Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།


   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགྲ་ཆོས་མཐོང་བ་དོན་གསལ།
   
   


 
previousདགྲ་ཆོས་མཐོང་བ་དོན་གསལ།next

དགྲ་ཆོས་མཐོང་བ་དོན་གསལ།

དགྲ་ཆོས་མཐོང་བ་དོན་གསལ་ཞེས་བྱ་བ་བཞུགས་སོ། །རྩ་གསུམ་ལྷ་ལ་གུས་པས་འདུད། །གང་དག་དགྲ་ཇག་ཆོམ་རྐུན་གྱིས། །འཇིགས་པ་ཀུན་ལས་རྣམ་རྒྱལ་ཕྱིར། །འཕྲིན་བཅོལ་དགྲ་གྲུབ་མགོ་གནོན་བསྟན། །དེ་ལ་དང་པོར་རྟ་མགྲིན་སྔགས་བདག་མ་གང་རུང་ལ་བརྟེན་པའི་མཆོད་ཚོགས་བཀའ་གཏེར་སྲུང་མ་སྤྱི་དང་། ཁྱད་པར་མགོན་པོ་ལྷ་མོ་དམ་ཅན་རྒྱལ་བཙན་གཉིས་བཅས་ཡུལ་ལྷའི་གསོལ་ཁ་གང་འོས་གཏོར་ཚོགས་རྒྱ་ཆེན་དང་དགྲ་ལྷའི་དཀར་གཏོར་སོགས་བཤམས། དེ་འོག་འབྲུ་ནག་གསུམ་གྱི་ཕྱེ་མ་ཁྲག་སྣས་སྦྲུས་པའི་དམར་གཏོར་ཟུར་གསུམ་ཁྲམ་རིས་ཅན་རྩང་དང་འཚེ་ཡུང་གིས་བརྒྱན་པ། དེའི་མདུན་འོག་བྲུབ་ཁུང་ངམ་ལྕགས་བྷན་ཟུར་གསུམ་ནང་དུ་ཉ་བོ་དང་ཕུར་བུ་དར་གྱི་ཅོད་པཎ་ཅན་དང་གསེར་སྐྱེམས་ཇ་ཆང་ཕུད་རྒོད་སོགས་འདུ་བྱས་ལ། དངོས་གཞི་ལས་ཀྱི་གཞུང་བསྲང་། སྲུང་མའི་བསྐང་གསོལ་བཅས་གྲུབ་ནས་བསྒྲལ་ལས་མགོར་སླེབས་པ་དང་། དྲག་གཏོར་བྱིན་བརླབ་རྒྱས་པས་དམར་གཏོར་ལ་ཆབ་དང་སྨན་རག་སྦྲེང་ཞིང་འདི་སྐད་དོ། །ཧཱུྃ། རྩ་གསུམ་རབ་འབྱམས་ཐུགས་རྗེའི་བདག་ཉིད་ཅན། །མཐུ་ལྡན་དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས། །མྱུར་མགྱོགས་སྟོབས་ཀྱིས་མགོན་དང་གྲོགས་ལ་སྤྱོན། །དགྲ་སྡང་ལོག་འདྲེན་ཆམ་ལ་འབེབས་ཕྱིར་གཤེགས། །ད་དུས་ངན་པའི་བདག་ཅག་ཡོན་མཆོད་ཀྱི། །ཚེ་བསོད་དབང་ཐང་དཔལ་འབྱོར་ལེགས་ཚོགས་ལ། །བར་གཅོད་བྱས་དང་བྱེད་པར་བརྩམ་པ་དང་། །ད་དགྲ་དངོས་སུ་བརྡོ་དང་ཕྱི་དགྲ་སེམས། །ངོས་ནས་སྤྲེལ་ལྟར་འཛེག་ཅིང་ལྐོག་ནས་བརྣག །དགྲ་གྱོད་བྱུར་གྱི་སྣ་འདྲེན་ཕུགས་སྡོད་པའི། །གཟུགས་ཅན་གཟུགས་མེད་གནོད་བྱེད་རིགས་གྱུར་དང་། །བརྟེན་ཅིང་མཆོད་པའི་སྲུང་མ་མཐུ་རྩལ་ཅན། །སྤྱི་དང་ཁྱད་པར་ཕོ་རྒྱུད་དྲེགས་པའི་གཙོ། །ཡེ་ཤེས་མགོན་པོ་ཡབ་ཡུམ་གཙོ་འཁོར་དང་། །མོ་རྒྱུད་གཙོར་གྱུར་སྔགས་ཀྱི་བདག་མོ་ནི། །དམག་གི་རྒྱལ་མོ་འཁོར་བཅས་རྡོ་རྗེ་ལེགས། །སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་གྲི་བཙན་དང་། །ཡུལ་ལྷ་ཟོ་དོར་དགྲ་ལྷ་མཆེད་དགུ་སོགས། །རབ་འཇིགས་རྔམས་པའི་དགྲ་ཡུལ་དམག་དཔུང་ཆོས། །དགྲ་བོའི་ཡུལ་མཁར་བཤིག་ལ་མི་ནོར་ཕུང་། །སྲ་བའི་གོ་ཆ་ཧྲལ་ལ་རྣོ་བའི་མཚོན། །ཆོག་ལ་དཔའ་རྩལ་ནུས་པ་ཉམས་པར་གྱིས། །བླ་སྲོག་རྣམ་ཤེས་ཁུག་ལ་ད་སྒྲོལ་ཅིག །ཅེས་བསྐུལ་སྐབས་རང་ཉིད་ཡི་དམ་རྟ་མགྲིན་བྱས་ཚེ་གཙོ་བོ་དང་ལྷ་མོར་ཡང་དག་ཧེ་རུ་ཀར་བསྐྱེད་པའི་མདུན་དུ་སྲུང་མ་རྣམས་རང་རང་སོ་སོའི་གནས་ནས་སྐུར་བཞེངས་ཏེ་བཀའ་སྡོད་ཀྱི་ཚུལ་དུ་འཁོད་པར་བསམས་ལ། མཐར་དགྲ་བོའི་ཡུལ་དུ་དམག་ལ་ཆས་ཏེ་དགྲ་བོའི་མཁར་བཤིག་མི་ནོར་ཕུང་བརླག་བཏང་རྗེས་བླ་ཚེ་སྲོག་དབུགས་བསྡུས་འགུགས་ཚུལ་གྱི་ཉ་བོར་ཧོམ་བསྐྱེད་དགུག་བསྟིམ་བདེན་བརྗོད་རྒྱས་པར་ཚར་གསུམ་གྱིས་རུ་པ་དེ་ཉིད་དགྲ་བོ་དངོས་སུ་དམིགས། སླར་ཡང་གདུལ་བྱ་ཞི་བ་སྙིང་རྗེས་མ་ཐུལ་བ་རྣམས་དཔལ་ཆེན་པོའི་ཁྲོ་གཏུམ་དྲག་པོའི་ཚུལ་གྱིས་བསྒྲལ་འདྲེན་མོས་པས་ལས་བྱང་བསྒྲལ་ལས་ཀྱིས་བསྒྲལ་ལ་ལིང་རོ་ཆ་གསུམ་དུ་བགོས་ལ་ཆ་གཅིག་དཀྱིལ་འཁོར་དུ་འབུལ་ཆ་གཅིག་དུམ་བུར་གཏུབས་ཏེ་ལོགས་སུ་བཞག །ཆ་གཅིག་མནན་པ་བྱའམ་མི་བྱེད་ཚེ་ཆ་གཉིས་ལས་མི་དགོས་སོ། །དེ་ལྟར་དཔལ་ཆེན་ཁྲོ་བོའི་ལྷ་ཚོགས་ཀྱི་ཞལ་དུ་དགྲ་བོའི་ཤ་ཁྲག་བསྟབས་པས་དགྱེས་པ་བསྐྱེད་དེ་གཟི་བྱིན་རབ་ཏུ་འབར་བ། སྲུང་མ་རྣམས་ཀྱང་དགྲ་ཤ་གསེར་སྐྱེམས་ཀྱི་མཆོད་པས་མཉེས་ཏེ་འགོ་ཞིང་སྡོང་གྲོགས་ཕྲིན་ལས་སྒྲུབ་པ་ལ་ཐོགས་པ་མེད་པར་གྱུར་པར་བསམ་ཞིང་འདི་སྐད་དོ། །ཧཱུྃ༔ བརྟེན་ཅིང་མཆོད་པའི་སྲུང་མ་ནི། །ཕོ་རྒྱུད་དྲེགས་ཚོགས་ཡོངས་ཀྱི་རྗེ། །ཡེ་ཤེས་མགོན་པོ་གཟའ་བདུད་ཆེ། །རྡོ་རྗེ་ལེགས་པ་རྒྱལ་པོ་བཙན། །ཁྱེད་རྣམས་དགྲ་བོའི་ཤ་ཁྲག་དང་། །གསེར་སྐྱེམས་ཕུད་རྒོད་འདི་བཞེས་ལ། །སྡང་དགྲ་གནོད་བྱེད་སྔོན་བྱུང་བའི། །ར་མདའ་མཛོད་ལ་ཕྱིས་འབྱུང་བའི། །དགྲ་རྐུན་ཇག་པའི་ཁ་ཁོག་ཅིག །ད་དགྲ་ཐལ་བའི་རྡུལ་བཞིན་རློག །མ་གཡེལ་མ་གཡེལ་སྲུང་མ་རྣམས། །ཧཱུྃ། བརྟེན་ཅིང་མཆོད་པའི་སྲུང་མ་ནི། །མོ་རྒྱུད་དྲེགས་ཚོགས་ཡོངས་ཀྱི་རྗེ། །དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེ། །དྲེགས་པ་བདུན་དང་མ་མོ་ནི། །བྱེ་བ་ས་ཡའི་འཁོར་དང་བཅས། །བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །ཁྱེད་རྣམས་དགྲ་བོའི་ཤ་ཁྲག་དང་། །གསེར་སྐྱེམས་ཕུད་རྒོད་འདི་བཞེས་ལ། །སྡང་དགྲ་གནོད་བྱེད་སྔོན་བྱུང་གི། ར་འདའ་མཛོད་ལ་ཕྱིས་འབྱུང་བའི། །དགྲ་རྐུན་ཇག་པའི་ཁ་ཁོག་ཅིག །ད་དགྲ་ཐལ་བའི་རྡུལ་བཞིན་རློག །མ་གཡེལ་མ་གཡེལ་སྲུང་མ་རྣམས། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །མི་ནོར་ལོངས་སྤྱོད་མངའ་ཐང་ལ། །བསྲུང་ཞིང་སྐྱོབ་པར་མཛད་པ་དང་། །གཞིས་སུ་སྡོད་ཚེ་ལེགས་ཚོགས་སྤེལ། །བྱེས་སུ་འགྲོ་ན་དཔུང་གཉེན་མཛོད། །སྔོན་ནས་བསུས་ལ་རྒྱབ་ནས་སྐྱོར། །ལམ་འཕྲང་ཆུ་དང་ཁ་ཆར་ཆེ། །ངལ་དུབ་ཀུན་ལས་རྒྱལ་བ་དང་། །ན་ཚ་ཤི་ཆད་མི་ཕྱུགས་ལ། །མ་གཏོང་དགྲ་ཇག་ཆོམ་རྐུན་ཚོགས། །ཉིན་ལ་འཇབ་ན་འུག་པ་ལྟར། །མཚན་ལ་འཇབ་ན་ཞ་རེངས་ཐོང་། །ཉིན་མཚན་མེལ་ཚེ་མ་གཡེལ་མཛོད། །དམག་ལ་འགྲོ་ན་དམག་དཔོན་མཛོད། །ཇག་ལ་འགྲོ་ན་ཇག་དཔོན་མཛོད། །ཚོང་ལ་འགྲོ་ན་ཚོང་དཔོན་མཛོད། །མི་ཁ་གླེང་གཞི་མེད་པར་མཛོད། །ཁ་མཆུ་གྱོད་ཉེས་མེད་པར་མཛོད། །དཔའ་བའི་སྐྱེས་བུ་རྩལ་ལྡན་དང་། །སྲ་བའི་གོ་ཆ་བཙན་པོ་དང་། །རྣོ་བའི་མཚོན་ཆ་འཁོར་གསུམ་ལ། །སྲུང་མ་དགྲ་ལྷ་འབྲལ་མེད་དུ། །བརྟན་པར་བཞུགས་ལ་མགོན་སྐྱོབ་མཛོད། །རིན་ཆེན་འབྲུ་ནོར་ལོངས་སྤྱོད་ཀྱི། །བང་མཛོད་ཁང་གཞིས་རྣམས་ལ་ཡང་། །ནོར་ལྷ་གཡང་འཛིན་བསྲུང་མ་མཛོད། །ཕྱི་ཡི་དབུལ་འདྲེ་ནང་མ་གཏོང་། །ནང་གི་གཡང་ནོར་ཕྱིར་མ་གཏོང་། །འགོ་ཞིང་སྡོང་གྲོགས་གཉེན་པོ་མཛོད། ཅེས་ཕུད་དང་འབྲུ་སྣ་མཆོད་ལ་རྟ་མགྲིན་ཡིན་ན་བཟློག་པ་འདོན་མངའ་གསོལ་ལྷག་མ་སྲུང་མའི་ཕྲིན་བཅོལ་གཏོར་འབུལ་བྱ་ཞིང་ཆད་ཐོའི་མགོར་སྡེ་བརྒྱད་གསེར་སྐྱེམས་དང་ཆད་ཐོ་གྱེར། དམར་གཏོར་དེ་ཉིད་དྲག་པོའི་རྫས་སྣ་ཚོགས་སུ་བསམ་ལ་འདི་ལྟར་རོ། ཧཱུྃ། ད་ནི་ཟོར་འཕེན་དགྲ་ལ་འཕེན། །མ་གཡེལ་བསྐྱོད་ཅིག་སྲུང་མ་རྣམས། །རྣལ་འབྱོར་བདག་གི་རྒྱབ་དཔུང་མཛོད། །དྲག་པོ་དཔལ་གྱི་གཏོར་མ་འདི། །སྔ་དགྲ་ལག་གིས་བརྡར་བ་ཡི། །ཉམས་པ་དགྲ་བོའི་སྟེང་དུ་འཕེན། །དམིགས་མེད་ཐལ་བའི་རྡུལ་དུ་རློགས། །ད་དགྲ་དངོས་སུ་བསྡོ་བ་ཡི། །ཉམས་པ་དགྲ་བོའི་སྟེང་དུ་འཕེན། །དམིགས་མེད་ཐལ་བའི་རྡུལ་དུ་རློག །ཕྱི་དགྲ་ཡིད་ལ་བསམ་པ་ཡི། །སྡང་བྱེད་དགྲ་བོའི་སྟེང་དུ་འཕེན། །དམིགས་མེད་ཐལ་བའི་རྡུལ་བཞིན་རློག །གཏོར་ཟོར་དྲག་པོ་རི་རབ་འདི། །འཕངས་པ་ཙམ་གྱིས་སྲིད་གསུམ་གཡོ། །སྡང་བྱེད་དགྲ་བོ་ཅིས་མི་ཐུལ། །ཡི་དམ་གང་ཡིན་གྱི་བཟློག་སྔགས་མཐར། བྷྱོ་ཟློག །ཅེས་དགྲ་ཕྱོགས་སུ་འཕངས་ལ་སྐྱེས་པ་རྣམས་ཀྱིས་གྲི་མདུང་མདའ་སྒྱོགས་སོགས་ཀྱིས་བརྡེག་ལ་ཀི་བསོ་སྒྲོགས་ལ་ལྷ་རྒྱལ་འཐེན། བུད་མེད་རྣམས་ཀྱིས་གཡབ་མོ་དང་ཀུས་འདེབས་བསྟན་མ་སྐྱོང་ངོ་། །དེ་ནས་ལིང་རོ་དུམ་གཅིག་རེ་ནག་དྲིལ་ཆས་དང་བཅས་ལྕགས་སྣོད་དུ་བཞག་ལ་དགུག་གཞུག་དྲག་པོའི་མཐར་ཕྱག་རྒྱ་བཞིའི་རྒྱས་བཏབ་ལ་ཚོན་སྐུད་སྔོ་དམར་གྱིས་རྒྱ་གྲམ་དུ་བཅིངས་དམིགས་པ་ནི་ཉམས་པའི་དགྲ་བོ་སྔ་དགྲ་བྱས་ཤིང་། ད་དགྲ་བརྡོ་བ་ཕྱི་དགྲ་ཡིད་ལ་བསམ་པ་ཐམས་ཅད་ཀྱི་བླ་ཚེ་རྣམ་ཤེས་ཏྲི་དམར་སེར་གྱི་རྣམ་པར་བཀུག་ལ། མཚན་མ་རྫས་ཀྱི་རྟེན་རུ་པ་ལིང་རོ་ལ་ཐིམ་པས་ལུས་ངག་ཡིད་གསུམ་གྲུ་གུས་ཚུལ་གྱིས་བྱད་དུ་བཅུག་སྟེ་མནན་པར་བསམ། སྔ་དགྲ་ལག་གི་བརྡར་བ་ཐམས་ཅད་སྟཾ་བྷ་ཡ་ནན། ཕྱི་དགྲ་ཡིད་ལ་བསམ་པ་ཐམས་ཅད་སྟཾ་བྷ་ཡ་ནན། ད་དགྲ་དངོས་སུ་བསྡོ་བ་ཐམས་ཅད་སྟཾ་བྷ་ཡ་ནན། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་སྡང་བའི་དགྲ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་སྟཾ་བྷ་ཡ་ནན། མཱ་ར་ཡ་ནན། ཅེས་ལན་དགུ་བགྲང་ལ་ཐེམ་འོག་ཕྱུགས་ལྷས་སོགས་གང་རུང་དུ་དོང་གྲུ་གསུམ་པ་གཏིང་རིང་བ་བྲུས་པའི་ནང་དུ་འཕངས་རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀབ་འབྱུང་བ་བཞིས་རྒྱས་གདབ་རྟ་བྲོ་བརྡུང་ནས་ཆོ་གའི་མཇུག་སྐྱོང་ངོ་། །མནན་པ་ནི་ཤིན་ཏུ་གཉན་པས་དགྲ་གྱོད་བྱུར་ཁ་ཆེ་ན་མ་གཏོགས་ནམ་ཐོད་ཐོད་དུ་བྱ་མི་རུང་བའི་ཁེ་ཉེས་ཆེ་ལ། གཞན་བསྐུལ་དང་ཟོར་འཕེན་ནི་གཞུང་དངོས་ལ་དགག་བྱ་མེད་དོ། །ཅེས་འདི་གང་ཤར་རིག་པའི་རྩལ་ཉིད་ལས། །བཅོས་སུ་མ་ཡིན་གཞན་ནས་བསྒྲིགས་པ་མིན། །རྨོངས་པའི་ཚིག་དང་མཁས་པ་མཐུན་པ་མིན། །བླུན་པོའི་གཏམ་དང་དྲུང་པོ་མཚུངས་པ་མིན། །མིན་པ་གསུམ་གྱི་ཚིགས་བཅད་འདི་ཁོ་ན། །དབུ་མཛད་བློ་བཟང་ཐུགས་དམ་གང་གྱུར་ཅིག །སྔགས་པའི་སྔགས་ཆོག་མདོས་གཏོར་ངས་མི་ཤེས། །ར་བཤའ་རྔ་བརྡུང་གྲོང་སྔགས་ངས་མི་ཤེས། །ཟན་ལ་གྲི་འཛུགས་ཧཱུྃ་ཕཊ་ངས་མི་ཤེས། །དགྲ་བོར་དུག་ལྔ་ལས་གཞན་ངས་མི་ཤེས། །དུག་ལྔ་རང་གྲོལ་ཐབས་ལས་ངས་མི་ཤེས། །སྙིང་རྗེས་དགྲ་བོ་འདུལ་ལས་ངས་མི་ཤེས། །མི་ཤེས་དྲུག་གིས་སྦྱར་བྱང་འདི་བཀོད་པས། །འགྲོ་ཀུན་ཉོན་མོངས་བདུད་དགྲ་ཞི་བར་ཤོག །ཅེས་པའང་ཨོ་རྒྱན་པདྨའི་རྗེས་བཟུང་ལྷ་རིགས་ཉི་སྤྲུལ་པས་གང་ཤར་སྨྲས་པའི་ཡི་གེ་པ་ནི་རིག་འཛིན་དངོས་གྲུབ་རྒྱ་མཚོས་སོ། །མངྒ་ལཾ།། །།


previousདགྲ་ཆོས་མཐོང་བ་དོན་གསལ།next