Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕག་མོ་རིགས་ལྔའི་བསྙེན་ཡིག་མཆོག་ཐུན་དངོས་གྲུབ་འགུགས་པའི་ལྕགས་ཀྱུ།
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousཕག་མོ་རིགས་ལྔའི་བསྙེན་ཡིག་མཆོག་ཐུན་དངོས་གྲུབ་འགུགས་པའི་ལྕགས་ཀྱུ།next

ཕག་མོ་རིགས་ལྔའི་བསྙེན་ཡིག་མཆོག་ཐུན་དངོས་གྲུབ་འགུགས་པའི་ལྕགས་ཀྱུ།

ཕག་མོ་རིགས་ལྔའི་བསྙེན་ཡིག་མཆོག་ཐུན་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །ཤེས་རབ་སྟོང་ཉིད་ཆོས་འབྱུང་དག་པའི་མཁར། བདེ་ཆེན་རྡོ་རྗེ་བཙུན་མོར་རྣམ་རོལ་བའི། །ཟུང་འཇུག་དབྱིངས་ཀྱི་ཡུམ་ཆེན་མཁའ་འགྲོའི་གཙོར། །འདུད་དོ་དངོས་གྲུབ་འདོད་འཇོ་དགའ་སྟོན་སྩོལ། །དགྱེས་མཛད་ཆེན་མོ་རྡོ་རྗེར་ཁྲོས་མ་ཡི། །བསྙེན་སྒྲུབ་ཚུལ་ལ་འཇུག་འདོད་སྐལ་བཟང་འགྲོར། །ཕན་སླད་བསྙེན་ཡིག་འཇུག་འདོད་ལེགས་བཤད་སྐྱེས། མཆོག་ཐུན་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་བྱ། འདིར་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པའི་སྔགས་པ་རྡོ་རྗེ་ཕག་མོའི་བསྙེན་སྒྲུབ་ལ་འཇུག་པར་འདོད་པ་རྣམས་སྤྱིར་བསྙེན་སྒྲུབ་ཀྱི་བགྱི་འོས་རྣམས་གསང་བ་སྤྱི་འགྲོས་བཞིན་ངེས་པར་བྱས་ལ། འདིར་སྒེར་ཆོས་ལ་སྦྱོར་བ་ཡོ་བྱད་ཀྱི་བཤམས་དང་དངོས་གཞི་བསྒོམས་བཟླས་བྱ་ཚུལ་རྗེས་ཀྱི་བྱ་བ་དང་གསུམ་གྱི་དང་པོ་ནི། གཞུང་དང་མཐུན་པའི་གནས་དབེན་ཞིང་ཡིད་དུ་འོང་བ་མཁའ་འགྲོ་འདུ་བའི་གནས་སུ་བསྒྲུབ་པར་བྱ་ཞིང་ཁྱད་པར། རང་གཞུང་ལས། བཀྲ་ཤིས་བྱིན་ཆགས་དབེན་པའི་གནས། །ཡང་ན་དུར་ཁྲོད་འཇིགས་རུང་སར༔ ཞེས་གསུངས་པ་ལྟར་གྲུབ་ན་དང་། མ་གྲུབ་ན་སྒྲུབ་ལ་བར་ཆད་མི་འབྱུང་བའི་སར་སྒྲུབ་ཁང་དང་བསྟུན་པའི་སྟེགས་བུ་གཞུང་མཐུན་རྡུལ་ཚོན་དང་བཅས་པའམ་ཡང་ན་རས་བྲིས་སམ་ནས་ནག་གི་འབྲུ་ཚོམ་ལྔ་བཀོད་པའི་ཁར་ཐོད་པ་མཚན་ལྡན་ནང་དུ་བླ་རྡོ་བཞག་པའི་ཁར་མེ་ལོང་སིནྡྷུ་རས་བྱུགས་པར་ཆོས་འབྱུང་ཟུར་དྲུག་ཨ་ཧ་རི་ནི་སས་མཚན་པའི་བསྙེན་སྔགས་ཀྱིས་་བསྐོར་བ་བྲིས་པ་དང་༔ དར་དམར་པོའི་བཀབ་པའི་སྟེང་དུ་ཁྲིའུ་ཁར་སྣོད་འབྲུའི་བཀང་བའི་ནང་དུ་ཐོད་སྐུ་བཤམ། བླ་རྡོ་རྫས་ལྡན་གཞུང་ལྟར་རབ་གནས་བྱས་ལ་ཚོན་སྐུད་ཀྱི་དཀྲིས་པ་ཟངས་གར་འཇུག་པ་གསུངས་ཀྱང་སྒྲུབ་དུས་ཐོད་པར་བཅུག་པ་ཕྱོགས་མ་ལོག་པར་མདུན་རང་ལ་བསྟན་ཏེ་བཀོད། མདུན་དུ་མཆོད་གཏོར་གཡས་གཡོན་དུ་སྨན་རཀ་བཀའ་གཏེར་གྱི་གཏོར་མ་དང་མཆོད་པ་རྣམ་ལྔ་བྲེང་ཚར་དུ་བཤམས། གཞན་ཡང་མཁོ་བའི་ཡོ་བྱད་གུལ་ཡུངས། ནས་ཟེ། ཌཱ་དྲིལ། ཐོད་རྔ། རྐང་གླིང་། གཏོར་མ། ཚོགས་ཀྱི་ཡོ་བྱད་སོགས་མ་ཚང་མེད་པ་འདུ་བྱ་བ་ནི་སྦྱོར་བ་ཡོ་བྱད་ཀྱི་བཤམས་སོ། གཉིས་པ་སྔོན་འགྲོ་ཆོས་སྤྱོད་ནས་བཟུང་དཀར་བགེགས་བཏང་བ་ཡན་སོང་ནས་རང་ཉིད་གཙོ་མོའི་ང་རྒྱལ་གྱིས་བགེགས་བསྐྲད་ནས་སྲུང་བའི་འཁོར་ལོ་བསྒོམ། དེ་ནས་ལས་གཞུང་བསྲང་ནས་འདོན་སྒོམ་བསྒྲགས་མས་བསྙེན་མཚམས་བར་བཏོན་ནས། བསྙེན་དམིགས་དངོས་ནི་བདག་དང་མདུན་བསྐྱེད་གཉིས་ཀ་དང་པོ་ནས་ཚིག་གིས་གསལ་བཏབ་སྟེ་དེ་ཡང་མདུན་བསྐྱེད་དཀྱིལ་འཁོར་ལས་བྱང་ལྟར་ལ་བདག་བསྐྱེད་རང་ཁྲོས་མར་གསལ་བའི་ཐུགས་ཀར་ཡང་ཡེ་ཤེས་སེམས་དཔའ་རང་འདྲ་བ་ཞིག་བསྒོམས་ཤིང་དེའི་ཐུགས་ཀར་ཉི་སྟེང་ཧཱུྃ་གི་མཐར་སྔགས་ཕྲེང་གིས་བསྐོར་བར་བསྒོམ་ཤིང་། ཡན་ལག་གི་ཚིགས་བཞིར་ཕག་མོ་རིགས་བཞི་བསྒོམས་དེ་དག་གི་ཐུགས་ཀར་སོ་སོར་ཧ་རི་ནི་སས་མཚན་པ་ལ་སྔགས་ཕྲེང་རང་མདོག་དང་མཚུངས་པས་བསྐོར་བ་དང་། རྩ་གནས་བ་སྤུའི་འོད་ཀློང་རྣམས་སུ་ཡང་དཔའ་བོ་མཁའ་འགྲོ་གྲངས་མེད་གསལ་ཞིང་སྔགས་བཟླས་པས་རིགས་ལྔ་མཁའ་འགྲོའི་ཐུགས་ཀ་ནས་སྔགས་ཕྲེང་རང་མདོག་དང་མཚུངས་པའི་འོད་ཟེར་འཕྲོས་པས། མདུན་བསྐྱེད་ལྷ་སོ་སོའི་ཐུགས་ཀའི་སྔགས་འཁོར་ལ་ཕོག་པས་དེ་དག་གི་ཐུགས་རྒྱུད་བསྐུལ་ནས་བདག་མདུན་གྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་འོད་ཟེར་ལྔ་དང་བཅས་པ་དྲག་ཏུ་འཁོར་བ་ལས། འོད་ཟེར་ལྔ་ལྡན་འཁོར་འདས་ཐམས་ཅད་དུ་ཁྱབ་པར་འཕྲོས་པས་འོག་མིན་དག་པའི་ཞིང་མཆོག་མཁའ་སྤྱོད་བདེ་བ་ཆེན་པོའི་ཞིང་དང་ཁྱད་པར་ནུབ་ཕྱོགས་ཨོ་རྒྱན་གྱི་གནས་ལ་སོགས་པ་ནས་སངས་རྒྱས་བྱང་སེམས་རྩ་བ་གསུམ་གྱི་ལྷ་ཚོགས་གྲངས་མེད་པ་དང་ཁྱད་པར་སྐུ་གསུམ་འབུམ་ཕྲག་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས་ནས་སྤྱན་དྲངས། རང་རང་སྒྲུབ་རྫས་ལྷར་གསལ་བ་ལ་བསྟིམ་པའི་དམིགས་པ་བཅས་ལུས་ལྷ་སྔགས་ཡིད་ཆོས་ཉིད་ཀྱི་དགོངས་པ་ལས་མི་འདའ་བའི་ངང་ནས་བསྙེན་པ་འབུམ་ཕྲག་གསུམ་བཟླ་བར་གསུངས་ཀྱང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོས་གསུམ་འགྱུར་དུ་བཟླ་གསུངས་ཏེ། འབུམ་ཕྲག་དགུ་ཁ་སྐོང་དང་བྱེ་བ་རེ་བཟླ་བ་ནི་དེང་སང་ཕྱག་ལེན་དུ་སྣང་ལ་གཞན་དུས་གྲངས་རྟགས་གསུམ་རྟགས་གཙོ་ཞིང་དུས་ཀྱང་ཟླ་དྲུག་ལ་སོགས་བྱེད་པ་གང་ཟག་རང་གི་བློ་ཚོད་དང་བསྟུན་ཞིང་གྲངས་བསྙེན་ལས་རུང་ཙམ་ལ་ནི་དེ་ཙམ་མོ། གཞན་ཡང་ཐུན་སོ་སོར་ལས་བཞིའི་ཤམ་བུ་བདུན་ནམ་ཉེར་གཅིག་སོགས་འདོག་ཚུལ་གཏེར་གསར་སྤྱི་དང་འདྲ་ཞིང་བསྙེན་ཚད་རྫོགས་ནས་ལས་བཞི་སོ་སོར་ཁྲི་ཁྲག་གསུམ་རེ་བཟླས་པ་བྱ་དགོས་ལ། ཐུན་མཚམས་རྣམས་སུ་མཆོད་བསྟོད་དང་བསྲུང་བའི་བསྒོམ་བཟླས་ཀྱང་ཉེར་གཅིག་ཙམ་རེ་བཏང་ཞིང་། མཆོད་བསྟོད་དངོས་གྲུབ་ལེན་པ་སོགས་ལས་བྱང་ལྟར་དགོང་ཐུན་དང་སྲོད་ཐུན་གང་རུང་ཅིག་ལ་ཆོས་སྲུང་སྤྱི་སྒོས་ཚོགས་བསྐང་བསྒྲལ་སྟབ་ལྷག་མ་ཆད་བསྟན་རྟ་བྲོ་སོགས་བྱ་ཞིང་། ཐུན་གཞན་རྣམས་ལ་བསྡུ་རིམ་བསྔོ་སྨོན་ཤིས་བརྗོད་བྱས་ལ་སྲོད་ཐུན་གྱི་མཇུག་ཏུ་ཉལ་བའི་རྣལ་འབྱོར་དང་ཐོར་ཐུན་ལ་ལྡང་ནས་ངག་བྱིན་རླབས་བྱ་ཞིང་ཐུན་གཞན་རྣམས་ལའང་ཨཱ་ལི་ཀཱ་ལི་སོགས་བཟླ་ཚུལ་སྤྱི་ལྟར་ལས། ཐོར་ཐུན་ནས་སྔོན་འགྲོ་ཆོས་སྤྱོད་རྣམས་བཏང་ཞིང་ལས་གཞུང་ལ་འཇུག་པ་སོགས་གཞན་དང་འདྲ། ཐུན་བར་དུ་ཆུ་གཏོར་དང་བསང་སོགས་ཆགས་མེད་ཡོད་རིགས་རྣམས་བྱ་ཞིང་དེ་ལྟར་ཐུན་བཞིའི་ཁྲིགས་སུ་བཅད་པ་ལ་དལ་བྲེལ་དང་བསྟུན་པའི་རིགས་ལ་ཐུན་མང་པོ་མི་བྱ་བ་ཉིན་གཅིག་ཁོ་ན་བྱ་དགོས་ལ། ངག་འཁོར་ཡུག་ཏུ་གཅོད་པའམ་མ་གྲུབ་ཀྱང་ཉིན་གུང་ལྟ་བུར་གསོལ་ཚིགས་དང་བསྟུན་ཏེ་བཏང་བ་ལས་ཐུན་གཞན་རྣམས་ཀྱི་ཐུན་བར་ལའང་ངག་བཅད་བྱ་དགོས་པ་བླ་མ་གོང་མའི་ཕྱག་བཞེས་ཡིན་ཅིང་། བཟླས་པ་མི་ཚིག་གིས་བར་མ་ཆོད་པ་གལ་ཆེ་ཞིང་ངག་གཏམ་དུ་གྲགས་པའི་སྦག་སྦུག་ལྡབ་ལྡིབ་སྨྲ་བའང་གཏན་ནས་མི་རུང་ཞིང་དགེ་སྦྱོར་གྱི་སང་དུ་ཆེ་བས་ངེས་པར་སྤང་དགོས། ཐུན་གཞུང་རྣམས་སྐོམ་པ་སེལ་བྱེད་ཇ་སོགས་བཏུང་བ་ཕྲན་བུ་ལས་ཟས་ཟ་བ་སོགས་སྤང་བར་བསྙེན་སྒྲུབ་ཀྱི་དབུ་ཚུགས་པ་དེ་ནས་བཟུང་། མཚམས་མ་གྲོལ་གྱི་བར་དུ་མཚམས་ཀྱི་བྱ་བ་བོ་ཟག་ལྟེམ་ལོག་བཞི་བསྡོམས་དགོས་ཏེ་བོ་བའི་རྒྱུ་ཆོས་འཆད་ཉན་དང་གཞན་ལ་བསྲུང་བ་བྱིན་རླབས་རིམ་གྲོ་རྟེན་འབྲེལ་སོགས་མི་བྱ་བྱིན་གྱིས་རླབས་པའི་དམ་རྫས་ཕྱིར་མི་གཏོང་། ཟག་པའི་རྒྱུ་གཞན་དང་ཕན་ཚུན་གཉིས་ཀས་མཐོང་རེས་བྱུང་ན་འཁྱམས་པ་ཡིན་པས་བུག་རལ་འཁྱམས་གསུམ་དུ་མ་སོང་བ་དགོས་པས། འགྲུལ་དང་ཡོ་བྱད་གཏོང་ལེན་མི་བྱེད་ཅིང་ཁྱད་པར་རང་གི་ཟས་གོས་སྣོད་སྤྱད་སྤྱོད་འཕྲོ་གཞན་ལ་སྤྱོད་དུ་མི་གཞུག་གཞན་གྱིས་སྤྱད་འཕྲོ་རང་གིས་མི་སྤྱད། ཉམས་རྟོགས་རྟགས་མཚན་གཞན་ལ་མི་བཤད། ལྟེམ་པའི་རྒྱུ་ལུས་གོས་སྐྲ་དང་གདོང་མི་བཀྲུ་སྐྲ་སེན་མི་འབྲེག་མལ་ས་མི་སྤོ་སྟན་མི་སྤྲུག་སྒྲུབ་ཁང་ལ་ཕྱག་དར་མི་བྱ། ལོག་པའི་རྒྱུ་ལྟར་སྣང་ཉི་ཚེའི་གཞན་དོན་གྱི་རྣམ་གཡེང་དང་རང་ཉིད་ཞི་བདེ་དོན་གཉེར་གྱི་བློའི་འཁྲིས་མ་ཞུགས་པས་སྟན་གྱི་དྲོད་མ་ཡལ་བ་བྱས་ལ་སྒྲུབ་དགོས་ཏེ་ཐུན་གྱི་གཞུང་ལ་འགྲོ་འདུག་སྒུལ་སྤྱོད་སོགས་དང་ཉི་མ་ལ་སྲོ་བ་དང་ལུས་ཚུགས་མི་ཐུབ་པའི་ཉལ་བསྙེས་འཕྲས་སོགས་མི་བྱ་བར་རྟག་པར་ལུས་གནད་དང་མ་བྲལ་བར་བྱ། གཞན་ཡང་སྒྲུབ་གཡོག་དང་ལྷ་རྗེ་སོགས་སྒྲུབ་པའི་གྲོགས་སུ་འགྲོ་ངེས་རྣམས་ཐོག་མ་ནས་དམིགས་འོག་ཏུ་ཚུད་པར་བྱེད་གལ་ཆེ། གློ་བུར་འོངས་དགོས་རྣམས་ཀྱང་དམིགས་འོག་ཏུ་ཆུད་ཡོད་སྙམ་པའི་བག་ཡངས་མི་བྱ་པར་ཕྱི་ནང་གི་འགྲུལ་པས་མཚོན་སྲུང་ཅི་ཐུབ་བྱས་ན་མཚམས་མི་རལ་ཞིང་གཡེང་བས་མི་འཁྱེར་ལ་མངོན་ཚན་ཅན་གྱི་སྒྲུབ་པ་ལ་དངོས་གྲུབ་གཡེལ་ཞིང་བར་ཆད་འཇུག་པས་བསྙེན་པ་མ་ཐོན་གྱི་བར་ལ་ཡི་དམ་གང་ཡིན་གཞན་གྱིས་མ་ཤེས་པར་བྱེད་ཅིང་། འགྲུབ་ཏུ་རུང་ན་འཚོ་ཆས་དང་ཕྲིན་ཡིག་ཙམ་ཡང་མི་འགྲུལ་བ་རང་གཅིག་པུས་རྣམ་གཡེང་སྤངས་ནས་སྒྲུབ་ན་ཇི་ཙམ་དུ་བརྩོན་པ་ཆེ་ཞིང་སྲུང་མཚམས་དམ་པ་དེ་ཙམ་དུ་སྒྲུབ་མཚན་མྱུར་པ་རང་གཞན་གྱི་མྱོང་བས་གྲུབ་པ་ཡིན་ཞེས་བླ་མ་དམ་པའི་གསུང་ལས་བྱུང་བ་བཞིན་བྱས་པ་ཡིན་ལ། གཞན་ཡང་དུས་གསུམ་གྱི་རྣམ་རྟོག་ཆུ་གཉེར་འདྲ་བ་འདི་ཉིད་ངོས་བཟུང་ནས་ཐོལ་སྐྱེས་རྦད་ཆོད་དེ་གའི་ངང་ནས་ལྷ་སྔགས་ཏིང་ངེ་འཛིན་གསུམ་ལས་མི་འདའ་བར་བཟླས་པའི་དམིགས་པ་ལ་ནན་ཏན་བྱེད་ཅིང་སྔགས་བརྒྱ་བསྐོར་རེའི་མཚམས་ནས་བཟླས་དམིགས་ཀྱང་བསྐྱལ་ནས་སྒོམ་དགོས་གསུངས། ཧ་ཅང་ཁམས་དུབ་པའང་མི་བྱ་བར་རེས་ལྷ་སྐུ་གསལ་སྣང་ཆུ་ཟླ་ལྟར་ལ་སེམས་གཏོད། རེས་སྔགས་ཕྲེང་ས་བོན་སོགས་ལ་སེམས་གཏད་རེས་གང་ཤར་གྱི་ངོ་བོ་གསལ་བཞག་མེད་པར་སྐྱོང་བ་སོགས་གང་ལ་གང་འཚམས་གྱིས་ཐ་མལ་དུ་སྐད་ཅིག་ཀྱང་མ་ལུས་པར་བྱེད་པ་ནི་གནད་ཀྱི་དམ་པའོ། འདི་དག་ནི་བསྙེན་སྒྲུབ་ཡིན་ནོ་ཅོག་ལ་ཤིན་ཏུ་གལ་ཆེ་བ་ཡིན་ཞེས་བླ་མའི་གསུངས་ཡིན་ཏེ་རྡོ་རྗེ་འཆང་དེའི་ཞལ་ནས་དངོས་སུ་ཐོས་སོ། ཐུན་མཚམས་སུ་བསྡུ་རིམ་བྱ་ཚུལ་ཡང་མདུན་བསྐྱེད་སྣོད་བཅུད་འོད་དུ་ཞུ་འཁོར་དང་གཙོ་བོ་ལ་བསྡུ་ཞིང་དེ་ཉིད་བསྒྲུབ་རྫས་ལ་བསྟིམ། བདག་བསྐྱེད་ལྷ་སྐུ་གདན་བཅས་བསྡུ་ཞིང་དེ་ཡང་རིམ་གྱིས་ཞབས་ཀྱུ་ཧ་ཁོག་མགོ་པོ་ཟླ་ཚེས་ཐིག་ལེ་ནཱ་དའི་བར་དུ་བསྡུས་ནས་དམིགས་མེད་དུ་མཉམ་པར་འཇོག་ཅིང་། དེ་ནས་སྐད་ཅིག་གིས་གཙོ་བོའི་སྐུར་བསྐྱེད་ལ་ཐུན་མཚམས་ཀྱི་བྱ་བ་རྣམས་བྱེད་ཅིང་། སྤྱོད་ལམ་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མ་བྲལ་བར་བྱ་ཞིང་བཟླས་པ་ག །ང་འགྲོ་བྱེད་ཀྱང་གྲངས་ལ་མི་བརྩི། བཟའ་བཏུང་རྣམས་བདུད་རྩིར་བྱིན་གྱིས་བརླབས་ནས་ལོངས་སྤྱོད། གཞན་ཡང་གསང་བ་སྤྱིའི་དམ་ཚིག་དང་འདིའི་སྒེར་ཆོས་ཕག་དང་བོང་བུའི་ཤ་མི་ཟ་ཞིང་ཟས་དཀར་གསུམ་བརྟེན་པ་དང་བུད་མེད་ལ་བརྙས་པ་སྤང་བ་དང་ཀུནྡ་ཉམས་པར་བྱེད་པ་སོགས་བསྲུང་མཚམས་རྣམས་ཀྱང་མ་ཉམས་པར་བྱེད་དགོས། སྒྲུབ་པའི་རྟགས་མཚན་གྱི་རིམ་པའང་། གཞུང་ལས། སྒྲུབ་རྫས་མེ་འབར་དུ་བ་འཐུལ༔ བདུད་རྩི་ལུད་ཅིང་འོད་ཟེར་འཕྲོ༔ ལྷ་དང་ཞལ་མཇལ་ལུང་བསྟན་ཐོབ༔ ཏིང་འཛིན་ཉམས་མྱོང་ཁོར་ཡུག་འཆར༔ བློ་བྲལ་ཆོས་ཉིད་ལྟ་བ་རྟོགས༔ ཞེས་སོགས་དང་གཞན་ཡང་མཁའ་འགྲོ་སྒྲུབ་པའི་མཚན་རྟགས་ལས་བཤད་པ་རྣམས་སྐབས་འདིར་གལ་ཆེ་བཟང་ངན་གྱི་དབྱེ་བ་ཕྱེེད་པར་བྱས་ལ། ངན་ན་བསྐང་བཤགས་སོགས་ཚུལ་བཞིན་འབད་པར་བྱ་བ་ནི་མཁའ་འགྲོའི་རིགས་གང་བསྒྲུབས་ཀྱང་གལ་ཆེ་བར་སྣང་ངོ་། སྒྲུབ་པའི་རྟགས་མཚན་བཟང་ངན་གང་བྱུང་ཡང་དགའ་སྡུག་དང་རེ་དོགས་མང་པོ་མི་བྱེད་པ་གནད་དོ། དེ་དག་ནི་དངོས་གཞིའི་རིམ་པའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། དེ་ལྟར་འབད་པས་དུས་གྲངས་རྟགས་གསུམ་གང་ཡིན་བསྙེན་པ་ཐེམ་པའི་ནང་པར་མཚམས་གྲོལ་རྒྱུའི་དེ་ནུབ་ནས་མཆོད་པ་རྙིང་པ་རྣམས་ཁ་གསོ་ཞིང་གསར་པའང་བཟང་དུ་བཤམས་ཤིང་དངོས་གྲུབ་ཀྱི་རྫས་གཞན་ཡང་ཅི་རིགས་པ་བཤམ་མོ། དགོང་ཐུན་ནས་བཟུང་བསྙེན་པའི་འཇུག་ཏུ་ཀཱ་ཡ་ཝཀྐ་སོགས་ཀྱི་ཤམ་བུ་བཏགས་པ་བཟླ་ཞིང་། དམིགས་པ་བསྒྱུར་ཐོར་ཐུན་ལ་སྐྱ་རེངས་མ་ཤར་ཙམ་ནས་བསྙེན་མཚམས་ལ་སླེབ་པར་བྱས་ལ་ཐུན་མཚམས་མཆོད་སྟོད་བྱ། ཆོས་སྲུང་སྤྱི་སྒོས་དང་ཚོགས་བསྐང་ལྷག་མ་ཡན་གྲུབ་ནས་ལྷག་མའི་གོང་དེར་དངོས་གྲུབ་ལེན་པ་ནི། དེ་ཡང་ཐོག་མར་བགེགས་བསྐྲད་བྱིན་འབེབས་སོགས་བྱས་ལ་དམིགས་པ་དང་བཅས་བཟླས་པ་ཅུང་ཟད་བྱས། དེ་ནས་སྒྲུབ་རྫས་རྣམས་ལྷར་གསལ་བའི་གནས་ལྔ་ལས་འོད་ཟེར་དཀར་དམར་མཐིང་སེར་ལྗང་གུ་རྣམས་འཕྲོས་ནས། རང་ལྷར་གསལ་བའི་གནས་ལྔར་ཐིམ་པས་དབང་བཞི་ཡོངས་རྫོགས་ཐོབ་པའི་དམིགས་པ་རྩེ་གཅིག་པས་བསྒྲུབ་རྫས་རྣམས་རང་གི་གནས་ལྔར་གཏུགས། དངོས་གྲུབ་ཀྱི་རྫས་རྣམས་ལོངས་སྤྱོད་རང་དང་སྒྲུབ་གྲོགས་མ་གཏོགས་གཞན་ལ་མི་སྦྱིན་དེ་ནས་ལྷག་མ་བཏང་། བཀའ་གཏེར་སྐུལ་ཆད་བསྟན་རྟ་བྲོ་བསྡུ་རིམ་བསྔོ་སྨོན་ཤིས་བརྗོད་སོགས་བྱ། བསྡུ་རིམ་སྐབས་རྡུལ་ཚོན་གྱི་ཡེ་ཤེས་པ་གཤེགས་རས་བྲིིས་དང་བྲིས་སྐུ་སྒྲུབ་རྫས་བླ་རྡོ་ལ་སོགས་ལ་བསྟིམ། བདག་གི་ཡེ་ཤེས་པ་མི་གཤེགས་པ་ལྷ་དང་དབྱེར་མེད་དུ་བསམ། རྡུལ་ཚོན་སོགས་བསྡུས་ལ་ལས་ཀྱི་རྗེས་མི་མངོན་པར་བྱ་བ་གསང་བ་སྤྱིའི་འགྲོས་བཞིན་ཤེས་པར་བྱའོ། དེ་ནས་མཚམས་གྲོལ་རྗེས་ཆོག་གཏོང་གནས་སྲུང་ཞག་ཤས་བག་བསེང་དམ་ཚིག་གཙང་བ་རེ་ཟུང་དང་ཐོག་མར་འཕྲད་པར་བྱས་ནས་རིམ་གྱིས་ཕྱི་མཚམས་གྲོལ་བར་བྱ་བ་ལེགས་སོ། དེ་ལྟར་ཕག་གདོང་ནག་མོའི་བསྙེན་བསྒྲུབ་བྱ་ཚུལ་མདོར་བསྡུས་ཙམ་བྲིས་པ་འདིས་མཚོན་ནས་རིགས་བཞི་མཁའ་འགྲོའི་བསྙེན་སྒྲུབ་བྱ་ཚུལ་ཡང་སྤྱི་ཁོག་འདིས་ཕུབ་ནས་ནང་གསེས་རང་རང་གི་སྒྲུབ་གཞུང་ནས་ཇི་ལྟ་བ་བཞིན་བྱའོ། དེ་ཡང་ཕག་མོ་བདེ་ཆེན་དཀར་མོའི་བསྙེན་པ་བྱ་ཚུལ་ནི། ལས་མཐུན་ཞི་བ་ལ་འོས་པའི་སྟེགས་བུ་སོགས་ཀྱི་སྟེང་དུ་རྡུལ་ཚོན་ནམ་རས་བྲིས་སམ་འབྲུ་དཀར་གྱི་ཚོམ་བུ་སོགས་གང་འོས་ཀྱི་ཁར། མཉྫིའི་སྟེང་ཚེ་བུམ་རྒྱན་ལྡན་བླ་རྡོ་དང་སྐུ་ཙཀ་ལ་དར་དཀར་གྱི་གུར་ཕུབ་པ་འཛུགས། ཕྱོགས་བཞིར་མདའ་དར་ཕྱོགས་མདོག་བཞི་འཇོག་གཡས་གཡོན་དུ་སྨན་རཀ་བཀའ་གཏེར་མཆོད་པ་རྣམ་ལྔ་སོགས་བཤམ་གྲུབ་ནས་སྒོ་མདུན་དུ་ཐོ་འཛུགས་ཤིང་གཞི་བགེགས་ཀྱི་གཏོར་མ་བཏང་བ་སྔ་མ་ལྟར་ལ་བདེ་ཆེན་དཀར་མོའི་ལས་གཞུང་བསྲང་བསྙེན་མཚམས་སུ་བསྙེན་དམིགས་ནི། རང་དང་མདུན་བསྐྱེད་ཕག་མོར་གསལ་བའི་ཐུགས་ཀར་ཉི་དཀྱིལ་སྟེང་དུ་ཐུགས་སྲོག་ཡི་གེ་ཧཿདཀར་པོའི་མཐར་སྔགས་ཕྲེང་དཀར་པོ་འོད་ལྔའི་མདངས་དང་ལྡན་པ་གཡས་བསྐོར་དུ་འཁོར་བར་བསྒོམ་ཤིང་། སྔགས་བཟླས་པའི་འོད་ཟེར་གྱིས་མདུན་བསྐྱེད་བསྐུལ་མདུན་བསྐྱེད་ལྷའི་ཐུགས་ཀ་ནས་འོད་ཟེར་ལྔ་ལྡན་ཕྱོགས་བཅུའི་ཞིང་རབ་འབྱམས་རྣམས་སུ་འཕྲོས་པས། རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་འབྱུང་ལྔའི་ཁམས་ཀྱི་བཅུད་དང་ནུས་པ་ལྷ་དང་དྲང་སྲོང་རིག་པ་འཛིན་པ་རྣམས་དང་འགྲོ་བ་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་དབང་ཐང་ཐམས་ཅད་བསྡུས་ནས། ཕྱག་གི་བུམ་པར་བསྐྱིལ་ཞིང་བདག་མདུན་རྣམས་ལ་ཐིམ་པར་བསྒོམ་ཞིང་བསྙེན་པ་བཟླ། ཁྱད་པར་རང་གི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་འོད་ཟེར་ལྔ་ལྡན་ནྲིཿཡིག་གི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་བླ་ཚེ་ཆད་ཉམས་ཐམས་ཅད་སོར་ཆུད་པར་བསམ་མོ། དེ་ནས་ཐུན་མཚམས་སུ་མཆོད་བསྟོད་བྱས་ལ་མདའ་དར་གཡབ་ཅིང་ཚེ་འགུགས་འདོན་དངོས་གྲུབ་ལེན་པ་དེ་རྣམས་བྱ། དེ་ལྟ་བུའི་བསྙེན་པ་འབུམ་ཕྲག་གསུམ་ཐ་མ་བྱས་པའི་རང་མོས་དང་བསྟུན། ཞི་བའི་སྔགས་ཤམ་ཀྱང་ཐུན་མཐའ་རྣམས་སུ་ཅུང་ཟད་རེ་དང་མཐར་ཁྲི་ཕྲག་སོགས་ཇི་ལྟ་འོས་པ་བཟླ་དགོས། སྒྲུབ་པའི་རྟགས་མཚན་སོགས་གཞུང་ལྟར་གསལ་བར་བྱུང་ནས་རྗེས་ཀྱི་བྱ་བ་དངོས་གྲུབ་ལེན་ཚུལ་སོགས། ཕྱོགས་འགྲོ་གོང་དུ་ཕག་ནག་སྐབས་སུབཤད་པས་རང་གཞུང་ལྟར་བསྒྱུར་ཏེ་ཚེ་འགུགས་འདོན་ཅིང་དངོས་གྲུབ་ལེན་པའི་ཁྱད་པར་ཙམ་མོ། །དེ་བཞིན་དུ་སེར་མོ་དོན་གྲུབ་མའི་བསྙེན་པ་ལའང་རྒྱས་པའི་ལས་ལ་ཤིས་པའི་གནས་སུ་དེར་མཚུངས་སྟེགས་བུ་རབ་འབྲིང་ཐ་མའི་དཀྱིལ་འཁོར་གང་འབྱོར་གྱི་ཁར་ཁྲིའུའི་སྟེང་གཏོར་མ་སྐུ་ཙག་དར་སེར་གྱི་གུར་དང་བཅས་པའི་མདུན་དུ་སྦ་ལྕགས་ལ་བླ་རྡོ་བཏགས་པ་བཤམས། སྨན་རཀ་མཆོད་པ་སོགས་བཤམས་གྲུབ་ནས་མཚམས་བཅད་ཕག་སེར་རང་གི་བསྙེན་མཚམས་བར་འདོན་ནས་བདག་མདུན་གཉིས་ཀ་གྱེར་ཚིག་གཅིག་གིས་གསལ་གདབ་འོད་ཟེར་སྤྲོ་བསྡུས་དམིགས་པ་ཐུགས་ཀར་རི་སེར་པོ་ལ་སྔགས་ཕྲེང་གི་བསྐོར་བ་བསྒོམ་པ་ཙམ་ལས་གཞན་རྣམས་འགྲེ། བསྙེན་གྲངས་གཞུང་ལས་འབུམ་ཚོ་ཙམ་ལས་མ་གསུངས་ཀྱང་སུམ་འགྱུར་བྱེད་དགོས་ཁྲོས་ནག་གི་འགྲེས་གྱི་ཤེས། རྟགས་མཚན་རབ་འབྲིང་ཐ་མ་གང་རུང་གཞུང་མཐུན་བྱུང་ནས་དངོས་གྲུབ་ལེན་སོགས་འདྲའོ། །ཕག་མོ་དམར་མོའི་བསྙེན་པ་བྱེད་ཚུལ་ཡང་དབང་གི་ལས་ལ་ཤིས་ཤིང་གཞུང་མཐུན་མཁའ་འགྲོ་འདུ་བའི་གནས་སུ། སྟེགས་བུ་དམར་པོ་ཤིང་ཏོག་དམར་པོ་དང་མཚལ་དང་སིནྡྷུ་ར་ཆང་དང་སྦྱར་བས་བྱུག་ལ་གཞུང་ལྟར་རྡུལ་ཚོན་རས་བྲིས་སམ་ཚོམ་བུ་ཡིན་ན་རྒྱ་སྐྱེགས་ཀྱིས་མདོག་བསྒྱུར་ཏེ་དམར་པོ་བྱས་པའི་འབྲུ་ཚོམ་གྱི་དབུས་སུ། ཟངས་སྡེར་སོགས་སྣོད་དུ་མཁའ་འགྲོའི་གཏོར་མ་རྒྱན་ལྡན་ལ་སྐུ་ཙག་དར་དམར་གྱི་གུར་ཕུབ་པའི་མདུན་དུ་བླ་རྡོ་རྗས་ལྡན་རབ་གནས་བྱས་པ་སྦ་ལྕགས་ལ་རིགས་ལྡན་གཙང་མའི་སྐྲ་དང་མགྲོན་ཚམ་མེ་ལོང་ཤིང་ཏོག་དམར་པོ་སིནྡྷུ་ར་སོགས་དང་མཉམ་དུ་བཏགས་ལ། དར་གུར་དང་བཅས་མདུན་དུ་བཀོད་གཡས་གཡོན་དུ་སྨན་རཀ་མཐར་མཆོད་པ་རྣམ་ལྔ་སོགས་བཀོད་ཚུལ་གཞན་རྣམས་དང་འདྲ། དེ་ནས་མཚམས་བཅད་དེ་གཏོར་མ་ཆ་གཉིས་བཏང་བགེགས་བསྐྲད་སྲུང་འཁོར་སྒོམ་ཕག་དམར་ལས་བྱང་རང་གཞུང་ལྟར་བསྙེན་མཚམས་བར་བཏང་། རང་དང་སྒྲུབ་རྫས་གཉིས་ཀ་ལྷར་བསྐྱེད་བསྙེན་པའི་དམིགས་པ་བདག་མདུན་གྱི་ཐུགས་ཀར་ཉི་དཀྱིལ་གྱི་སྟེང་དུ་ཡི་གེ་ནི་དམར་པོ་ལ་སྔགས་ཕྲེང་དམར་པོ་གཡས་བསྐོར་དུ་བསྐོར་བར་དམིགས་ལ་སྔགས་བཟླས་པས་བདག་བསྐྱེད་ཀྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐུལ་གྱི་ཐུགས་ཀའི་སྔགས་ཕྲེང་དྲག་ཏུ་འཁོར་བ་ལས། འོད་ཟེར་དམར་པོ་ཚ་ལ་མྱུར་བ་མང་པོས་འཁོར་འདས་སྣང་སྲིད་སྣོད་བཅུད་ཁྱབ་པར་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་དང་སྐྱེ་འགྲོ་གཟུགས་ཅན་གཟུགས་མེད་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་མངའ་ཐང་ལོངས་སྤྱོད་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ནས། བདག་དང་སྒྲུབ་རྫས་ལྷར་གསལ་བ་ལ་ཐིམ་པར་བསྒོམ་ཞིང་རབ་འབྱམས་དབང་གི་ཕྲིན་ལས་མངའ་ཐང་འབྱོར་ཏེ་མཆོག་ཐུན་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ཞིང་། སྔགས་བཟླས་ཐུན་མཐར་དབང་གི་འོད་ཟེར་ལྕགས་ཀྱུའི་འགྲོ་བ་ཕོ་མོ་ལྷ་འདྲེ་མི་གསུམ་ཐམས་ཅད་དབང་མེད་འགུགས་པའི་དམིགས་པ་ཟབ་གནད་དང་ལྡན་པར་ཤམ་བུ་བཏགས་པ་ཅུང་ཟད་རེ་བཟླ་ཞིང་བསྙེན་གྲངས་ཐེམས་ནས། བསྙེན་སྔགས་ཤམ་ཅན་བསྙེན་པའི་བཅུ་ཆ་རེ་བཟླ་ཞིང་བསྙེན་པའི་གྲངས་ཚད་འབུམ་གསུམ་དུ་ངེས་པར་བཟླ་ཞིང་དེ་ལས་ལྷག་པ་འདོད་ན་རང་གི་མོས་པ་དང་བསྟུན་པར་བྱའོ། གྲངས་བསྙེན་རྫོགས་པའི་བསྙེན་རྟགས་གསལ་ནས་རང་གཞུང་གི་དངོས་གྲུབ་ལེན་ཚུལ་གོང་མ་རྣམས་དང་འདྲ། འདི་ལ་ཁྱད་ཆོས་སུ་བསྙེན་སྒྲུབ་རྫོགས་ནས་དབང་གི་སྦྱིན་སྲེག་རང་གཞུང་ལྟར་ལོ་གསུམ་བར་དུ་ནུབ་རེ་བཞིན་ཆགས་མེད་པའི་ཕྱག་སྲོལ་ཡོད་པས་དེ་ལྟར་བརྩོན་པས་གྲུབ་ན་ལེགས་སོ། །ཕག་མོ་ལྗང་མོའི་བསྙེན་སྒྲུབ་བྱེད་ཚུལ་སྤྱི་ཕུབས་ཚུལ་གོང་དུ་གཙོ་མོ་ཁྲོས་མའི་སྐབས་སུ་སྨོས་ལྟར་ལ། མཁའ་འགྲོ་འདུ་བའི་དུས་ཚེས་ཤིས་པ་ལ་ལས་མཐུན་གྱི་སྟེགས་བུ་དང་དཀྱིལ་འཁོར་གྱི་དབུས་སུ་ཁྲིའུའི་ཁར། མཁའ་འགྲོའི་དཔལ་གཏོར་སྐུ་ཙག་དར་ལྗང་གི་གུར་ཅན་འཛུགས་ཤིང་བླ་རྡོ་ཡང་བཤམ་སྨན་རཀ་མཆོད་པ་སོགས་བཤམས་ཚུལ་འདྲ། ཕྱི་ནང་གི་མཚམས་བཅད་སོགས་གྲུབ་ནས་སྔོན་འགྲོ་དཀར་བགེགས་སྲུང་འཁོར་བསྒོམ་པ་རྣམས་སྤྱི་ཁྱབ་ལྟར་ལ་ཕག་མོ་ལྗང་མོ་རང་གི་ལས་བྱང་གཏོང་ཞིང་བདག་མདུན་གསལ་གདབ། བསྙེན་དམིགས་ཀྱི་ཁྱད་པར་ཐུགས་ཀར་ཉི་དཀྱིལ་ལ་ས་བོན་ས་ལྗང་གུའི་མཐར་སྔགས་ཕྲེང་ལྗང་གུས་བསྐོར་བ་ལས་འོད་ཟེར་འཕྲོས་པས། དུས་གསུམ་གྱི་རྒྱལ་བ་སྐུ་གསུམ་གྱི་མཁའ་འགྲོ་འབུམ་ཕྲག་ཡངས་པའི་ཚོགས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་མཐུ་སྟོབས་ནུས་པ་ཐམས་ཅད་བདག་མདུན་ལྷར་གསལ་བ་ཐིམ་པར་བསྒོམས་ཤིང་སྔགས་བཟླ། ཡང་བདག་མདུན་ལས་འོད་ཟེར་འཕྲོས་པས་ནད་གདོན་བགེགས་དང་བར་ཆད་ཐམས་ཅད་དབྱིངས་སུ་བསལ་ནས་མིང་ཡང་མེད་པར་གྱུར་པ་བསམ་ཞིང་། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ནས་བཟླས་པ་ལ་འབད། ཐུན་མཐར་གཞུང་ལྟར་རྩ་སྔགས་ལ་ཤམ་བུ་བཏགས་པ་ཉུང་ཙམ་རེ་ཇི་ལྟར་འོས་པར་བཟླ་ཞིང་བསྙེན་གྲངས་རྫོགས་ནས་རྩ་སྔགས་ཤམ་ཅན་བསྙེན་པའི་བཅུ་ཆའམ་ཁྲི་ཚོ་སོགས་སྐབས་བསྟུན་བཟླ། དམིགས་པ་བདག་མདུན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་ཚ་ལ་རྩུབ་པ་མང་པོ་འཕྲོས་པའི་སྣེ་ལ་མེ་མཚོན་ཐོག་སེར་དྲག་ཏུ་འཁྲུག་ཅིང་ལས་བྱེད་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་ནག་ཤིན་ཏུ་ཁྲོས་ཞིང་གཏུམ་ལ་རྔམས་པ་མང་པོས་མེ་མཚོན་ཐོག་སེར་གྱི་ཆར་ཕབ་པས། སྟོང་གསུམ་ཐམས་ཅད་ཁྱབ་སྟེ་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམ་ཅད་བསད་བཅད་གཏུབས་ཏེ་ཐལ་བའི་རྡུལ་དུ་བརླགས་པར་བསམ་ཞིང་ཤ་ཁྲག་ཐམས་ཅད་ལས་བྱེད་ཀྱི་མཁའ་འགྲོ་རྣམས་ཀྱིས་ལྷག་མ་མེད་པར་བཞེས་པར་བསམ་ལ་སྔགས་དྲག་ཏུ་བཟླ་བར་བྱའོ། གྲངས་སམ་རྟགས་མཚན་གསལ་ནས་དངོས་གྲུབ་ལེན་ཚུལ་སོགས་རང་གཞུང་ལྟར་བྱ་བ་ལ་སོགས་གཞན་དང་མི་འདྲ་མེད། གྲངས་བསྙེན་སུམ་འབུམ་བྱེད་པ་གཏེར་སྟོན་གྱི་ཕྱག་བཞེས་ཏེ་ལས་རུང་ཙམ་ལ་དགོངས་པ་འདྲའོ། དེ་ལྟར་གོང་གི་ཚེ་ཡང་བྱིང་རྒོད་ཀྱི་སྐྱོན་སྤངས་ཤིང་གསལ་དག་བརྟན་གསུམ་གྱི་བསྐྱེད་རིམ་ལྷའི་རྣལ་འབྱོར་གསལ་སྣང་ཆུ་ཟླ་ལྟ་བུའི་ང་རྒྱལ་དང་མ་བྲལ་བར་བྱ་ཞིང་། དེ་ཡང་རང་སེམས་རིག་པའི་རང་རྩལ་ལས་གཞན་དུ་མ་གྲུབ་ཅིང་རང་སེམས་གདོད་མའི་གནས་ལུགས་སྐྱེ་འགགས་གནས་གསུམ་དང་བྲལ་བ་དེ་ཉིད་རིགས་ལྔ་སྐུ་གསུམ་མཁའ་འགྲོ་བརྡའ་དོན་རྟགས་ཀྱི་རྣམ་འགྱུར་དུ་འཆར་བའི་ཚུལ་ལ་ངེས་པ་རྙེད་པར་བྱས་ལ། ལྷ་མི་གསལ་བ་བྱུང་ན་ཡང་བསྒོམ་བྱའི་ལྷ་ཡང་རང་གི་སེམས་ལས་མ་འདས་ཤིང་སྒོམ་བྱེད་ཀྱི་མཁན་པོ་དང་སེམས་ཀྱི་རང་རྩལ་དུ་ཤེས་པས་མ་ཡེངས་པར་བྱ། གསལ་སྣང་ཐེབས་ན་ཇི་ལྟར་གསལ་བར་བསྒོམ་ཤིང་བཟླ་བར་བྱའོ། གཞན་ཡང་རླུང་སྦྱོར་གྱི་རྣལ་འབྱོར་དང་ལྡན་པ་ཡིན་ན་འགོགས་ཟླས་རྡོར་བཟླས་སོགས་བྱ་རུང་བས་དེ་དང་དེའི་མན་ངག་མཁས་པར་བྱའོ། གཞན་ཡང་བཟླས་པའི་སྐྱོན་ལྔ་སྤངས་པ་སོགས་བསྙེན་ཡིག་གཞན་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་ལེན་པ་ལས་བག་མེད་བབ་ཅོལ་གྱི་སྤྱོད་པ་རྡུལ་ཙམ་ཡང་མ་འདྲེས་པར་བྱའོ། ཕག་མོ་རིགས་བཞིར་ཡང་ཚོགས་ཀྱི་སྐབས་སུ་བསྐང་བ་ཁྲོས་ནག་གི་དུས་ལྟར་གཞུང་བཞིན་གཏོང་། ཀུན་ལ་བསྙེན་པའི་ཁ་བསྐང་ཞི་བའི་སྦྱིན་སྲེག་ཡང་ན་མཁའ་འགྲོའི་མེ་མཆོད་སོགས་བྱ་བ་ནི་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་རོ། འདི་རྣམས་ཀྱི་བསྙེན་སྒྲུབ་གནས་དུས་སོ་སོར་བྱ་ཆོག་པ་ལས་སྟན་ཐོག་གཅིག་ཏུ་དགོས་པའི་ངེས་པ་མེད་ཀྱང་འདིར་བསྙེན་ཡིག་སོ་སོར་བྲི་མ་ནུས་པས་དཀྱུས་གཅིག་ཏུ་བྲིས་པ་ཡིན་ནོ། སྨྲས་པ། དེ་ལྟར་རྡོ་རྗེ་ཕག་མོ་རིགས་ལྔ་ཡི། །བསྙེན་ཡིག་གཞུང་དང་བླ་མའི་མན་ངག་བཞིན། །བྲིས་འདི་དངོས་གྲུབ་འདོད་པ་འཇོ་བའི་སྐྱེས། །འགུགས་བྱེད་ལེགས་བཤད་དབང་གི་ལྕགས་ཀྱུ་ཡིན། །འདིར་འབད་ལྷག་བསམ་པད་རྩ་ལྟར་དཀར་དགེས། བདེ་ཆེན་ལྷན་སྐྱེས་དགའ་བའི་བསྐྱེད་ཚལ་ན། །སྐུ་གསུམ་མཁའ་འགྲོ་རོལ་པའི་དགའ་སྟོན་ལ། །དགྱེས་དགུར་སྤྱོད་པའི་སྐལ་བཟང་མྱུར་ཐོབ་ཤོག །ཁྱད་པར་ལས་ཉན་འཐིབ་བུས་ཆེས་ཉེན་པའི། །ལྔ་བདོའི་འགྲོ་ལ་ཕན་བདེ་སྣང་བའི་མཛོད། །སྲིད་ཞིའི་འདྲེན་པ་མཆོག་སྤྲུལ་རིན་པོ་ཆེ། །ཞབས་པད་བསྐལ་བརྒྱར་བརྟན་པའི་རྒྱུར་རྒྱུར་ཅིག །ཅེས་པ་འདི་ནི་ཁྱབ་བདག་སྲིད་ཞིའི་འདྲེན་པ་མཆོག་སྤྲུལ་རིན་པོ་ཆེ་འཇིགས་མེད་བསྟན་པའི་སྡེའི་ཞལ་སྔ་ནས་བཀའ་མཆིད་ཀྱི་ལམ་ནས་ནན་བསྐུལ་གནང་བ་སྤྱི་བོར་མཆོད་དེ་རྨོངས་བཙུན་རྒན་པོ་ངག་དབང་བློ་གྲོས་ཀྱིས་བྲིས་ནས་ཕུལ་བར་དཔྱད་པས་མ་ཁྱབ་པའི་ལོག་རྟོགས་མཆིས་ན་མཆོག་སྤྲུལ་དམ་པ་ཉིད་དང་སྐུ་གསུམ་མཁའ་འགྲོའི་ཚོགས་ལ་སྙིང་ནས་བཤགས་སོ། །དགེ་བས་དཔལ་ལྡན་བླ་མ་དམ་པའི་ཞབས་པད་བསྐལ་བརྒྱར་བརྟན་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།


previousཕག་མོ་རིགས་ལྔའི་བསྙེན་ཡིག་མཆོག་ཐུན་དངོས་གྲུབ་འགུགས་པའི་ལྕགས་ཀྱུ།next