Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
དབང་བཞི་མཆོག་གི་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousདབང་བཞི་མཆོག་གི་སྙིང་པོ།next

དབང་བཞི་མཆོག་གི་སྙིང་པོ།

ཕག་མོ་ནག་མོའི་ཟབ་ཐིག་ལས༔ དབང་བཞི་མཆོག་གི་སྙིང་པོ་བཞུགས༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དབེན་ཞིང་བཀྲ་ཤིས་གནས་མཆོག་ཏུ༔ སྟེགས་བུ་གྱེན་ཐུར་ཁྲུ་གང་པ༔ ཐིག་ཏུ་བཅད་ཅིང་ཆོས་འབྱུང་ལ༔ ཐོད་ར་མེ་རིས་བསྐོར་བ་བྲི༔ ཆོས་འབྱུང་དབུས་སུ་པད་འདབ་བཞི༔ ཕྱོགས་དང་མཐུན་པའི་ཚོན་གྱིས་བསྒྱུར༔ དབུས་སུ་མཚན་བཟང་བུམ་པའི་ནང་༔ བུམ་སྨན་མགུལ་ཆིངས་ལྡན་པ་བཤམས༔ དེ་སྟེང་བྷན་དྷར་བདུད་རྩི་ལ༔ ཡབ་ཡུམ་བྱང་སེམས་ཨ་མྲྀ་ཏ༔ བུ་རམ་བཅུད་ཀྱིས་རླན་པ་བཤམས༔ དེ་སྟེང་དཀར་དམར་དར་གྱིས་བཀབ༔ དེ་སྟེང་མེ་ལོང་དྲི་མེད་ལ༔ ཆང་གིས་བྱུག་ཅིང་སིན་དྷུར་བསྐུ༔ ཆོས་འབྱུང་ལྟེ་བར་རྩ་བསྙེན་བྲི༔ ཐ་མར་ཨཱ་ལི་ཀཱ་ལི་དང་༔ རྟེན་འབྲེལ་སྙིང་པོ་བྲི་བར་བྱ༔ དེ་སྟེང་མན་ཤེལ་དྲི་མེད་བཞག༔ གཞན་ཡང་སྨན་གཏོར་རཀྟ་བཤམས༔ ལས་ཀྱི་གཞུང་བསྲང་བསྙེན་ཁ་གསོ༔ ཚོགས་འཁོར་བསྐོར་ཞིང་བསྐང་བ་གྱེར༔ འོད་ཟེར་སྤྲོ་བསྡུས་བདག་འཇུག་བླངས༔ མན་ཤེལ་དྲི་མེད་ཤར་དུ་དགོད༔ བྷན་དྷ་བདུད་རྩི་ནུབ་ཏུ་དགོད༔ མེ་ལོང་ཆོས་འབྱུང་ལྷོ་རུ་བཞག༔ སྤོས་ལྡན་དཔལ་གཏོར་བྱང་དུ་བཤམས༔ བུམ་པར་ཁ་རྒྱན་གཟུངས་ཐག་སྤྲས༔ ལས་བུམ་སྟ་གོན་གཞན་མཐུན་ལྟར༔ དམ་ལྡན་སློབ་བུ་ལྔ་གསུམ་བདུན༔ རིན་ཆེན་ནོར་གྱི་མཎྜལ་ཐོགས༔ སྒོ་དྲུང་གསོལ་བ་འདི་ལྟར་གདབ༔ ཧཱུྃ༔ ལས་ཀྱི་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་འདིར་ཚོགས་རྣམས༔ ཕོ་བྲང་ནང་དུ་གཏོང་ནས་ཀྱང་༔ བླ་མེད་དབང་གི་སྨིན་གྲོལ་སྩོལ༔ ཅེས་ལན་གསུམ༔ ལན་སྦྱིན་པ༔ ཧོ༔ ཁྱེད་ཅག་འདིར་ཚོགས་བུ་རྣམས་ཉོན༔ བླ་མེད་དཀྱིལ་འཁོར་འཇུག་འདོད་ན༔ ལས་དང་སྐལ་བར་ལྡན་ལགས་སམ༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་སམ༔ ཞེས་དྲིས་ལན་གསོལ་བ༔ ཀྱེ་དགོངས་ཤིག་ལས་ཀྱི་སློབ་དཔོན་དགོངས༔ བདག་ཅག་ལས་དང་སྐལ་བར་ལྡན༔ བླ་མ་ལྷ་དང་མཆེད་ལྕམ་གྱི༔ དམ་ཚིག་སྲོག་ལ་བབས་ཀྱང་བསྲུང་༔ དབང་བཞིའི་སྨིན་གྲོལ་མྱུར་དུ་སྩོལ༔ ཅེས་ཞུ༔ མིག་དར་དམར་པོ་བཀབ་ཅིང་༔ ལས་ཀྱི་སློབ་དཔོན་གྱིས་སྣ་ཁྲིད་དེ༔ བླ་མ་དང་དཀྱིལ་འཁོར་ལ་སྐོར་བ་ལན་གསུམ་བྱས་ཤིང་གྲལ་དུ་འཁོད༔ ཁྲུས་བྱས་བགེགས་བསྐྲད་གུ་གུལ་བདུག༔ མཎྜལ་དབུལ་ཞིང་གནས་གསུམ་དུ༔ བདུད་རྩི་ཆང་གིས་ཐིག་ལེ་བྱ༔ བླ་མས་དབང་བཞིའི་ཕན་ཡོན་དང་༔ ཕག་མོ་ནག་མོའི་ལོ་རྒྱུས་བཤད༔ དེ་ནས་གསོལ་བ་འདི་ལྟར་འདེབས༔ ཨེ་མ་བླ་མ་འགྲོ་བའི་མགོན༔ དུས་གསུམ་བདེ་གཤེགས་ཡུམ་གྱི་མཆོག༔ ཕག་གདོང་ཁྲོས་མ་ནག་མོ་ཡི༔ དབང་བཞིས་བདག་རྒྱུད་སྨིན་པར་ཞུ༔ ཞེས་ལན་གསུམ་བྱའོ༔ དེ་ནས་སྐྱབས་སེམས་འདི་ལྟར་འབོགས༔ ན་མོ་བླ་མ་ཡི་དམ་མཁའ་འགྲོ་སྟེ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ འགྲོ་བ་སེམས་ཅན་དོན་སླད་དུ༔ མཁའ་འགྲོའི་བསྐྱེད་རྫོགས་བསྒོམ་བཟླས་བསྒྲུབ༔ ལན་གསུམ་བྱའོ༔ དེ་ནས་ཡན་ལག་བདུན་པ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང་༔ སྨིན་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདའ་གསོལ་བ་འདེབས༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ཐམས་ཅད་སངས་རྒྱས་འཐོབ་པར་ཤོག༔ དེ་ནས་སྡོམ་བཟུང་འདི་ལྟར་རོ༔ ཧཱུྃ༔ བླ་མ་ཡི་དམ་ལྷ་ཚོགས་དགོངས༔ ཕྱི་ནང་ཐེག་པའི་སྡོམ་པ་དང་༔ རྩ་གསུམ་དམ་ཚིག་ཡང་དག་བསྲུང་༔ སྔོན་གྱི་འགལ་འཁྲུལ་དམ་ཉམས་བཤགས༔ ཕྱིན་ཆད་མི་བགྱིད་གནོང་ངོ་འགྱོད༔ སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར༔ བདག་གི་སྡོམ་པ་རྣམ་དག་ཤོག༔ ཅེས་བརྗོད་དམ་ཚིག་བདུད་རྩི་སྦྱིན༔ ཧཱུྃ༔ འདི་ནི་དམ་ཚིག་གསང་བའི་ཆུ༔ དམ་ཚིག་སྲུང་ན་དངོས་གྲུབ་འཐོབ༔ དམ་ཉམས་ལུས་སེམས་བརླག་པར་བྱེད༔ དེ་ཕྱིར་ཚུལ་བཞིན་དམ་ཚིག་སྲུངས༔ ས་མ་ཡ་ཨ་མྲྀ་ཏེ་ཧི་ཧོ་ཧཱུྃ༔ དེ་ནས་རྡོ་རྗེ་གནས་གསུམ་དུ་བཞག་ཅིང་༔ ཧཱུྃ༔ ང་ནི་བླ་མ་རྡོ་རྗེ་འཆང་༔ མཁའ་འགྲོ་ཁྲོས་མ་ནག་མོ་ཡི༔ གསང་བ་མཆོག་གི་སྨིན་གྲོལ་འདི༔ མ་དག་དམ་མེད་རྣམས་ལ་གསང་༔ ཚུལ་འདི་རལ་ན་དམ་ཚིག་ཉམས༔ དེ་བས་སྙིང་ལ་བྲོ་བོར་ཞིག༔ ཨེ་དན་ཏེ་ས་མ་ཡ་ཁ་ཐམ༔ དེ་ནས་ཡེ་ཤེས་པ་དབབ་སྟེ༔ ཁྱེད་རང་རྣམས་སྟོང་པའི་ངང་ལས་ཁྲོས་མ་ནག་མོར་གསལ་བའི་ཡན་ལག་བཞི་ལ་ཕག་མོ་རིགས་བཞི་བསྒོམ༔ སྤྱི་བོར་བླ་མ་རིགས་བདག་ཏུ་བསྐྱེད༔ རྐང་པར་གར་སྟབས་སུ་འཁྲབ་པའི་འོག་ཏུ་རླུང་གི་ད་ལ་ནག་པོ་གཞུའི་དབྱིབས་ཅན་ཞིག་བསྒོམ༔ སྙིང་གར་ཉི་དཀྱིལ་གྱི་སྟེང་དུ་ཡི་གེ་ཧཱུྃ་མཐིང་ནག་གིས་མཚན་པ་དང་༔ རིགས་བཞིའི་ཐུགས་ཀར་ཧ་རི་ནི་ས་བཞིས་མཚན་པ་ལས་འོད་ཟེར་འཕྲོས་པས༔ ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་ཕོ་བྲང་ནས་ཐུགས་རྗེ་ཁྲོས་མ་ནག་མོ་འཁོར་གྱི་མཁའ་འགྲོ་འབུམ་ཕྲག་མང་པོ་དང་བཅས་པ་སྤྱན་དྲངས་ཏེ༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་འདྲེས་པར་བསྒོམ་དུ་བཅུག༔ སློབ་མ་རྣམས་ལངས་ཏེ་ལག་པ་སྤྱི་བོར་ཆོས་འབྱུང་གི་ཕྱག་རྒྱ་བྱེད་དུ་འཇུག༔ རོལ་མོ་འཁྲོལ་ཞིང་སྤྱན་འདྲེན་དང་རྩ་སྔགས་ཨ་ཝེ་ཤ་ཡའི་སྔགས་ཅི་མང་བརྗོད༔ མེ་ཏོག་འཐོར་ཞིང་ཡེ་ཤེས་པ་བརྟན་པར་བྱ༔ དེ་ནས་མེ་ཏོག་འདོར་བ་ནི༔ ཧཱུྃ༔ བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ དམ་པ་མཆོག་གི་ལྷ་ལ་འབུལ༔ ཚེ་རབས་ལྷ་ལ་བབ་པར་ཤོག༔ པུཥྤེ་པཱུ་ཙ་ཧོ༔ ཞེས་བརྗོད༔ མེ་ཏོག་ཤར་དུ་བབས་ན་རྡོ་རྗེ་དགྱེས་མ༔ ལྷོ་རུ་བབས་ན་རིན་ཆེན་བཞད་མ༔ ནུབ་ཏུ་བབས་ན་པདྨ་བདེ་ཆེན༔ བྱང་དུ་བབས་ན་ལས་རབ་སྒེག་མོ༔ ཤར་ལྷོར་དབང་གི་སེམས་མ༔ ལྷོ་ནུབ་དགྱེས་སྡེ་མཆོག་དགའ༔ ནུབ་བྱང་ཧ་ཧའི་ཅོད་པན༔ བྱང་ཤར་དྲག་མོ་དབང་ཕྱུག༔ དབུས་སུ་རབ་མཆོག་བདེ་མ་ལ་སོགས་གསང་མཚན་སྦྱིན༔ ཅོད་པན་ཐོགས་ཏེ་འདི་སྐད་དོ༔ ཧཱུྃ༔ སྣ་ཚོགས་དར་འདི་ཡེ་ཤེས་ཚོན༔ ལྔ་ལྡན་ཅོད་པཎ་མིང་གི་དབང་༔ སྐལ་ལྡན་རྣམས་ཀྱིས་ཐོབ་པར་ཤོག༔ པྲ་ཏི་གྷྲི་ཧ་ན་ཨ་བྷི་ཥཉྩ་ཧཱུྃ༔ ཞེས་དབང་བསྐུར་གསེར་ཐུར་ཐོགས་ཏེ་སློབ་མའི་སྤྱན་དབྱེ༔ ཧཱུྃ༔ མ་རིག་ལིང་ཏོག་ཆུ་བུར་རྣམས༔ ཐུགས་རྗེ་རིག་པའི་ཐུར་མས་བསལ༔ བུ་ཁྱོད་ཡི་དམ་ལྷ་ཞལ་ལྟོས༔ པྲ་ཝེ་ཤ་ཡ་ཧོ༔ ཞེས་བརྗོད༔ དཀྱིལ་འཁོར་བསྟན༔ ཧཱུྃ༔ རིགས་ཀྱི་བུ་རྣམས་དཀྱིལ་འཁོར་ལྟོས༔ འདི་ནི་ཐར་བ་མཆོག་གི་ཞིང་༔ ཆོས་ཀྱི་འབྱུང་གནས་ཨེ་ཡི་ཀློང་༔ མཁའ་དབྱིངས་དག་པ་བདེ་བ་ཆེ༔ འདི་མཐོང་སྡིག་སྒྲིབ་ཀུན་བྱང་ནས༔ མཆོག་གི་དངོས་གྲུབ་འཐོབ་པར་འགྱུར༔ ཞེས་མཎྜལ་འབུལ་ཞིང་ཕྱག་བྱེད་དུ་འཇུག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བུམ་པ་ཐོགས་ཏེ་སྤྱི་བོར་དབང་བསྐུར་ཞིང་འདི་སྐད་དོ༔ ཧཱུྃ༔ བུམ་པ་ཆོས་དབྱིངས་མཁའ་འགྲོའི་ཞིང་༔ བཅུད་ནི་ཕག་གདོང་ནག་མོའི་སྐུ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྤྲོས་བཅས་བུམ་པའི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཀྲོ་ཏ་ཀཱ་ལི་ཧ་རི་ནི་ས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྷན་དྷ་ཐོགས་ཏེ༔ མགྲིན་པར་བསྐུར་ཞིང་༔ ཧཱུྃ༔ བྷན་དྷ་ལོངས་སྤྱོད་མཁའ་འགྲོའི་དབྱིངས༔ བཅུད་ནི་ཡབ་ཡུམ་བྱང་ཆུབ་སེམས༔ སྐལ་ལྡན་རྣམས་ལ་དབང་བསྐུར་བས༔ སྤྲོས་མེད་གསང་བའི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཀྲོ་ཏ་ཀཱ་ལི་ཧ་རི་ནི་ས་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་སྦྱིན༔ དེ་ནས་མེ་ལོང་ཐོགས་ཏེ་སྙིང་གར་བསྐུར༔ ཧཱུྃ༔ མེ་ལོང་འགྲོ་འདུལ་སྤྲུལ་སྐུའི་ཞིང་༔ སིན་དྷུར་ཕོ་བྲང་མཁའ་འགྲོ་ཡུམ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཤིན་ཏུ་སྤྲོས་མེད་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཀྲོ་ཏ་ཀཱ་ལི་ཧ་རི་ནི་ས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་སིན་དྷུ་ར་ཡིས་ཐིག་ལེ་བྱ༔ དེ་ནས་ཤེལ་གོང་ཐོགས་ཏེ་ལག་ཏུ་སྦྱིན༔ ཧཱུྃ༔ དྲི་མ་མེད་པའི་ཤེལ་གོང་འདི༔ རང་སེམས་གདོད་ནས་དག་པའི་བརྡར༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚིག་དབང་དོན་གྱི་དབང་ཐོབ་ནས༔ སྐད་ཅིག་རིག་པ་རང་གྲོལ་ཤོག༔ སརྦ་དྷརྨ་ཨ་ཨཱ༔ ཞེས་བརྗོད་གནས་ལུགས་ངོ་སྤྲོད་གདབ༔ བྷ་ལིང་ཐོགས་ཏེ་སྤྱི་བོར་བསྐུར༔ ཧཱུྃ༔ འབྲུ་བཅུད་སྙིང་པོ་བྷ་ལིང་ཏ༔ ཞལ་ཟས་མཆོག་འདི་དངོས་གྲུབ་རྫས༔ རྩ་བ་གསུམ་གྱི་ངོ་བོར་གསལ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱལ་ཚབས་སྤྱི་བླུགས་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཀྲོ་ཏ་ཀཱ་ལི་ཧ་རི་ནི་ས་སརྦ་བྷ་ལིང་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་གཏོར་མ་དངོས་གྲུབ་ཕུང་པོར་བསམ་ཞིང་དམ་རྫས་སུ་རོལ་ལོ༔ མཐའ་བརྟེན་བསྐུར་རམ་ཤིས་བརྗོད་བྱ༔ དབང་བཞི་མཆོག་གི་སྙིང་པོ་འདི༔ ལན་གཅིག་འབྲེལ་བའི་འགྲོ་བ་རྣམས༔ སྐྱེ་བ་གཅིག་གམ་བར་དོའམ༔ སྐྱེ་བ་གསུམ་པ་ཚུན་ཆད་དུ༔ མ་བསྒོམས་པར་ཡང་གྲོལ་བར་འགྱུར༔ ཕྱི་རབས་རྣམས་ཀྱིས་གཅེས་པར་གྱིས༔ དམ་མེད་རྣམས་ལ་ཨ་ཐམ་རྒྱ༔ སྲུང་མས་མེལ་ཚེ་གྱིས་ཤིག་རྒྱ༔ ས་མ་ཡཱ༔ རྗེས་ནི་ལས་བྱང་བཞིན་དུ་བྱ༔ གླུ་གར་བརྩེ་དང་ཚོགས་ལ་རོལ༔ མཎྜལ་འབུལ་ཞིང་དམ་ཚིག་བསྲུང་༔ བུད་མེད་རྣམས་ལ་དམོད་པ་སྤང་༔ བྱང་ཆུབ་སེམས་ནི་ཉམས་མི་བྱ༔ དེས་ནི་མཁའ་འགྲོ་སྤྲིན་བཞིན་འདུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀིརྟིས་ཕག་གདོང་ནག་མོའི་ཐུགས་ཀྱི་སྒྲུབ་གནས་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒ་ལམ།། །།


previousདབང་བཞི་མཆོག་གི་སྙིང་པོ།next