Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།

1 occurrence of འར་བ་
[Clear Hits]


  
  
 expand section
collapse section
  
  
  
 
བསྐྱེད་རིམ་ལས་བྱང་ཟབ་མོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འར་བ་
[Clear Hits]

 
previousབསྐྱེད་རིམ་ལས་བྱང་ཟབ་མོ།next

བསྐྱེད་རིམ་ལས་བྱང་ཟབ་མོ།

རྟ་མགྲིན་དྲེགས་པ་ཟིལ་གནོན་ལས༔ བསྐྱེད་རིམ་ལས་བྱང་ཟབ་མོ་བཞུགས་སོ༔ རྟ་མཆོག་རོལ་པ་ཁྲོ་རྒྱལ་ཡོངས་ཀྱི་རྗེ༔ འཁོར་འདས་ཆེ་བཙན་དྲེགས་པ་འདུལ་བའི་གཤེད༔ དབང་གི་ལྷ་སྟེ་དྲག་པོའི་སྟོབས་རྩལ་ལྡན༔ རྟ་མཆོག་རྒྱལ་པོ་ཡབ་ཡུམ་སྐུ་ལ་འདུད༔ ཉོན་ཅིག་བོད་ཀྱི་རྒྱལ་བློན་རྗེ་འབངས་རྣམས༔ ཐུབ་པའི་བསྟན་པ་བྱང་ནས་བྱང་དུ་རྒྱས༔ མཐའ་འཁོབ་བོད་ཡུལ་མུན་པའི་གླིང་ཁུང་དུ༔ མདོ་སྔགས་ཐབས་དང་ཤེས་རབ་སྙིང་པོའི་བཀའ༔ ཉེ་བར་གྱུར་པ་གསང་སྔགས་སྒྲུབ་པའི་ལུང་༔ ད་དུས་ཕུན་སུམ་ཚོགས་ཤིང་དཔལ་དང་ལྡན༔ འོན་ཀྱང་སྟོང་གསུམ་འཇིག་རྟེན་ཁམས་འདི་དག༔ ཚེ་ལོ་གྲངས་བབས་ད་ནི་བདུན་ཅུར་ཉེ༔ སྐྱེ་འགྲོའི་ཚེ་བསོད་རིམ་བཞིན་བྲི་ནས་འགྲོ༔ ལོ་ཟླ་ཞག་དུས་མ་བགྲངས་བཞིན་དུ་འཛད༔ དུག་ལྔའི་ཡོ་ལང་མ་བསླབས་བཞིན་དུ་ཤེས༔ དགེ་བ་ཇི་ལྟར་དཀར་པོར་སྤྱད་ན་ཡང་༔ དུས་ཀྱི་དབང་གིས་ཕྱེད་ནི་སྡིག་དང་འདྲེ༔ སངས་རྒྱས་སྤྲུལ་པའི་གང་ཟག་མང་འབྱོན་ཀྱང་༔ འགྲོ་བ་སྤྱི་མཐུན་གྲུབ་མཐའི་རླུང་གིས་འཁྱེར༔ བཀའ་ལ་རས་གཅོད་གཟུ་ལུམ་མང་འབྱུང་བས༔ སངས་རྒྱས་བཀའ་ཡི་སྲུང་མ་མི་དགྱེས་ཤིང་༔ ཆོས་ཀྱི་བྱིན་རླབས་ཆ་གསུམ་ཉམས་པའི་དུས༔ ཤར་ལྷོ་ནུབ་བྱང་སྟོད་སྨད་གནས་རྣམས་ཀྱི༔ ཟབ་གཏེར་འབྱིན་པའི་རྟགས་དུས་ལུང་བསྟན་ཀྱང་༔ ཡིད་ཆེས་ཚད་མའི་བཀའ་ལུང་མི་སྤྱོད་པར༔ བདུད་སྤྲུལ་བརྫུན་གཏེར་ཟོག་ཆོས་དང་བླངས་པས༔ ངན་སོང་གསུམ་ན་ཁྱུ་དེད་འཁྱམ་པའི་ཚེ༔ དྲེགས་པའི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་༔ མི་མིན་མིར་བརྫུ་ལྷ་མིན་ལྷ་ལ་བརྫུ༔ བསྟན་འགྲོའི་བདེ་བཅོམ་ནད་མཚོན་མུ་གེ་སྡང་༔ ཉི་ཟླ་རྒྱུ་སྐར་དཔག་ཚད་གཅིག་ཏུ་ལྷུང་༔ བསིལ་དྲོད་མི་སྙོམས་འབྱུང་བཞིའི་གཡོས་མང་བས༔ མི་འདོད་སྣ་ཚོགས་ཐན་ལྟས་མང་དུ་འཕྲོ༔ དེ་དུས་བྱང་ཆུབ་སེམས་ལྡན་རྣལ་འབྱོར་པས༔ དྲེགས་པའི་ཡང་ཁོལ་དྲེགས་པ་ཟིལ་གནོན་འདི༔ ཚུལ་བཞིན་སུས་བསྒྲུབ་ཉམས་སུ་སུས་བླངས་པ༔ བར་ཆད་རྐྱེན་གྲོལ་མཆོག་ཐུན་དཔལ་ལ་སྤྱོད༔ ཡུལ་ཕྱོགས་རྒྱལ་ཁམས་གང་དང་གང་དེ་བདེ༔ དེ་ཕྱིར་ཡི་གེར་ཐོབ་ཅིག་ཐུགས་ཀྱི་སྲས༔ འདི་ནས་འཇལ་བའི་ཤར་ཕྱོགས་མཐོན་པོའི་རི༔ སྲིང་མོ་རྫོང་གི་ནུབ་ལོགས་དབང་གི་གནས༔ མེ་འབར་ཕུག་ལ་སྦོས་ཤིག་དྷཀྐི་མ༔ མ་འོངས་ཐུགས་རྗེ་ཆེན་པོའི་སྤྲུལ་པས་འབྱིན༔ གངས་ལྗོངས་ས་ལ་དབང་པའི་བདག་པོ་ཡིས༔ པདྨ་ང་དང་སྤྱན་རས་གཟིགས་དབང་ལ༔ དབྱེར་མེད་གསོལ་བ་བཏབ་ཅིང་སྒྲུབ་ཐབས་འདི༔ སྤྲུལ་པ་སོ་སོར་འབྱུང་བ་ཚུལ་བརྟགས་ནས༔ ཉམས་སུ་བླངས་ན་བོད་འབངས་སྐྱེ་འགྲོ་བདེ༔ སཱ་མཱ་ཡཱཿ རྒྱ་རྒྱ་རྒྱཿ དབེན་པའི་གནས་སུ་དཀྱིལ་འཁོར་མཆོད་ཚོགས་བཅས༔ སྨན་རག་གཏོར་ཚོགས་སྐུ་གསུང་ཐུགས་རྟེན་བཀྲམ༔ ལས་ནི་གང་དག་དེར་མཐུན་དེ་ལྟར་སྤྱོད༔ འདི་ལྟར་འཕྲིན་ལས་ཟབ་མོ་འདིར་འཇུག་ཚེ༔ མཆོད་རྫས་བསྲེགས་གཏོར་སྦྱངས་བཀྲུས་སྨན་རག་སྦྲེང་༔ རོལ་མོ་དབྱངས་དང་བཅས་ཏེ་འདི་སྐད་དོ༔ རཾ་ཕྱི་སྣོད་ནང་བཅུད་ཡེ་ཤེས་མེ་ཡིས་བསྲེགས༔ ཡཾ་རྣམ་རྟོག་གཉིས་འཛིན་བག་ཆགས་རླུང་གིས་གཏོར༔ ཁཾ་ཡན་ལག་བརྒྱད་ལྡན་ཆུ་ཡིས་དག་པར་བཀྲུས༔ ཀུན་གཞིའི་མ་རིག་འཁྲུལ་འཛིན་དབྱིངས་སུ་དག༔ རཾ་ཡཾ་ཁཾ༔ གསུམ༔ ཨཱོཾ་གཟུགས་སྒྲ་དྲི་རོ་རེག་བྱས་ཆོས་དབྱིངས་གང་༔ ཨཱཿངོ་བོ་ཟག་མེད་ཡེ་ཤེས་བདུད་རྩིར་གྱུར༔ ཧཱུྃ༔ འདོད་ཡོན་ལོངས་སྤྱོད་མཁོ་དགུའི་དཔལ་དང་ལྡན༔ རྩ་གསུམ་ལྷ་ཚོགས་མཆོད་པའི་རྫས་སུ་གྱུར༔ ཨཱོཾ་ཨཱཿཧཱུྃ༔ གསུམ༔ ཧཱུྃ་ཧྲཱིཿ བྷནྡྷ་འབར་བའི་རང་བྱུང་སྣོད་མཆོག་ཏུ༔ བདུད་རྩིའི་ལྷ་མོ་ལི་ཁྲིའི་མདོག་ལྡན་མའི༔ མཁའ་གསང་ཕྱག་རྒྱའི་འོད་ཟེར་འཕྲོ་འདུ་ལས༔ ཐབས་དང་ཤེས་རབ་འདུ་འཕྲོས་བདུད་རྩིར་བསྐྱིལ༔ སརྦ་ཛྙཱ་ན་པཉྩ་སིདྡྷི་མཾ༔ ཧཱུྃ་ཧྲཱི༔ ལྕང་ལོར་བཅས་པའི་ཐོད་སྣོད་ཡངས་པ་རུ༔ རཀྟའི་ལྷ་མོ་དམར་མོ་གྲི་ཐོད་ཅན༔ འོད་ཟེར་འཕྲོ་འདུས་སྦྱོར་སྒྲོལ་ཆོ་འཕྲུལ་བསྒྱུར༔ གསང་བའི་མཁའ་ལས་རཀྟའི་རྒྱ་མཚོ་བསྐྱིལ༔ སརྦ་ཛྙཱ་ན་རཀྟ་སིདྡྷི་མཾ༔ ཧཱུྃ་ཧྲཱི༔ དྲི་བཟང་སྤོས་ངད་ཤ་ཆེན་གསུར་དུད་སྤྲིན༔ ཨརྒཾ་རཀྟའི་ཡོན་ཆབ་རྒྱ་མཚོ་མེར༔ ཞལ་ཟས་ཤ་ཆེན་བཤོས་དང་ལང་ལིང་དམར༔ སྣང་གསལ་ཚིལ་ཆེན་མར་མེ་ཏ་ལ་ལ༔ ཡིད་འོང་རྣམ་ལྔའི་མེ་ཏོག་སྐར་ལྟར་བཀྲམ༔ རྔ་དུང་དྲག་པོའི་མཆོད་དབྱངས་འབྲུག་ལྟར་སྒྲོགས༔ རྩ་གསུམ་མཆོད་རྫས་རྒྱལ་བའི་ཞིང་ཁམས་ཁྱབ༔ ཨཱོཾ་སརྦ་པཱུ་ཙ་ས་མ་ཡེ་སྭཱ་ཧཱ༔ བཀའ་བསྒོ་བ་ནི༔ ཧཱུྃ་ཧྲཱིཿ དང་པོ་མ་རིག་རྒྱུ་ལས་སྐྱེས་པ་ཡི༔ བར་དུ་གཉིས་སྣང་འཛིན་པར་འཁྲུལ་པའི་བགེགས༔ མཆོད་པའི་གྲལ་ལ་མི་དབང་འབྱུང་པོའི་ཚོགས༔ སྒྲུབ་པའི་གནས་འདིར་མ་འདུག་གཞན་དུ་དེངས༔ སརྦ་དམ་སྲི་གཱརྫ་མཱ་ར་ཡ་ཕཊ༔ མཚམས་ནི༔ ཧཱུྃ་ཧྲཱིཿ ང་ནི་རྟ་མཆོག་པདྨ་ཧེ་རུ་ཀ༔ ཕྱི་མཚམས་སྣང་བ་རྣམ་དག་སྟོང་པའི་གུར༔ ནང་མཚམས་ཡེ་ཤེས་ལྔ་ལྡན་འོད་ལྔའི་དཀྱིལ༔ གསང་མཚམས་ཆོས་དབྱིངས་རང་བྱུང་རྡོ་རྗེའི་མཁར༔ དབང་ཆེན་འབར་བའི་ཕོ་བྲང་ཡོངས་སུ་བརྡལ༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་རཀྵ་རཀྵ་ཧཱུྃ༔ བསྐྱེད་རིམ་ནི༔ ཧཱུྃ་ཧྲཱིཿ བརྗོད་དུ་མེད་པའི་ཆོས་ཉིད་དེ་བཞིན་གཤེགས༔ མ་རིག་འཁྲུལ་པའི་འགྲོ་དྲུག་ཡོངས་ལ་ཁྱབ༔ བརྩེ་བའི་སྙིང་རྗེ་ཐུགས་རྗེའི་རྒྱུ་རུ་ཤར༔ གནམ་ལྕགས་འབར་བའི་རྡོ་རྗེ་ཧཱུྃ་དམར་མཚན༔ ཧཱུྃ་བཛྲ་ཙིཏྟ་ཧཱུྃ༔ ཧཱུྃ་ལས་ཨེ་འཕྲོས་སྟོང་ཉིད་ནམ་མཁའི་ཁམས༔ དམིགས་མེད་རང་བཞིན་དག་པའི་དབྱིངས་སུ་གསལ༔ ཡཾ་འཕྲོས་རྒྱ་གྲམ་རླུང་གི་དཀྱིལ་འཁོར་ནི༔ སྲ་བརྟན་རྡོ་རྗེ་ཕ་ལམ་མཁྲེགས་ལ་རྔམ༔ བཾ་འཕྲོས་ཁྲག་ཞགས་རྒྱ་མཚོའི་རྦ་རླབས་ནི༔ རབ་ཏུ་འཁྲུག་ཅིང་གཡོ་སྟེ་འགུལ་ཞིང་འཁྱོམ༔ ལམ་འཕྲོས་ཤ་ཆེན་ས་གཞིའི་འཇམ་འཇིམ་ནི༔ རྔམས་འཐུག་རྒྱ་ཆེ་སྟོང་གསུམ་ཁྱོན་དུ་བརྡལ༔ ཀེཾ་འཕྲོས་གནམ་ལྕགས་ཨུར་མོའི་གཞལ་ཡས་ཁང་༔ རྩ་བ་འདོད་ཆགས་ཁྲག་གི་རྒྱ་མཚོར་ཟུག༔ རྩེ་མོ་མི་མངོན་ཚངས་པའི་ཡུལ་ན་མཐོ༔ བང་རིམ་དགུ་པ་ཕྱི་ནི་མཆོད་རྟེན་ལ༔ རྒྱ་ཁྱོན་མུ་མཐའ་འཛིན་པའི་ཡུལ་དང་བྲལ༔ དེ་ཡི་དཀྱིལ་ཡངས་རཾ་ཡིག་དམར་ནག་འཁྲུག༔ བསྐལ་པའི་མེ་ལྟར་འབར་བའི་དབྱིངས་རོལ་དུ༔ བྷྲཱུྃ་འཕྲོས་དབང་དྲག་རོལ་པའི་གཞལ་ཡས་ཁང་༔ དུར་ཁྲོད་ཆེན་པོ་འཁོར་ལོ་རྩིབས་བརྒྱད་དབུས༔ ཆོས་འབྱུང་ཟླ་གམ་ཏི་ར་པདྨའི་སྟེང་༔ ཐབས་ཤེས་ཉི་ཟླ་འབར་བའི་གདན་སྟེང་དུ༔ རྡོ་རྗེ་ཧཱུྃ་ཡིག་ཁྲ་ཐབས་ཚུལ་གྱིས་བབས༔ འོད་ཀྱི་འདུ་འཕྲོའི་སྦྱོར་བ་གསུམ་ལྡན་མཐར༔ དབང་བཞི་རྫོགས་པའི་རྩལ་དང་སྟོབས་ནུས་འབར༔ སྐད་ཅིག་གནས་གྱུར་རང་རིག་ཁྲོ་བོའི་རྒྱལ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ༔ སྐུ་མདོག་དམར་པོ་མེ་ཡི་མདོག་འདྲ་རྒྱས༔ ཞལ་གཅིག་ཕྱག་བཞི་གྲི་ཐོད་ཡུམ་ལ་འཁྱུད༔ འོག་གཉིས་ལྕགས་ཀྱུ་ཞགས་པ་དོར་སྟབས་འགྱིང་༔ ཞལ་གདངས་ལྗགས་འགྲིལ་མཆེ་གཙིགས་སྤྱན་གསུམ་འཁྲུག༔ རལ་པ་ཁམ་ནག་གྱེན་བརྫེས་ཐོད་པས་བཅིངས༔ རྟ་དབུ་དཀར་དམར་ལྗང་གསུམ་གཙུག་ནས་འཚེར༔ དེ་ཡི་པང་ཡུམ་རྡོ་རྗེ་རྣལ་འབྱོར་མ༔ དམར་མོ་གྲི་ཐོད་བརྐྱངས་བསྐུམས་གར་སྟབས་འཁྲིལ༔ རལ་པ་ཐུར་འཕྱང་ཕག་ཞལ་ངུར་སྒྲ་ལྡིར༔ ཡབ་ཡུམ་སྐུ་ལ་དུར་ཁྲོད་ཆས་བརྒྱད་དང་༔ དབང་ཆེན་འབར་བའི་ཆས་བཅུ་དག་གིས་བརྒྱན༔ ཁམས་གསུམ་དབང་བསྒྱུར་སྲིད་གསུམ་ཆེ་བཙན་དཔལ༔ དྲག་རྩལ་ནུས་སྟོབས་ཉི་མ་འབུམ་ལྟར་འབར༔ སྟེང་གི་མཁའ་ལ་ཁྱུང་དམར་གནམ་ལྕགས་སྡེར༔ རྡོ་རྗེའི་མཆུ་ཡིས་ཀླུ་རིགས་ཞལ་དུ་སྒྲིམ༔ རིགས་བདག་དམར་པོ་གཙུག་གི་རྒྱན་དུ་སྤྲས༔ ཧཱུྃ་ཧྲཱིཿ སྤྱི་བོར་དུང་ཁང་འབར་བའི་འཁོར་ལོའི་དབུས༔ སྐུ་ཡི་རྟ་ཕག་ཡབ་ཡུམ་དཀར་གསལ་འཁྲིལ༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་གཞལ་ཡས་ན༔ གསུང་གི་རྟ་ཕག་ཡབ་ཡུམ་དམར་གསལ་འཁྲིལ༔ སྙིང་ག་ཆོས་དབྱིངས་འཁོར་ལོའི་ཕོ་བྲང་དབུས༔ ཐུགས་ཀྱི་རྟ་ཕག་ཡབ་ཡུམ་མཐིང་ནག་འཁྲིལ༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་གཞལ་ཡས་ན༔ ཡོན་ཏན་རྟ་ཕག་ཡབ་ཡུམ་སེར་གསལ་འཁྲིལ༔ གསང་གནས་བདེ་བ་ཆེན་པོའི་ཕོ་བྲང་དུ༔ འཕྲིན་ལས་རྟ་ཕག་ཡབ་ཡུམ་ལྗང་གསལ་འཁྲིལ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་གྲི་ཐོད་གདེངས༔ སྟག་གཟིག་ཤམ་ཐབས་ཐོད་ཕྲེང་རུས་པས་བརྒྱན༔ བདེ་སྟོང་རྒྱས་པས་རྟ་ཞལ་ཕག་སྐད་སྒྲོགས༔ རང་འདྲའི་སྤྲུལ་འཁོར་འབུམ་འབུམ་ཀློང་དུ་བསྐྱེད༔ ཧཱུྃ་ཧྲཱིཿ དབང་ཆེན་ཐབས་ཀྱི་ཞབས་གཡས་བརླ་ཡི་དཀྱིལ༔ ཧཱུྃ་ལས་གྱུར་པའི་མ་ཧཱ་དྷེ་ཝ་ནག༔ དབང་ཆེན་ཤེས་རབ་ཞབས་གཡོན་བརླ་ཡི་དཀྱིལ༔ ཧྲཱིཿལས་གྱུར་པའི་ཨུ་མ་དྷེ་ཝ་དམར༔ ཡབ་ཡུམ་ཁྲོ་གཏུམ་དྲག་ཁྲོས་རལ་པ་བརྫེས༔ ཐོད་པས་དབུ་བརྒྱན་སྦྲུལ་ནག་ཆུན་པོས་བརྒྱན༔ ཟངས་ལྕགས་འཁོར་ལོའི་ཕྱག་རྒྱ་དོར་སྟབས་བགྲད༔ མདུན་དུ་གཉིས་མེད་སྤྲུལ་པའི་སྲས་ཆེན་པོ༔ རཀྴ་ཛ་ལ་ནག་པོ་ཟངས་མཆེ་ཅན༔ དར་ནག་བེར་གསོལ་ཁྲོ་གཏུམ་གསོད་ལ་རྔམ༔ ཕྱག་གཉིས་ནད་མཚོན་དུག་གི་ཐུན་འོད་འཕྲོ༔ ཁྲག་འཐུང་དབང་གི་སྤྲུལ་པའི་ཕོ་ཉར་བསྒོམ༔ ཡབ་ཡུམ་སྐུ་ལ་ལུས་དང་གྲིབ་མའི་ཚུལ༔ སྐུ་ཡི་རྒྱབ་ནས་བཛྲ་པཱ་ཎི་འཇིགས༔ མཐིང་ནག་རྡོ་རྗེ་སྡིགས་མཛུབ་གར་དགུར་ལྡན༔ གནོད་སྦྱིན་སྡེ་དཔོན་བྲན་དང་ཕོ་ཉར་བཅས༔ ཧཱུྃ་ཧྲཱིཿ ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་གཞལ་ཡས་ནས༔ ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་ཀློང་ཡངས་དབུས༔ ཤར་དུ་སྲོག་བདག་ཚངས་པ་དཀར་པོ་ཁྲོ༔ བེར་སྨུག་དགུ་བརྩེགས་མདུང་དར་དགྲ་སྙིང་རོལ༔ ཤར་ལྷོར་ཀླུ་བདུད་དབུ་དགུ་ཕྱག་བཅོ་བརྒྱད༔ སྦྲུལ་མཇུག་དུག་མདོག་སྣ་ཚོགས་མཚོན་ཆ་གདེངས༔ ལྷོ་རུ་གཤིན་རྗེ་བྷེ་ཝ་ས་ཏ་ནི༔ སེར་ནག་འབར་བ་འཁོར་ལོ་སྡིགས་མཛུབ་ཞགས༔ ལྷོ་ནུབ་དྲང་སྲོང་ལྗང་སྔོན་དབུ་དགུ་འཇིགས༔ ཆུ་སྲིན་རྒྱལ་མཚན་མདའ་གཞུ་སྤྱན་སྟོང་འཁྲུག༔ ཚ་གྲང་འཁྲུགས་པའི་སྒྲ་སྒྲོགས་སྦྲུལ་མཇུག་འཁྱིལ༔ ནུབ་ཏུ་བཙན་རྒོད་རྡོ་རྗེ་དྲག་རྩལ་དམར༔ བསེ་ཁྲབ་ཞགས་པ་མདུང་དམར་ཙིཏྟ་འདྲེད༔ ནུབ་བྱང་རྡོར་ལེགས་ཞྭ་ལྷམ་བེར་ནག་ལྕགས༔ ཞགས་པ་ནག་པོ་རྡོ་རྗེའི་ཐོ་བ་གདེངས༔ བྱང་དུ་བདུད་པོ་རལ་པ་ཚར་དགུ་ནག༔ རེ་ལྡེ་མི་ལྤགས་གོ་ཟུང་ཁྲམ་ཤིང་ཞགས༔ བྱང་ཤར་མ་མོ་ནག་མོ་རལ་གྲི་ཐོད༔ མི་ལྤགས་རྩིབ་མའི་རེ་ལྡེ་སྟག་ཤམ་ཅན༔ ཀུན་ཀྱང་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་རྣམས་དམར་ཟླུམ་སྡང་མིག་ཕྱོོགས་བཅུར་གཡོ༔ ཞབས་རྣམས་དོར་སྟབས་རྒྱན་དང་ཆ་ལུགས་རྫོགས༔ འཁོར་གཡོག་དགྱེས་སྡེ་ཡུམ་དང་སྤྲུལ་འཁོར་བཅས༔ ལྷ་སྲིན་འབུམ་སྡེའི་དྲྭ་བ་ར་བར་བསྒོམས༔ དུར་ཁྲོད་གཞལ་ཡས་གནམ་ལྕགས་པུ་རིའི་མཁར༔ ཕྱོགས་བཞིའི་སྒོ་བཞིར་རྒྱལ་ཆེན་སྡེ་བཞི་ནི༔ རང་རྟགས་ཕྱག་མཚན་སྐུ་མདོག་འོད་དུ་འཚེར༔ རང་རང་འཁོར་ཚོགས་དཔལ་མགོན་སྲུང་མས་བསྐོར༔ མ་འདྲེས་སོ་སོར་གསལ་ཞིང་ལས་མཛད་གསལ༔ སྤྱན་འདྲེན་རོལ་མོ་སྤོས་གསུར་རྔམ་སྟབས་བསྒྱུར༔ ཧཱུྃ་ཧྲཱིཿ འོག་མིན་དབང་དྲག་རོལ་པའི་དུར་ཁྲོད་ནས༔ དབང་ཆེན་ཁྲོ་བོའི་རྒྱལ་པོ་ཡབ་དང་ཡུམ༔ རིགས་ཀྱི་བདག་པོ་དཔའ་བོ་དཔའ་མོ་འབུམ༔ མ་ལུས་འཁོར་དང་བཅས་པ་གཤེགས་སུ་གསོལ༔ སྤྲུལ་པའི་བྱ་ཁྱུང་འབར་བ་གཤེགས་སུ་གསོལ༔ ལྷ་ཆེན་དྲག་པོ་ཡབ་ཡུམ་གཤེགས་སུ་གསོལ༔ མུ་སྟེགས་རཀྴ་ཛ་ལ་གཤེགས་སུ་གསོལ༔ གནོད་སྦྱིན་ལག་ན་རྡོ་རྗེ་གཤེགས་སུ་གསོལ༔ སྲོག་བདག་ཚངས་པ་འབུམ་སྡེ་གཤེགས་སུ་གསོལ༔ ཀླུ་བདུད་ནག་པོ་འབུམ་སྡེ་གཤེགས་སུ་གསོལ༔ འཆི་བདག་གཤིན་རྗེ་འབུམ་སྡེ་གཤེགས་སུ་གསོལ༔ ཁྱབ་འཇུག་གཟའ་རྒོད་འབུམ་སྡེ་གཤེགས་སུ་གསོལ༔ བཙན་རྒོད་དམར་པོ་འབུམ་སྡེ་གཤེགས་སུ་གསོལ༔ དམ་ཅན་ཐེའུ་རང་འབུམ་སྡེ་གཤེགས་སུ་གསོལ༔ སྲོག་གཅོད་བདུད་པོ་འབུམ་སྡེ་གཤེགས་སུ་གསོལ༔ མ་མོ་མཁའ་འགྲོ་འབུམ་སྡེ་གཤེགས་སུ་གསོལ༔ རྒྱལ་ཆེན་ལས་བྱེད་བྲན་འཁོར་གཤེགས་སུ་གསོལ༔ སངས་རྒྱས་བཀའ་དང་བསྟན་པ་སྐྱོང་བའི་ལྷ༔ མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ དབང་དྲག་ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ མཆོག་ཐུན་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ དམ་མེད་དྲེགས་པ་འདུལ་ཕྱིར་གཤེགས་སུ་གསོལ༔ རྒྱ་འདྲེ་འགོང་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ མཐའ་དམག་འཁྲུག་རྩོད་བཟློག་ཕྱིར་གཤེགས་སུ་གསོལ༔ ནད་མུག་མཚོན་ཁ་བཟློག་ཕྱིར་གཤེགས་སུ་གསོལ༔ ཟ་འདྲེ་གོད་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་མ་ཧཱ་དྷེ་ཝ་ཨུ་མ་ནི་ཛ་ལ་ཨ་ཡ་མ་ཏྲག་རཀྨོ་རཱ་ཛ་ཡཀྴ་དུ་ན་པྲ་ན་ཡེ་རཀྴ་རུ་ཊ་ནཱ་ག་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛཿཛ༔ བཞུགས་གསོལ༔ ཧཱུྃ་ཧྲཱིཿ དབང་ཆེན་འབར་བའི་དཀྱིལ་འཁོར་ལྷ་ཡི་ཚོགས༔ གནམ་ལྕགས་ཨུརྨོའི་དཀྱིལ་འཁོར་གཞལ་ཡས་དབུས༔ རང་རང་དགྱེས་པའི་ཁྲི་གདན་འཁོར་ལོ་ལ༔ མ་ལུས་འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧྲཱིཿཧཱུྃ་ཛ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཧཱུྃ་བཛྲ་ཏིཥྛ་ལྷན༔ ཕྱག་ནི༔ ཧཱུྃ་ཧྲཱིཿ འབར་བའི་ལྷ་ཚོགས་དྲག་རྩལ་ནུས་མཐུའི་དཔལ༔ རྔམ་བརྗིད་སྟོབས་ལྡན་དབང་དྲག་ཧེ་རུ་ཀ༔ གདུལ་དཀའ་འདུལ་མཛད་དྲེགས་པ་ཡོངས་ཀྱི་གཤེད༔ དཔལ་ཆེན་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་སརྦ་དྷེ་ཝ་ན་མོ་པཱུ་ཙ་ཧོ༔ མཆོད་པ་ནི༔ ཧཱུྃ་ཧྲཱིཿ གུ་གུལ་དཀར་ནག་དྲི་བཟང་སྤོས་སྨན་དུད༔ ཤ་ལྔའི་གསུར་ཆེན་དུད་པ་སྤྲིན་ལྟར་གཡོ༔ དབང་ཆེན་འབར་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ ལོག་འདྲེན་བསྒྲལ་བའི་རཀྟ་མཚོ་ལྟར་བསྐྱིལ༔ ཁྲག་ལྦུའི་བ་གམ་གཡོ་ཞིང་འོད་རླངས་འཁྲུག༔ དབང་ཆེན་འབར་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ མཆོག་ཆེན་མི་རྟ་ཁྱི་དང་བ་གླང་སོགས༔ བཙོས་བརྗེན་གསར་རྙིང་བམ་རུལ་ཞལ་ཟས་བརྩེགས༔ དབང་ཆེན་འབར་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ བྷནྡྷའི་ཀོང་བུར་ཞུན་ཆེན་མར་མེས་གཏམས༔ རྫོགས་ལྡན་མེ་ལྟར་འབར་ཞིང་འཚིག་པ་འདི༔ དབང་ཆེན་འབར་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ དབང་པོ་རྣམ་ལྔའི་མེ་ཏོག་བགྲངས་མཐའ་ཡས༔ མདངས་ལྡན་འོད་འཕྲོ་མཛེས་ལྡན་བཀོད་པ་འདི༔ དབང་ཆེན་འབར་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ ཐོད་རྔ་རྐང་གླིང་རྔེའུ་ཆུང་རོལ་མོའི་སྒྲ༔ འབར་འབེར་འཁྲུག་ཅིང་ འར་འུར་ལྡིར་ ་འདི༔ དབང་ཆེན་འབར་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ སྟོང་གསུམ་ཁྱོན་བརྡལ་བྷནྡྷར་བདུད་རྩིས་བརྒྱན༔ འདོད་དགུའི་དཔལ་གྱིས་བརྒྱན་པའི་མཆོད་སྤྲིན་འདི༔ དབང་ཆེན་འབར་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ འབྲུ་སྨན་དུག་ཁྲག་ཤ་སྣ་སྙིང་སྣ་སྟོང་༔ དཔལ་གྱི་རི་ལྟར་བརྗིད་ལྡན་བཤམས་པ་འདི༔ དབང་ཆེན་འབར་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ ཕྱི་ནང་སྣོད་བཅུད་གཟུགས་སྒྲ་དྲི་རོ་རེག༔ དངོས་འབྱོར་ཡིད་སྤྲུལ་དགྱེས་ཤིང་མཆོད་པའི་ཚོགས༔ དབང་ཆེན་འབར་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ དུག་གསུམ་རྒྱུ་ལས་སྐྱེས་པའི་དགྲ་དང་བགེགས༔ དབང་དྲག་སྟོབས་ཀྱིས་བསྒྲལ་བའི་ཤ་ཁྲག་རུས༔ དབང་ཆེན་འབར་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་སརྦ་དྷེ་ཝ་པུ་རུ་ཤ་ཡ་པཱུ་ཙ་ཧོ༔ བསྟོད་པ་ནི༔ ཧཱུྃ་ཧྲཱིཿ འོག་མིན་གསང་ཆེན་རོལ་པའི་མཁའ་དབྱིངས་ནས༔ མངོན་རྫོགས་རྒྱལ་པོ་ཆོས་སྐུ་དེ་བཞིན་གཤེགས༔ ལྔ་ལྡན་ཐུགས་རྗེའི་སྟོབས་བཅུ་དཔལ་དུ་འབར༔ དབང་བཅུའི་ཤུགས་ཀྱིས་དྲེགས་པ་ཡོངས་ཀྱི་གཤེད༔ རྟ་གདོང་ཁྲག་འཐུང་དཔལ་ལ་ཕྱག་འཚལ་བསྟོད༔ རབ་འཇིགས་སྐུ་ལ་གར་དགུའི་འཁོར་ལོ་གཡོ༔ དབང་ཆེན་སྒྲ་ཡིས་ཁམས་གསུམ་བྲན་དུ་བཀོལ༔ དབང་དྲག་ཆས་ལྡན་སྲིད་གསུམ་ཟིལ་གྱིས་གནོན༔ ཁྲོས་པའི་སྟོབས་རྫོགས་དབང་གི་ཧེ་རུ་ཀ༔ རྟ་གདོང་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད༔ འབར་བའི་ཀློང་ཡངས་གཏུམ་དྲག་འཁྲུག་པའི་དབྱིངས༔ གནམ་ལྕགས་ཨུར་མོའི་ཕོ་བྲང་དུར་ཁྲོད་འཇིགས༔ དུག་གསུམ་མེ་རླུང་གཡོ་འཁྲུག་དུག་ལྔ་འབར༔ དཔལ་གྱི་སྐུ་ལས་སྤྲུལ་པ་ཡང་སྤྲུལ་འགྱེད༔ སྟོབས་ལྡན་དྲག་པོའི་རྒྱལ་ལ་ཕྱག་འཚལ་བསྟོད༔ གཉིས་མེད་སྐུ་ལ་སྦྱོར་བའི་དབང་ཕྱུག་ཡུམ༔ པདྨ་དྷཀྐི་རྡོ་རྗེ་རྣལ་འབྱོར་མ༔ བདེ་སྟོང་དཔལ་འབར་མ་བརྒྱུད་འབུམ་གྱི་གཙོ༔ ཁྲོས་པའི་གར་དབང་ཕག་ཞལ་སྒྲ་ཆེན་འབྱིན༔ ཡུམ་ཆེན་རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད༔ ལས་བཞིའི་ལྷ་ཚོགས་སྐུ་ཡི་རྒྱན་དུ་སྤྲས༔ གང་འདུལ་སྤྲུལ་པའི་ཁྱུང་དམར་མཁའ་ལ་ལྡིང་༔ རིགས་བདག་དམར་པོ་གཙུག་གི་ཆ་ལ་འབར༔ སྒྱུ་འཕྲུལ་རབ་འབྱམས་གར་གྱི་རྟ་མཆོག་དཔལ༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུཾ་ལས་གྱུར་པའི་དབང་ཕྱུག་ཁྲོ་བོ་ནག༔ ཧྲཱིཿལས་གྱུར་པའི་ཡུམ་ཆེན་དམར་མོ་ཁྲོ༔ ཛཿལས་སྐྱེས་པའི་སྲས་མཆོག་སྲིན་པོ་ནག༔ དྲེགས་པའི་གཤེད་མ་ཁྲོ་བོ་རྡོ་རྗེ་འཆང་༔ དཔལ་ཆེན་སྤྲུལ་པའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཕྱི་རོལ་འཁོར་ལོ་འབར་བའི་རྩིབས་བརྒྱད་ནས༔ མི་བསྲུན་དྲེགས་པ་སྡེ་བརྒྱད་འདུལ་པའི་དཔལ༔ དྲེགས་པའི་གཟུགས་ཀྱིས་དྲེགས་པ་འདུལ་བའི་སྐུ༔ དབང་ཆེན་སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་འབུམ༔ གདུལ་དཀའ་འདུལ་བྱེད་ཚོགས་ལ་ཕྱག་འཚལ་བསྟོད༔ གླིང་བཞིའི་མགོན་སྟེ་སངས་རྒྱས་བསྟན་པ་སྐྱོང་༔ ལྷ་དམག་དབུགས་འབྱིན་ལྷ་མིན་གཡུལ་ངོ་བཟློག༔ རྒྱལ་ཆེན་སྡེ་བཞི་གཙང་རིས་དཔལ་མགོན་ལྷ༔ བཀའ་ཡི་བསྟན་སྲུང་གཡོག་འཁོར་བྲན་དང་བཅས༔ བཀའ་སྲུང་དམ་ཅན་རྒྱ་མཚོར་ཕྱག་འཚལ་བསྟོད༔ བསྐྱེད་རྫོགས་ཟུང་འཇུག་མཉམ་ཉིད་ཏིང་འཛིན་གྱིས༔ མ་ཡེངས་དགོངས་པའི་གཟེར་གདབ་སྔགས་འདི་བགྲང་༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཧཱུྃ་ཕཊ༔ ཐུན་སྐབས་མཆོད་བསྟོད་དངོས་གྲུབ་དབང་བཞི་ལེན༔ ཞིང་ཆེན་ལྤགས་པ་གཅལ་ཏུ་བཀྲམ་པའི་སྟེང་༔ ཤ་ཁྲག་ཆང་སོགས་ཚོགས་འཁོར་རྒྱས་པར་བཀྲམ༔ ཧཱུྃ་ཧྲཱིཿ དབང་ཆེན་རོལ་པའི་གསང་བའི་དུར་ཁྲོད་འདིར༔ དྲེགས་ཆེན་བསྒྲལ་བའི་ཤ་ཁྲག་དོན་སྙིང་རུས༔ སྨན་སྤོས་འབྲུ་སྣ་རྩི་བཅུད་ཨ་མྲྀ་ཏ༔ མུ་མཐའ་མེད་པར་ཡོངས་སུ་བརྡལ་བ་འདི༔ དཔལ་ཆེན་དབང་གི་ལྷ་ལ་འབུལ་ལགས་ན༔ རྡོ་རྗེ་རྒྱལ་པོས་བསྲེགས་གཏོར་སྦྱངས་བཀྲུས་སྤེལ༔ ཞེས་ལས་པས་ཕྱག་དང་བཅས་ཏེ་ཞུའོ༔ དེ་ནས་རྡོ་རྗེའི་ཆུས་འཐོར་སྨན་རག་རྣམས་ཀྱིས་སྦྲེང་༔ ཧཱུྃ་ཧྲཱིཿ གསལ་བ་ཆོས་སྐུ་ཀུན་ཁྱབ་ཕྱག་རྒྱ་ལས༔ འཛིན་པ་དཀྱིལ་འཁོར་གསུམ་ལྡན་ཕོ་བྲང་ནས༔ བཟླས་པ་སྔགས་ཀྱི་འཁོར་ལོའི་འདུ་འཕྲོའི་རྩལ༔ བཟའ་བཏུང་ཚོགས་ཀྱི་འཁོར་ལོར་ཕོག་པ་ལས༔ སྤྱད་པ་ལས་ཀྱི་ཕྱག་རྒྱ་ཡབ་ཡུམ་ལྔ༔ ཟུང་འཇུག་སྦྱོར་བའི་བདུད་རྩིར་ཀུན་ཏུ་འཁྱིལ༔ རྩ་གསུམ་ལྷ་ཚོགས་མཆོད་པའི་རྫས་སུ་གྱུར༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ མུཾ་ལཾ་མཾ་པཾ་ཏཾ༔ ས་མ་ཡ་ཧོ༔ ས་མ་ཡ་སྟོཾ༔ པཉྩ་ཨ་མྲྀ་ཏ་ཨཱོཾ་ཨཱཿཧཱུྃ༔ ཧ་ཧོ་ཧྲཱིཿཕེཾ་ཕེཾ༔ གསུམ༔ ཧཱུྃ་ཧྲཱིཿ ཤ་ལྔ་བདུད་རྩི་ལྔ་ལས་གྲུབ་པ་ཡི༔ ཡེ་ཤེས་ལྔ་ལྡན་ཚོགས་ཀྱི་འཁོར་ལོ་འདི༔ དབང་དྲག་དྲེགས་པའི་དཀྱིལ་འཁོར་ལྷ་ཚོགས་ལ༔ མཆོད་པར་འབུལ་ལོ་དགྱེས་པར་བཞེས་སུ་གསོལ༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་སརྦ་དྷེ་ཝ་གྷ་ན་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཅེས་མཆོད༔ ཧཱུྃ་ཧྲཱི༔ དབང་དྲག་ཁྲོས་པའི་ལྷ་ཚོགས་དགོངས་སུ་གསོལ༔ འདིར་ཚོགས་རྣལ་འབྱོར་མཆེད་དང་ལྕམ་དྲལ་གྱི༔ འདའ་དཀའ་ཁས་བླང་དམ་ལས་འགལ་གྱུར་པ༔ ཚོགས་ཀྱི་འཁོར་ལོས་བསྐངས་ཤིང་བཤགས་ལགས་ལ༔ ཚངས་པར་མཛད་ནས་མཆོག་གི་དངོས་གྲུབ་སྩོལ༔ ཅེས་བརྗོད་རྒྱུད་ཟུང་བཞིའི་བཤགས་པ་དང་ཡི་གེ་བརྒྱ་པ་བྱའོ༔ ཐ་མར་འགུགས་བསྟིམ་རྒྱས་གདབ་ནས༔ ཧཱུྃ་ཧྲཱི༔ དཔལ་ཆེན་འབར་བ་དབང་དྲག་ཁྲོས་པའི་ལྷ༔ སྤྲུལ་པ་ཡང་སྤྲུལ་བཀའ་ཉན་བྲན་གཡོག་འབུམ༔ ཁྲག་འཐུང་རྔམ་བརྗིད་འབར་བའི་ཏིང་འཛིན་གྱིས༔ རྣོ་ངར་གདུག་པའི་མཚོན་གྱི་ཆར་ཕོབ་ལ༔ གནོད་པར་གྱུར་ན་འགོ་བའི་ལྷ་ཡང་རུང་༔ སྡང་བར་གྱུར་ན་བྱམས་དང་ཉེ་རིང་མེད༔ གནོད་བྱེད་དགྲ་བགེགས་ཐམས་ཅད་རྡུལ་དུ་རློག༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་བཛྲ་པཱ་ཎི་དྷཀྐི་ནི་བྷ་ར་ཧི་ཧཱུྃ་མ་ཧཱ་དྷེ་ཝ་ཧྲཱིཿཨུ་མ་དྷེ་ཝི་ཛ་ལ་རཀྴ་ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བགེགས་བྱད་མ་ཐམས་ཅད་ཏྲི་དུ་ཛ་ཏྲི་དུ་ཛ་ནྲི་ཏྲི་མཱ་ར་ཡ་རྦད་རྦད༔ ཏྲག་རཀྴ་མཱ་ར་ཡ་རྦད་ཆོད་ཐུམ་རིལ་རྦད༔ དུམ་བུར་གཏུབས་གཏུབས་སྙིང་ལ་ཡཾ་ཡཾ་མར་ཐུལ་མཱ་ར་ཡ་བྷྱོ་བྷྱོ་ཛཿཛཿསོད་སོད༔ ཅེས་བརྗོད༔ སྔགས་ལ་ཁཱ་ཧི་བཏགས་ཤིང་གཏོར་མར་འབུལ༔ འབགས་ལྷག་བྲན་ཏེ༔ ཧཱུྃ་ཧྲཱི༔ དམ་རྫས་བཀའ་ཡི་ཕམ་ཕབས་ཆེན་པོ་འདི༔ དབང་ཆེན་དྲག་པོའི་བཀའ་འཁོར་སྐྱོང་བའི་བདག༔ རྒྱལ་ཆེན་ལས་བྱེད་དཔལ་མགོན་རྒྱ་མཚོ་དང་༔ ཕྱི་ནང་སྤྲུལ་འཁོར་བྲན་གཡོག་ཐམས་ཅད་ལ༔ མཆོད་པར་འབུལ་པོ་གྷ་ནའི་ལྷག་མ་ལོང་༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་གཙང་སར་གཤེགས༔ ཆད་ཐོར་སྨན་རག་སྦྲེངས༔ ཧཱུྃ་ཧྲཱི༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ དབང་ཆེན་རོལ་པའི་དུར་ཁྲོད་ཆེན་པོ་དེར༔ བཅོམ་ལྡན་དཔལ་ཆེན་རྟ་མཆོག་ཧེ་རུ་ཀས༔ འབུམ་ཕྲག་དཔའ་བོ་མཁའ་འགྲོ་དབང་བསྡུས་ནས༔ དཀྱིལ་འཁོར་གསུམ་གྱི་གཡར་དམ་ཕོག་པའི་ཚེ༔ མི་འདའ་རྡོ་རྗེའི་དམ་ལ་གནས་པའི་ཚོགས༔ ཞིང་བཅུའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་སྐྱོང་གསང་སྔགས་རྒྱུད་སྡེ་སྲུངས༔ སྒྲུབ་མཆོག་བདག་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ དེ་འོག་བར་གྱི་བསྐལ་པའི་བར་མ་ལ༔ བམ་རི་ཐོད་མཁར་མ་ལ་ཡ་རྩེ་ན༔ ཁྲོས་པའི་སྟོབས་ལྡན་རྟ་མགྲིན་ཡབ་ཡུམ་གྱིས༔ སྒེག་པའི་བདུད་པོ་རུ་ཊ་བསྒྲལ་བའི་ཚེ༔ ཀེ་སེང་དབང་ཕྱུག་དམ་ཅན་རྒྱ་མཚོ་ཡིས༔ སོ་སོར་ཁས་བླངས་དམ་བཅས་དེ་བཞིན་དུ༔ གཏོར་མ་བཞེས་ལ་འཛམ་གླིང་བདེ་སྐྱིད་སྤེལ༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་ཧྲཱི༔ དེ་འོག་འདས་དུས་བསྐལ་པའི་འོག་མ་ལ༔ སྟོན་པའི་བསྟན་པ་ཕྱི་པས་བཅོམས་པའི་ཚེ༔ ལྷོ་ཕྱོགས་ལྕགས་མཁར་ནག་པོའི་ཕོ་བྲང་དུ༔ ཕུང་བྱེད་ཆེན་པོ་ཤནྟིང་གྷརྦྷ་དང་༔ བདག་ཉིད་སྔགས་འཆང་པདྨ་ཐོད་ཕྲེང་གིས༔ དབང་ཆེན་བསྒྲུབས་ཤིང་དྲེགས་ཚོགས་བྲན་དུ་བཀོལ༔ ལྷ་ཆེན་ཡབ་ཡུམ་རཀྴ་ཛ་ལ་ཡིས༔ རང་གཤེད་རང་ཕབ་མུ་སྟེགས་སྡེ་ཚོགས་བརླག༔ སངས་རྒྱས་བསྟན་པ་ཕྱོགས་མཐར་རྒྱས་པའི་ཚེ༔ དམ་ལ་བཞག་པའི་སྲུང་མ་ཕྱི་ནང་ཚོགས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བསྟན་པའི་བཀའ་སྲུང་རྣལ་འབྱོར་སྡོངས་གྲོགས་མཛོད༔ ཧཱུྃ་ཧྲཱི༔ དེ་འོག་འདས་དུས་བསྐལ་པའི་ཐ་མ་ལ༔ ཆོས་འཁོར་བསམ་ཡས་ཨཱརྱ་པ་གླིང་དུ༔ བདག་ཉིད་རིག་འཛིན་པདྨ་ཐོད་ཕྲེང་གིས༔ དྲེགས་པའི་དྲེགས་པ་དྲེགས་པས་བརྟུལ་བའི་ཚེ༔ དམ་ལ་བཏགས་པའི་ལྷ་སྲིན་སྡེ་བརྒྱད་འབུམ༔ བཀའ་ཡི་དམ་རྫས་རང་རྟགས་བཤོས་བུ་ལོང་༔ བོད་ཁམས་བསྟན་འགྲོའི་བདེ་སྐྱིད་སྤེལ་བ་དང་༔ མཐའ་དམག་འཁྲུག་རྩོད་ནད་མཚོན་མུ་གེ་བཟློག༔ ཟ་འདྲེ་འགོང་པོ་དམ་སྲི་རྡུལ་དུ་རློག༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ བསྟན་མ་ནི༔ ཧཱུྃ་ཧྲཱི༔ བོད་ཁམས་མཐའ་དབུས་ཀུན་ལ་གནས་པ་ཡི༔ བསྟན་མ་ཆེན་མོ་མ་སྲིང་བྲན་གཡོག་འབུམ༔ ཆོས་འཁོར་བསམ་ཡས་ཨཱརྱ་པ་གླིང་དུ༔ དབང་ཆེན་དྲེགས་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ལྕེ་ལ་ཨརྒཾ་སྤྱི་བོར་རྡོ་རྗེ་བཞག༔ གསང་བའི་མཚན་བཏགས་མ་འོངས་ལུང་བསྟན་ཚེ༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ གཏོར་མ་འདི་བཞེས་རྣལ་འབྱོར་བདག་སྲུང་ཞིང་༔ བསྟན་པའི་དགྲ་སྒྲོལ་མཐའ་དམག་འཁྲུག་རྩོད་ཟློག༔ རྣམ་བཞིའི་འཕྲིན་ལས་གྲུབ་པའི་སྟོང་གྲོགས་མཛོད༔ སརྦ་ས་མ་ཡ༔ ཨི་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཏོར་གཞོང་སྦུབ་ཅིང་༔ ཧཱུྃ་ཧྲཱི༔ ཆོས་སྐུ་ཞི་བའི་དབྱིངས་ལས་འབར་བའི་སྐུ༔ བདུད་དང་ལོག་འདྲེན་དྲེགས་པ་འདུལ་བའི་གཤེད༔ མ་རུངས་ཚར་གཅོད་རྟ་མཆོག་དབང་གི་ལྷ༔ བྲན་དང་ཕོ་ཉ་བཀའ་འཁོར་སྲུང་མའི་ཚོགས༔ རྡུངས་ཤིག་རྡོ་རྗེ་འབར་བའི་རྟ་བྲོ་རྡུངས༔ དམ་སྲི་གནོད་བྱེད་དགྲ་བགེགས་འབྱུང་པོ་རྣམས༔ ཞལ་དུ་བསྟབ་བོ་ཆུ་སྲིན་གྲེ་བའི་ནང་༔ ཐར་མེད་མཆེ་བྲག་འཁྲིགས་པས་རྒྱས་གདབ་བོ༔ དབྱིངས་སུ་བསྟིམ་མོ་མཐའ་མེད་རྒྱ་མཚོའི་ཀློང་༔ ནམ་ཡང་འཆོར་བ་མེད་པའི་རྒྱས་གདབ་བོ༔ ཡོངས་སུ་མནན་ནོ་རི་རབ་གླིང་བཞིའི་འོག༔ ནམ་ཡང་ལྡང་བ་མེད་པར་རྒྱས་གདབ་བོ༔ ཨཱོཾ་ལཾ་ཧཱུྃ་ལཾ་སྟམ་བྷ་ཡ་མཱ་ར་ཡ་ན་ཤ་ཡ༔ མོ་ཥ་ཡ་ནན་སྭཱ་ཧཱ༔ བཀྲ་ཤིས་ནི༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་ཀུན་ཁྱབ་ཡངས་པ་ཐུགས་རྗེའི་ལྷ༔ གནས་ལུགས་སྙིང་པོ་རྟོགས་པའི་བཀྲ་ཤིས་ཤོག༔ འབད་མེད་ཡོངས་གྲོལ་ལྔ་ལྡན་ཟེར་ཐག་འཕྲེང་༔ བླ་མེད་ཟད་པ་མཐར་ཕྱིན་བཀྲ་ཤིས་ཤོག༔ གང་འདུལ་སྤྲུལ་པའི་ཚོམ་བུ་ལྷག་པའི་ལྷ༔ དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག༔ དགེ་བའི་བསོད་ནམས་ཁམས་གསུམ་ཀུན་ཏུ་རྒྱས༔ ལེགས་པའི་འབྲས་བུ་སྲིད་གསུམ་ཡོངས་ལ་སྨིན༔ མཆོག་ཐུན་མི་ཟད་ཡིད་བཞིན་དཔལ་གྱི་བུམ༔ དབང་བཅུའི་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག༔ རྫོགས་རིམ༔ ཧཱུྃ་ཧྲཱི༔ གསང་ཆེན་རོལ་པའི་དུར་ཁྲོད་གཞལ་ཡས་ཁང་༔ གཙོ་དང་འཁོར་གཡོག་ལྷ་སྐུ་ཕྱག་རྒྱ་ཆེ༔ སྣང་སྟོང་གཉིས་མེད་རོལ་པ་ཧཱུྃ་ལ་བསྡུ༔ ཧཱུྃ་ཡིག་སྐད་ཅིག་བརྗོད་མེད་མཁའ་ལ་ཡལ༔ ཡེ་གྲོལ་འབད་མེད་དབྱིངས་སུ་ཡོངས་གྲོལ་ཏེ༔ མངོན་རྫོགས་བརྗོད་མེད་ཟང་ཐལ་སྤྲོས་དང་བྲལ༔ གཤེགས་གསོལ་ནི༔ ཧཱུྃ་ཧྲཱི༔ རྟོག་མེད་དབྱིངས་ལས་ཤར་པའི་གཙོ་དང་འཁོར༔ རིས་མེད་ཕྱོགས་ལྷུང་བྲལ་བའི་མཁའ་དབྱིངས་སུ༔ བརྗོད་མེད་བློ་འདས་དབྱིངས་སུ་གཤེགས་ནས་ཀྱང་༔ སླར་ཡང་བདག་ཅག་རྗེས་མཐུན་དངོས་གྲུབ་སྩོལ༔ དངོས་གྲུབ་ནི༔ ཧཱུྃ་ཧྲཱི༔ དགོངས་ཤིག་ཐུགས་རྗེ་ཆེར་མངའ་བཅོམ་ལྡན་འདས༔ འཕགས་མཆོག་དབང་གི་ལྷ་ཚོགས་དགོངས་སུ་གསོལ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ རྟ་གདོང་དྲག་པོ་ཁྲོས་པ་དྲེགས་པའི་གཤེད༔ སྙིང་རྗེ་ཆེན་པོའི་དབང་ཕྱུག་ཧེ་རུ་ཀ༔ གསང་སྔགས་དབང་མནོས་འདའ་དཀའ་ཁས་བླངས་ཀྱང་༔ ཤེས་རབ་ཟབ་མོའི་འབད་པ་རྔོ་མ་ཐོགས༔ ལྟ་སྒོམ་སྤྱོད་གསུམ་འགལ་གྱུར་ཉམས་ཆགས་བཤགས༔ ཚངས་པར་སྩལ་ནས་མཆོག་དང་ཐུན་མོང་དཔལ༔ དབང་བཞིའི་ཡེ་ཤེས་སྐུ་བཞིར་མངོན་གྱུར་སྩོལ༔ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ བསྔོ་བ་ནི༔ ཧཱུྃ་ཧྲཱིཿ རྡོ་རྗེ་གསུམ་གྱི་གསལ་སྣང་ལྷ་རུ་བསྐྱེད༔ དཀྱིལ་འཁོར་གསུམ་གྱི་ཏིང་འཛིན་རྣམ་པར་འབྱོངས༔ རིམ་པ་གཉིས་ཀྱི་བསྐྱེད་རྫོགས་བསོད་ནམས་མཐུས༔ མཐའ་ཡས་འགྲོ་རྣམས་བྱང་ཆུབ་ཐོབ་ཕྱིར་བསྔོ༔ སྨོན་ལམ་ནི༔ ཧཱུྃ་ཧྲཱིཿ ཚེ་རབས་སྔོན་ནས་བསྟེན་པའི་ཡི་དམ་ལྷ༔ ད་ལྟ་སྒོ་གསུམ་གསལ་བ་གསུམ་དང་ལྡན༔ ནམ་ཞིག་འབྱུང་བཞི་ནམ་མཁའི་དབྱིངས་ཐིམ་ཚེ༔ ངོ་ཤེས་རྩལ་རྫོགས་བརྟན་པ་མཆོག་ཐོབ་ནས༔ འོག་མིན་གསང་ཆེན་རོལ་པའི་ཞིང་ཁམས་སུ༔ གདོད་མའི་ཧེ་རུ་ཀཿདཔལ་མངོན་གྱུར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་དྲེགས་པ་ཟིལ་གནོན་འཕྲིན་ལས་འདི༔ མ་འོངས་བསྟན་དང་འགྲོ་བའི་དོན་ཕྱིར་དུ༔ པདྨས་བཀོད་དོ་ལྷག་ཆད་འགལ་འཁྲུལ་མེད༔ ཉམས་སུ་ལོངས་ཤིག་མ་འོངས་སྐལ་ལྡན་རྣམས༔ འདི་ནས་རིང་འདས་རྩོད་ལྡན་དུས་ཀྱི་མཐར༔ ལས་འཕྲོ་ཅན་གྱི་བུ་དང་འཕྲད་པར་ཤོག༔ བཀའ་སྲུང་གཏེར་བདག་རྣམས་ཀྱིས་བྱ་ར་གྱིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་རྒན་འཁྱམ་པོ་ཉི་མ་གྲགས་པས་ཆུ་ཕོ་ཁྱིའི་ལོ་ལ་ནགས་ཤོད་མེ་འབར་ཕུག་ནས་གདན་དྲངས་ཤིང་། ས་འབྲུག་ཧོར་ཟླ་དགུ་པར་གུ་རུའི་སྒྲུབ་གནས་རྒོད་ཚང་ཕུག་པར་ཤོག་སེར་ལས་བཤུས་པའོ། །མངྒ་ལཾ།། །།


previousབསྐྱེད་རིམ་ལས་བྱང་ཟབ་མོ།next