ་དམར་ཧཱུྃ་མཐིང་གསལ་ཞིང་རང་སྲོག་ས་བོན་གྱི་སྟེང་དུ་གནས་གསུམ་ཧཱུྃ་ཡིག་བསྒོམ་མོ། །གཙོ་བོའི་གནས་ལྔར་རྟ་ཕག་རིགས་ལྔ་བསྒོམ་པའི་ཐུགས་ཀར་ཉི་དཀྱིལ་གྱི་སྟེང་དུ་རིགས་བཞི་དང་རང་མདོག་ཧཱུྃ་ཡིག་དང་ཐུགས་ཀར་ཐུགས་ཀྱི་རྟ་ཕག་ཡབ་ཡུམ་མཐིང་ནག་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ཡིག་དམར་པོའི་མཐའ་སྐོར་དུ། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷིི་ཧཱུྃ་ཕཊ༔ ཅེས་པའི་སྔགས་འབྲུ་རྣམས་རང་རང་ལས་རང་སྒྲ་དི་རི་རི་ཡབ་ཐམས་ཅད་ཀྱི་ཐུགས་ཀར་གཡས་སུ་འཁོར་སྔགས་འབྲུ་རྣམས་བརྟེན་པའི་མེ་འགལ་གྱི་བ་དག་དམར་པོ་ལྟ་བུའི་ཕྲེང་ཐག་གཡོན་དུ་འཁོར། ཡུམ་ཐམས་ཅད་ལ་ཉི་མའི་དཀྱིལ་འཁོར་ཀྱི་སྟེང་དུ་ས་བོན་ཧྲཱིཿལས་སྔགས་འབྲུ་གཡོན་བསྐོར་དང་ཕྲེང་ཐག་གཡས་སུ་འཁོར་བའི་སྟོབས་ཀྱིས་འོད་ཟེར་དམར་པོ་ཁ་དོག་ལྔ་ཡི་ཟེར་མདངས་ཀུན་ཚྭ་ལ་མྱུར་བས་འཁོར་འདས་ཐམས་ཅད་ལ་ཁྱབ་པར་རྒྱལ་བ་སྲས་བཅས་སྐྱབས་གནས་མཆོད་འོས་རྣམས་ལ་མཉེས་པའི་མཆོད་སྤྲིན་དཔག་ཏུ་མེད་པ་ཕུལ་ཞིང་། རྩ་གསུམ་ལྷ་ཚོགས་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ནུས་སྟོབས་ཐམས་ཅད་བསྡུས་ནས་བདག་མདུན་ལ་ཐིམ་པས་ནུས་སྟོབས་གཟི་བརྗིད་ཐམས་ཅད་ཆེས་ཆེར་རྒྱས་ཏེ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་མུ་མཐའ་མེད་པར་ཕྱོགས་བཅུར་ཁྱབ་པར་འབར་བར་བསྒོམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་དབང་ཆེན་ཡབ་ཡུམ་གྱི་གོ་འཕང་ལ་བཀོད། ཕྱི་སྣོད་དག་པ་རྫོགས་ལྡན་མེ་རི་འབར་བའི་ཞིང་ཁམས་ནང་བཅུད་ཐམས་ཅད་ཁྲོ་བོ་ཁྲོ་མོའི་རང་བཞིན་དུ་གྱུར་པ་རྣམས་ཀྱི་ཞལ་ནས་སྔགས་སྒྲ་བུང་བ་ཚང་ཞིག་པ་ལྟར་འུ་རུ་རུ་བཟླས་པར་བསམ་སྟེ་སྔགས་བཟླས། ཁྱད་པར་ཡབ་ཀྱི་ཐུགས་ཀའི་སྔགས་འཁོར་ལས་ཡེ་ཤེས་ལྔའི་རང་མདངས་ལས་འོད་ཟེར་ཁ་དོག་ལྔ་ལྡན་རྩ་དབུ་མའི་ལམ་རྒྱུད་ནས་ཡབ་ཀྱི་རྡོ་རྗེ་ལས་ཐོན་ཡུམ་གྱི་བྷ་ག་ལ་གྱེན་ལ་འཕར་ཡུམ་ཐམས་ཅད་ཀྱི་ཐུགས་ཀར་སྔགས་འབྲུ་ས་བོན་ཧྲཱིཿཡིག་དང་བཅས་པ་རྣམས་ལ་ཐིམ་པས་ཡབ་ཡུམ་ཐམས་ཅད་བདེ་སྟོང་གི་ཡེ་ཤེས་རབ་ཏུ་རྒྱས་ཏེ་རྟ་སྐད་དང་ཕག་ཞལ་སྒྲ་ཡིས་སྲིད་གསུམ་རབ་ཏུ་གཡོས་པས་ཁམས་གསུམ་གྱི་ཆེ་བཙན་དྲེགས་པ་ཅན་རྣམས་ཀྱིས་གདུག་རྩུབ་ནུས་སྟོབས་ཐམས་ཅད་མུན་ཁང་སྒྲོན་མེ་བཏེགས་པ་ལྟར་སོང་ནས་རང་དབང་མེད་པར་དབང་དུ་བསྡུས་ཤིང་བྲན་དུ་བཀོལ་ནས་བཀའ་ཉན་ལས་བྱེད་དུ་གྱུར་པར་བསམ་སྟེ་སྔགས་བཟླས། ཡང་རང་ལས་སྤྲུལ་པ་ཡང་སྤྲུལ་ཁྲོ་མཚོན་མེ་ལྕེ་གློག་ལྟར་འཁྱུགས་པ་མགར་ཀྱི་ཚྭ་ཚྭ་ལྟ་བུར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། སྟེང་འོག་བར་གསུམ་གྱི་གདོན་བགེགས་ལྷ་སྲིན་འབྱུང་པོ་ཐམས་ཅད་ལ་ཕོག་པས་བརྒྱལ་རེངས་མྱོས་བུན་ཐལ་བའི་རྡུལ་དུ་བརླག །ལུས་ངག་ཡིད་གསུམ་གྱི་མཐུ་སྟོབས་ནུས་པ་ཐམས་ཅད་མར་ལ་ལྕགས་སྲེག་རེག་པ་བཞིན་དུ་བྱས་ནས་གདུག་རྩུབ་རྣམས་ཞི། དེ་དག་གིས་རང་དབང་མེད་པར་སྲོག་སྙིང་ཡིག་འབྲུའི་རྣམ་པར་ཕུལ་བ་རྣམས་ཧཱུྃ་གི་ཉི་གདན་ལ་བསྟིམས་ཤིང་དབང་དུ་བསྡུས་ནས་རྗེ་འབངས་ཇི་བཞིན་བཀོལ། ཡང་ཁྲོ་མཚོན་མེ་དཔུང་གོང་ལྟར་འཕྲོས་པས་དགྲ་བགེགས་བྱད་མ་ལྷ་སྲུང་གནོད་བྱེད་ཐམས་ཅད་བསྐྲད་གཟིར་མནན་སྲེག་བཅད་གཏུབས་ཏེ་ཤ་ཟོས་ཁྲག་འཐུང་རུས་མུར་དོན་སྙིང་རྣམས་རོལ་ཏེ་ཐལ་བའི་རྡུལ་དུ་བརླགས་པར་བསམ་པ་དང་། སྲུང་བའི་གཞལ་ཡས་རི་རབ་ནག་པོ་མེ་འབར་བ་བང་རིམ་དགུ་པ་ཤིན་ཏུ་རྒྱ་ཆེ་ཞིང་དཔངས་མཐོ་བ་ཅིས་ཀྱང་མི་ཤིགས་པ་རྡོ་རྗེའི་ཕོ་བྲང་ཡངས་པའི་ཀློང་དུ་བསྲུང་བྱ་ཐམས་ཅད་ཁྲོ་བོ་ཁྲོ་མོའི་རང་བཞིན་དུ་ཡོམ་ཡོམ་ཤིག་ཤིག་སྔགས་ཀྱི་སྒྲ་བུང་དི་རི་རི་བསྒོམ་ཞིང་། རྩ་བསྙེན་འབུམ་ཚོ་དགུ་གཞུང་ནས་གསུངས་ཀྱང་བྱེ་བ་ས་ཡ་སོགས་རྟགས་དང་བསྟུན་ཏེ་བཟློག་བསད་གཙོ་བོར་བྱེད་ན་བསྲུང་བའི་ཕྱི་རོལ་དུ་འཁོར་ལོ་རྩིབས་སྟོང་གཉིས་གཡས་གཡོན་དུ་འཁོར་བའི་བར་དུ་གནོད་བྱེད་རྣམས་གཏུབ་པར་བསམ་པ་རིགས་མཐུན་ནས་འབྱུང་བས་བསྒོམ་མི་བསྒོམ་གང་འདོད་བྱ་ཆོག །ནང་སྒྲུབ་ནི། ལྷ་ཆེན་ཡབ་ཡུམ་སྲས་གསུམ་གྱི་ཐུགས་ཀར་ཉི་གདན་གྱི་སྟེང་དུ། ལྷ་ཆེན་ཧཱུྃ། ཨུ་མ་ཧྲཱི༔ རཀྴ་ཛ་ལར་ཛ༔ ཡབ་སྲས་གཉིས་ལ་གཡས་བསྐོར་དང་། ཡུམ་ལ་གཡོན་བསྐོར་དུ། ཨཱོཾ་མ་ཧཱ་དྷེ་ཝ་ཧཱུྃ་ཨུ་མ་དྷེ་ཝི་ཧྲཱིཿཧྲིང་ཧྲིང་ཛ་ཛ༔ སརྦ་ལོ་ཀ་སྡུས་སྡུས་ཝ་ཤང་ཀུ་རུ་ས་མ་ཡ་རཀྴ་ཀརྨ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་པའི་སྔགས་ཀྱིས་བསྐོར་བར་བསམ་ཞིང་གཙོ་བོའི་ཐུགས་ཀའི་འོད་ཀྱིས་ཡབ་ཡུམ་སྲས་གསུམ་གྱི་ཐུགས་ཀར་ཕོག །ལྷ་ཆེན་ཡབ་ཡུམ་གྱི་ས་བོན་སྔགས་ཕྲེང་ལས་འོད་ཟེར་གྱི་ཚོགས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ་བུའི་རྣམ་པར་འཕྲོས་པས་ཁམས་གསུམ་དང་སྲིད་གསུམ་གྱི་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་རང་དབང་མེད་པར་བདག་གི་སྤྱོད་ཡུལ་དུ་བཀུག་ནས་དབང་དུ་བསྡུས་ཤིང་མཐར་སྲོག་བཅུད་ལུས་ངག་ཡིད་གསུམ་ཐམས་ཅད་འོད་དམར་པོར་ཞུ་ནས་རང་ཉིད་དྲེགས་པ་ཟིལ་གནོན་གྱི་ཐུགས་ཀར་ཐིམ་པར་བསམ་པ་དང་། རཀྴ་ཛ་ལའི་ཐུགས་ཀར་ས་བོན་སྔགས་ཕྲེང་དང་སྐུ་ལས་སྤྲུལ་པའི་ཕོ་ཉ་ཁྲོ་གཏུམ་དྲག་རྩལ་ཅན་འབུམ་ཕྲག་མང་པོ་འཕྲོས་པས་དགྲ་བགེགས་ཐམས་ཅད་སྐད་ཅིག་ཙམ་གྱིས་མིང་ཡང་མི་གྲགས་པར་བསད་བཅད་གཏུབ་ནས་ཤ་ཟོས་ཁྲག་འཐུང་རུས་པ་མུར་ཏེ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་བསྒོམ་ནས་སྔགས་འབུམ་སོགས་བཟླའོ། །གསང་སྒྲུབ་ནི། ཕྱི་རིམ་རྩིབས་སྟེང་བསྐྱེད་པའི་རྣམས་ལྷ་ཀྱི་ཐུགས་ཀར་ཉི་དཀྱིལ་སྟེང་དུ། ཚང་པ་ལ་ཨ། གཤིན་རྗེ་ལ་ཡ། མ་མོ་ལ་མ། བདུད་ལ་དུ། དམ་ཅན་ལ་རུ། བཙན་ལ་ཙ། གཟའ་ལ་ཤ། ཀླུ་ལ་ན་རྣམས་སྐུ་མདོག་དང་མཐུན་པ་གསལ་བའི་མཐར། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་མ་ཧཱ་དྷེ་ཝ་ཧྲཱི༔ ཛ༔ ཨ༔ ཡ༔ དུ༔ རུ༔ ཙ༔ ཤ༔ ན༔ བཛྲ་ས་མ་ཡ་ཛཿཛ༔ སརྦ་ཧཱུྃ་ཧཱུྃ་ཕཊ༔ ཀྱིས་བསྐོར་བར་གསལ་ནས་རང་ཉིད་དབང་ཆེན་ལྷ་ཚོགས་ཡབ་ཡུམ་སྲས་གསུམ་དང་བཅས་པའི་ཐུགས་ཀ་ནས་འཕྲོས་པའི་འོད་ཀྱིས་སྡེ་བརྒྱད་རྣམས་བསྐུལ། མ་མོ་མ་གཏོགས་པའི་ཐམས་ཅད་ཀྱི་ཐུགས་ཀར་སྔགས་ཕྲེང་གཡས་དང་ཕྲེང་ཐག་གཡོན་དུ་འཁོར། མ་མོ་ལ་སྔགས་ཕྲེང་གཡོན་དང་། ཕྲེང་ཐག་གཡས་སུ་འཁོར་བ་རྣམས་ལས་འོད་ཟེར་གྱི་ཚོགས་སྤྲུལ་པ་ཡང་སྤྲུལ་གྱི་ཕོ་ཉ་དང་། མཚོན་ཆ་མེ་དཔུང་འཕྲོས་པས་སྡེ་བརྒྱད་རང་རང་གི་སྡེ་ཚོགས་དྲེགས་པ་ཅན་རྣམས་ལ་ཕོག་པས་བརྒྱལ་རེངས་མྱོས་བུན་ནས་གདུག་རྩུབ་རྣམས་མུན་པ་ཉི་མས་བཅོམ་པ་ལྟར་བྱས། སྲོག་སྙིང་ཡིག་འབྲུའི་རྣམ་པར་འཕྲོག་ཅིང་རྩིབས་སྟེང་བསྐྱེད་པ་རྣམས་ཀྱི་ཐུགས་ཀར་བསྡུས། དེ་དག་གི་སྲོག་སྙིང་དང་འཁོར་ཚོགས་ཀྱི་སྲོག་སྙིང་བཅས་ཀུན་འདུས་ཀྱི་ངོ་བོ། ཨ༔ ཡ༔ མ༔ དུ༔ རུ༔ ཙ༔ ཤ༔ ན༔ མདོང་གསོལ་དུ་ཕུལ་བ་རང་ཉིད་ཁྲོ་བོའི་རྒྱལ་པོའི་དབང་དུ་རང་དབང་མེད་པར་བསྡུས་ནས་ཉི་གདན་ལ་བསྟིམས་པས་བཀའ་ཉན་བྲན་ཁོལ་དུ་ཁས་བླངས་ནམ་ཡང་མི་འདའ་བའི་དམ་བཅས་བྲོ་བོར་ཆད་ཐོ་སྤྱི་བོར་རྡོ་རྗེའི་ཆར་ཕབ་པས་རྒྱས་གདབ་པར་བསམས་ཏེ་སྔགས་ཁྲི་ཕྲག་གསུམ་སོགས་བཟླའོ། །ཉམས་བྱིང་འཐིབ་སྒྲུབ་རྫས་ལ་བག་རྡུལ་ཆགས་པ་སོགས་མི་མཐུན་པའི་རྨི་ལྟས་བྱུང་དུས་དང་ཐུན་འཇུག་རྣམས་སུ་བདག་མདུན་རྣམས་ཀྱི་རྟ་ཕག་རིགས་ལྔའི་ཐུགས་དང་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཁྲོ་ཚོགས་དང་ཧཱུྃ་ཡིག་དཀར་དམར་མཐིང་གསུམ་སེར་ལྗང་གུ་དཔག་མེད་ཐོག་ལྟར་འཕྲོས་པས་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་ཞིང་ཧཱུྃ་ཡིག་རྣམས་ཁྲོ་བོ་ཁྲོ་མོ་ལྕགས་སྡིག་མཚོན་ཆ་མེ་དཔུང་དུ་གྱུར་ནས་སྣང་སྲིད་ཐམས་ཅད་ཤིག་ཤིག་ཡོམ་ཡོམ་འུར་འུར་དྲག་པོའི་ཧཱུྃ་སྒྲ་དྲག་དུ་སྒྲོགས་པས་བདུད་བགེགས་བར་ཆད་ཐམས་ཅད་དགྲ་བགེགས་དམ་སྲི་རྒྱ་འདྲེ་མ་ལུས་རྡུལ་ཕྲན་ཕྱེ་མར་འཐག །ལྷ་སྲིན་སྡེ་བརྒྱད་ཀུན་འབོགས་བརྒྱལ་བྲན་དུ་བཀོལ་སྲོག་སྙིང་ཕུལ་བ་དང་། མཐུ་ནུས་རྣམས་ཚུར་བསྡུས། སྟེང་འོག་བར་མཚམས་ཐམས་ཅད་ཁྲོ་མཚོན་མེ་དཔུང་གི་བསྲུང་བའི་འཁོར་ལོའི་གོ་བསྒོས་པར་བསམ་ཞིང་ཧཱུྃ་གི་སྣང་གླུ་ལེན་ཏེ་གུ་གུལ་གྱིས་བདུག་པ་སོགས་བྱའོ། །སྒྲུབ་པ་གང་ལྟར་ཡང་སྔ་དྲོ་ཞི་བ། ཉིན་གུང་རྒྱས་པ། དགོང་མོ་དབང་། སྲོད་ལ་དྲག་པོ། ཡང་ན་ཐུན་མཚམས་རྣམས་སུ་ལས་བཞིའི་སྔགས་དམིགས་ནི་ཞི་བར་ལྷ་ཚོགས་སྐུ་མདོག་རྒྱན་དང་ན་བཟའ་ཕོ་བྲང་ཞིང་ཁམས་ཐམས་ཅད་དཀར་པོ་གསལ་མདངས་དང་ལྡན་པར་བསྐྱེད་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་གྱི་མཐར་ཕྱི་ནང་གསང་བ་གང་ཡིན་གྱི་མཐར་སྔགས་ཤམ་དུ། ཨོཾ་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱན་ཏིང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་གཡས་སུ་འཁོར་བ་ལས་འོད་ཟེར་དཀར་པོ་མཁའ་ཁྱབ་ཏུ་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་ནད་གདོན་སྡིག་སྒྲིབ་བར་ཆད་ཞི་ཞིང་བྱང་བར་བྱས་ནས་སངས་རྒྱས་ཀྱི་སར་བཀོད་འོད་ཟེར་ཚུར་འདུས་རང་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་བག་ཆགས་བར་ཆད་སོགས་མི་མཐུན་ཕྱོགས་ཀུན་བ་མོར་ཉི་ཟེར་ཕོག་པ་ལྟར་རབ་ཏུ་བྱང་ཞིང་དག་པའི་འདུན་པ་མ་ཡེངས་རྩེ་གཅིག་གི་ངང་ནས་བརྒྱ་སྟོང་ཉེར་གཅིག་སོགས་བཟླས། དེ་བཞིན་དུ་རྒྱས་པར་ཟླ་སྟེང་ས་བོན་སོ་སོའི་མཐར་སྔགས་ཀྱི་ཤམ་བུར། སྭཱ་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དང་འོད་ཟེར་སེར་པོའི་འཕྲོ་འདུས་ཚེ་བསོད་དཔལ་འབྱོར་རྒྱས་པར་བསམ་ཞིང་གྲངས་གོང་ལྟར་རོ། །དེ་ལྟར་དབང་དྲག་པོ་གཉིས་ལ་སྐུ་མདོག་དམར་པོ་དང་ལྗང་གུ་བསྒྱུར། ཐུགས་ཀར་ཉི་མའི་སྟེང་དུ་ས་བོན་མཐར་སྔགས་ཀྱི་ཤམ་བུར་དབང་ལ། ཧཱ་ལྷ་འདྲེ་མི་གསུམ་ཐམས་ཅད་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ དང་དྲག་པོར། ཧཱུྃ། གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཀྱིས་བསྐོར་བར་བསྒོམ་ཞིང་འོད་ཟེར་དམར་པོ་དང་ལྗང་གུ་མཁའ་ཁྱབ་ཏུ་འཕྲོས། རྒྱལ་བ་མཆོད་སེམས་ཅན་གྱི་དོན་བྱས་འོད་ཟེར་ཚུར་འདུས་རང་ལ་ཐིམ་པས་དངོས་གྲུབ་ཐོབ་ནུས་སྟོབས་གཟི་བརྗིད་འབར། སླར་འཕྲོས་པའི་འོད་ཀྱིས་ཁམས་གསུམ་དབང་དུ་བསྡུས་པ་དང་། དགྲ་བགེགས་ཚར་གཅོད་པ་སོགས་ཀྱི་དམིགས་པ་སོ་སོར་བསྒྱུར་ཞིང་གྲངས་གོང་ལྟར་འཚམས་པར་བཟླ། འདི་སྐབས་རྣམས་སུ་བདག་བསྐྱེད་ཀྱི་འོད་ཟེར་འཕྲོས་པ་དང་དུས་མཉམ་དུ་མཆན་མདུན་བསྐྱེད་ལས་ཀྱང་འོད་ཟེར་སྤྲོ་བསྡུ་མེ་ལོང་དང་བྱད་བཞིན་བསྒོམ་པ་དང་། མདུན་བསྐྱེད་ཀྱིས་བསྐྱེད་བསྐུལ་བ་རྣམས་དམིགས་རིམ་བློ་མཐུན་དུ་བསྒྱུར་ཤེས་པར་བྱ་ཞིང་། ལྟས་ལེགས་པའི་སྐབས་སུ་ཏིང་ངེ་འཛིན་གྱིས། སྒྲུབ་རྫས་ལྷག་པའི་ལྷར་གསལ་བ་ལ་དབང་བཞི་ཡིད་ཀྱིས་ལེན་པ་རྣམས་བྱ། ལར་བཟང་རྟོག་དང་ངན་རྟོག་ཐམས་ཅད་རང་གི་སེམས་ཉིད་ཀྱི་སྣང་འཛིན་མ་དག་གི་རོལ་པ་ཡིན་པས་རེ་དོགས་ཀྱི་འཛིན་པ་བྲལ་བའི་ངང་ནས་ལྷ་དང་རང་སེམས་དབྱེར་མེད་ཀྱི་ངང་ནས་བསྒྲུབ་པར་བྱའོ། །ཕྱི་ནང་གསང་གསུམ་གྱི་འཛབ་མཚམས་སུ་མཐོང་བརྒྱུད་ལྟར་མཆོད་བསྟོད་བྱ་ཞིང་མཐར། ཧཱུྃ་ཧྲཱི༔ དགོངས་ཤིག་ཐུགས་རྗེ་ཆེ་མངའ་བཅོམ་ལྡན་འདས༔ སོགས་ཀྱིས་དབང་དང་དངོས་གྲུབ་ཡིད་ལེན་གྱི་རྗེས་སུ་ཆོས་སྐྱོང་གི་གཏོར་ཚོགས་བསྐང་བཤགས་ལྷག་མ་ཆོས་སྐྱོང་བསྐུལ་བ་ཆད་ཐོ་བསྟན་མ་བྲོ་བརྡུང་སོགས་ཕྱག་བཞེས་ལྟར་གཏོང་ངོ་། ༈ དེ་ནས་མཚམས་སང་གྲོལ་རྒྱུའི་དེ་རིང་ནས་དངོས་གྲུབ་ཀྱི་རྫས་དང་མཆོད་པ་གསར་པ་བཟང་དུ་བཤམས་ཤིང་རྙིང་པ་རྣམས་གསོ་བ་དང་བཅས་ཐུན་མཐའ་རྣམས་སུ་དངོས་གྲུབ་བསྡུ་རིམ་གྱི་དམིགས་པ་ཟབ་མོ་དང་བཅས། སྔགས་མཐར་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླས་ཤིང་མཆོད་བསྟོད་དངོས་གྲུབ་ཡིད་ལེན་སོགས་སྔར་དང་འདྲ། གྲོལ་རྒྱུའི་སྔ་ཐུན་ལ་འཛབ་ཕྱི་ནང་གསང་བ་དངོས་གྲུབ་ལས་བཞིའི་མཆོད་བསྟོད་དབང་བཞི་ཡིད་ལེན་ཆོས་སྐྱོང་མཆོད་པ་ཚོགས་བསྐང་བཅས་བཏང་ངོ་། ལྷག་མའི་གོང་དུ་བགེགས་བསྐྲད་བསྲུང་འཁོར་མཆོད་བསྟོད་ནོངས་བཤགས་དང་དངོས་གྲུབ་བསྐུལ་ཚིག་འདོན་ཞིང་སྒྲུབ་རྫས་གནས་གསུམ་དུ་རེག་ཅིང་དབང་བཞི་ལེན། སྒྲུབ་རྫས་འདིར་ཚིག་འགའ་ཆད་སོང་བ་འདྲ་། མཆན། །


previousརྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་སྒྲུབ་ཐབས་རིམ་པ་གསུམ་གྱི་ཟིན་བྲིས་ཡིད་བཞིན་དབང་གི་རྒྱལ་པོ།next