Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
ཕག་མོ་རིགས་བཞིའི་དབང་བཤད།
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousཕག་མོ་རིགས་བཞིའི་དབང་བཤད།next

ཕག་མོ་རིགས་བཞིའི་དབང་བཤད།

ཟབ་ཐིག་ལས་ཕག་མོ་རིགས་བཞིའི་དབང་བཤད་ཉེར་མཁོ་བཞུགས། །འོ་ན་ད་ལམ་ཁྱེད་རྣམས་ལ་བཅོམ་ལྡན་འདས་མ་བདེ་ཆེན་དཀར་མོའི་དབང་འབུལ་བའི་ཐོག་མར་ལོ་རྒྱུས་ཀྱི་རྣམ་པ་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། ངོ་བོ་ཀ་ནས་དག་པའི་ཆོས་དབྱིངས་ཆེན་པོ་ནས་བཅོམ་ལྡན་འདས་མ་དཔལ་ཀུན་ཏུ་བཟང་མོའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་མདངས་གོ་མ་འགགས་པ་ལས། བདེ་ཆེན་དཀར་མོ་རྡོ་རྗེ་དྷཀྐི་མ་འདི་རང་ཤར་ཞིང་དབྱིངས་རང་བཞིན་གྱི་རྣམ་པར་དག་པའི་མཁའ་སྤྱོད་དུ་དུས་གསུམ་རྟག་པ་རྒྱུན་གྱི་འཁོར་ལོར་རང་འོད་འབར་བཞིན་བཞུགས་པའི་རོལ་པ་ལས། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་རྒྱལ་བ་རྡོ་རྗེ་འཆང་གིས་གསང་སྔགས་བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་མ་འབུམ་ཕྲག་མང་པོ་སྟོན་པ་དེའི་འཁོར་དུ་རང་ཤར་ཞིང་བླ་ན་མེད་པའི་བཀའི་འཁོར་ལོ་རྣམས་ཉན་ཞིང་འཆང་ནས་ཚངས་ཆེན་གྱི་བསྐལ་པ་ཆེན་པོའི་ཞིང་འདི་དང་འདི་མ་ཡིན་པའི་ཡང་ནམ་མཁའི་མཐའ་ཁྱབ་ཏུ་ལས་དང་སྐལ་པར་ལྡན་པ་རྣམས་ཀྱི་སྣང་ངོར། སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པས་དུས་གསུམ་ཀུན་ཏུ་སྐལ་ལྡན་མང་པོ་གྲོལ་ལམ་ལ་ཐབས་དང་གདམས་པ་མང་པོས་ཡོངས་སུ་གྲོལ་བར་མཛད་ནས་རིམ་གྱིས་བརྒྱུད་པ་ལས། རྩོད་ལྡན་ཚེ་ལོ་བརྒྱ་པའི་སྐབས་ཤྭཀྱའི་བསྟན་པ་ལ་མདོ་སྔགས་ཟུང་ཞིག་གི་ཉི་ཟླ་ཤར་བའི་ཚེ་ཨོ་རྒྱན་གྱི་སློབ་དཔོན་དཔལ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་རྣམས་ལ་དབང་བསྒྱུར་ཞིང་མཁའ་འགྲོའི་གསང་མཛོད་ཐམས་ཅད་བརྟོལ་ཏེ་འཛམ་གླིང་སྤྱི་དང་རྒྱ་བོད་ཀུན་ཏུ་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པར་མཛད་པའི་ནང་ནས། ཁྱད་པར་དུ་བོད་ཡུལ་སྲིན་མོ་གན་རྐྱལ་དུ་བསྒྱེལ་བ་འདྲ་བའི་ནུ་མ་གཡས་པ་ཁམས་ཀྱི་སྲིང་མོ་རྫོང་གི་ཆགས་རུ་ཕུག་དཀར་ལྷའི་གཞལ་ཡས་ཁང་དུ། བདེ་ཆེན་དཀར་མོ་རྡོ་རྗེ་དྷ་ཀྐི་མའི་སྒྲུབ་པ་མཛད་ཅིང་ཕག་གདོང་དཀར་མོ་སྐུའི་སྒྲུབ་གནས་སུ་བྱིན་གྱིས་བརླབས་པའི་དུས་སུདབང་སྒྲུབ་ཐབས་མན་ངག་དང་བཅས་པའི་གདམས་པ་འདི་རྣམས། མ་མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་ལ་བཀའ་སྩལ་ཞིང་གདམས་པ་མཁའ་འགྲོའི་ཡི་གེར་བཏབ་སྟེ་ཕྱི་མའི་བསྟན་འགྲོའི་དོན་དུ་མཁའ་འགྲོའི་གསང་མཛོད་དུ་རྒྱས་བཏབ་ནས་བཞུགས་སུ་གསོལ་བ། འགྲོ་བ་འདུལ་བའི་ལུང་བསྟན་དུས་བབས་བཞིན་དུ་ཁམས་པ་ཉི་མ་གྲགས་པས་ཤིང་གླང་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔའི་ཉི་ཤར་ལ་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའི་གདམས་པ་རིན་པོ་ཆེའི་དབང་འདི་ཐོབ་པ་ལ་ཡོན་ཏན་དུ་མ་དང་ལྡན་ཏེ་ལུང་ལས། དབང་བསྐུར་སྟོན་པ་བསླུ་བ་མེད། །དགེ་བ་ཀུན་ལས་དགེ་བའི་མཆོག །ཚེ་རབས་ནད་མེད་བདེ་བ་འཐོབ། །ངན་སོང་གསུམ་ལས་རྣམ་པར་གྲོལ། ཅེས་གསུངས་པའི་དབང་ཞུ་བའི་དོན་དུ་འདིའི་རྗེས་ཟློས་གནང་བར་ཞུ། ཅེས་པ་ནས་གཞུང་ལྟར་དབང་སྦྱིན། མངྒ་ལམ། །འོ་ན་ད་ལམ་ཁྱེད་རྣམས་ལ་བཅོམ་ལྡན་འདས་མ་དོན་གྲུབ་སེར་མོའི་དབང་འབུལ་བའི་ཐོག་མར་ལོ་རྒྱུས་ཀྱི་རྣམ་པ་མདོ་ཙམ་ཞིག་བརྗོད་པར་བྱ་ཏེ། ངོ་བོ་ཀ་ནས་དག་པའི་ཆོས་དབྱིངས་ཆེན་པོ་ནས་བཅོམ་ལྡན་འདས་མ་དཔལ་ཀུན་ཏུ་བཟང་མོའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་མདངས་གོ་མ་འགགས་པ་ལས། དོན་གྲུབ་སེར་མོ་རིན་ཆེན་དྷཀྐི་མ་འདི་རང་ཤར་ཞིང་དབྱིངས་རང་བཞིན་གྱི་རྣམ་པར་དག་པའི་མཁའ་སྤྱོད་དུ་དུས་གསུམ་རྟག་པ་རྒྱུན་གྱི་འཁོར་ལོ་རང་འོད་འབར་ཞིང་བཞུགས་པའི་རོལ་པ་ལས། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་རྒྱལ་བ་རྡོ་རྗེ་འཆང་གིས་གསང་སྔགས་བླ་མེད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་འབུམ་ཕྲག་མང་པོ་སྟོན་པ་དེའི་འཁོར་དུ་རང་ཤར་ཞིང་བླ་ན་མེད་པའི་བཀའི་འཁོར་ལོ་རྣམས་ཉན་ཞིང་འཆང་ནས་ཚངས་ཆེན་གྱི་བསྐལ་པ་ཆེན་པོའི་ཞིང་འདི་དང་། འདི་མ་ཡིན་པའི་ཡང་ནམ་མཁའི་མཐའ་ཁྱབ་ཏུ་ལས་དང་སྐལ་བར་ལྡན་པ་རྣམས་ཀྱི་སྣང་ངོར་སྤྲུལ་པ་དང་ཡང་སྤྲུལ་ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པས་དུས་གསུམ་ཀུན་ཏུ་སྐལ་ལྡན་མང་པོ་གྲོལ་ལམ་ལ་ཐབས་དང་གདམས་པ་མང་པོས་ཡོངས་སུ་གྲོལ་བར་མཛད་ནས་རིམ་གྱིས་བརྒྱུད་པ་ལས། རྩོད་ལྡན་ཚེ་ལོ་བརྒྱ་པའི་སྐབས་ཤཱཀྱའི་བསྟན་པ་ལ་མདོ་སྔགས་ཟུང་ཞིག་གི་ཉི་ཟླ་ཤར་བའི་ཚེ། ཨོ་རྒྱན་གྱི་སློབ་དཔོན་དཔལ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་རྣམས་དབང་བསྒྱུར་ཞིང་མཁའ་འགྲོའི་གསང་མཛོད་ཐམས་ཅད་བརྟོལ་ཏེ་འཛམ་གླིང་སྤྱི་དང་རྒྱ་བོད་ཀུན་ཏུ་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པ་མཛད་པའི་ནང་ནས། གནས་མཆོག་ཆེན་པོ་ཁམས་ཀྱི་སྲིང་མོ་རྫོང་དུ་ཕྱག་ཕེབས་ནས་ཆགས་རུ་ཕུག་སེར་རྒྱས་པའི་གཞལ་ཡས་ཁང་དུ་ཕག་གདོང་སེར་མོ་ཡོན་ཏན་གྱི་སྒྲུབ་པ་མཛད་ཅིང་བྱིན་གྱིས་བརླབས་པའི་དུས་སུ། དབང་སྒྲུབ་ཐབས་མན་ངག་དང་བཅས་པའི་གདམས་པ་འདི་རྣམས་མ་མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་ལ་བཀའ་སྩལ་ཞིང་གདམས་པ་མཁའ་འགྲོའི་ཡི་གེར་བཏབ་སྟེ། ཕྱི་མའི་བསྟན་འགྲོའི་དོན་དུ་མཁའ་འགྲོའི་གསང་མཛོད་དུ་རྒྱས་བཏབ་ནས་བཞུགས་སུ་གསོལ་བ་འགྲོ་བ་འདུལ་བའི་ལུང་བསྟན་པདྨ་བཀའི་ཐང་ཡིག་ལས། མི་ལ་ལུས་ཆས་ཡ་མ་ཟུང་དུ་འོང་༔ བསྟན་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་ཡོང་༔ ཁམས་ཀྱི་སྲོང་མོ་རྫོང་གསུམ་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང་༔ ཁམས་པ་ཉི་མ་གྲགས་ཀྱི་མིང་ཅན་འོང་༔ ཞེས་གསུངས་པ་ལྟར་མེ་ཡོས་ཧོར་ཟླ་གཉིས་པའི་ཡར་ཚེས་བཅུ་གསུམ་གྱི་དགོངས་མོ་དབང་གི་དུས་སུ་སྤྱན་དྲངས་པའི་དབང་ཐོབ་པ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་སྟེ། གསང་འདུས་ལས། གསང་སྔགས་ཟབ་མོའི་དབང་བསྐུར་བས། །རབ་ནི་ཚེ་འདི་ཉིད་ལ་གྲོལ། །འབྲྀང་ནི་འཆི་ཀ་བར་དོར་གྲོལ། ཐ་མ་སྐྱེ་བ་བདུན་ནས་གྲོལ། ཅེས་པ་དང་། ཐང་ཡིག་ལས། ལོ་རེ་བཞིན་དུ་དབང་བསྐུར་བྱིན་རླབས་ཞུས༔ ལོ་བརྒྱ་ཐུབ་ན་དབང་བརྒྱ་འཐོབ་པ་ཡིན༔ ཕྱི་མ་དུད་འགྲོར་སྐྱེས་ཀྱང་དབང་ཆེར་འགྱུར༔ ཅེས་དང་། གསང་རྒྱུད་ལས། གསང་སྔགས་རྩ་བ་དབང་ཉིད་དེ། །དེ་ཉིད་རྩ་བ་དམ་ཚིག་ཡིན། །འདའ་བར་མི་བྱ་བསྲུང་མཚམས་རྣམས། །གཉིས་ཀ་ཤེས་ཕྱིན་དངོས་གྲུབ་འབྱུང་། ཅེས་གསུངས་པའི་དོན་དང་ལྡན་པར་བྱ་བའི་ཕྱིར་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གནང་བར་ཞུ། ཅེས་པ་ནས་དབང་སྦྱིན། མངྒ་ལམ། །འོ་ན་ད་ལམ་ཁྱེད་རྣམས་ལ་བཅོམ་ལྡན་འདས་མ་དམར་མོ་སྒྲ་སྒྲོག་གི་དབང་འབུལ་བའི་ཐོག་མར་ལོ་རྒྱུས་ཀྱི་རྣམ་པ་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། ངོ་བོ་ཀ་ནས་དག་པའི་ཆོས་དབྱིངས་ཆེན་པོ་ནས་བཅོམ་ལྡན་འདས་མ་དཔལ་ཀུན་ཏུ་བཟང་མོའི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རང་མདངས་གོ་མ་འགགས་པ་ལས། ཕག་གདོང་ཆེན་མོ་དམར་མོ་སྒྲ་སྒྲོག་མ་འདི་རང་ཤར་ཞིང་དབྱིངས་རང་བཞིན་གྱི་རྣམ་པར་དག་པའི་མཁའ་སྤྱོད་དུ་དུས་གསུམ་རྟག་པ་རྒྱུན་གྱི་འཁོར་ལོར་རང་འོད་འབར་བཞིན་བཞུགས་པའི་རོལ་པ་ལས། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་རྒྱལ་བ་རྡོ་རྗེ་འཆང་གིས་གསང་སྔགས་བླ་མེད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། པདྨ་རིགས་ཀྱི་མཁའ་འགྲོ་མ་འབུམ་ཕྲག་མང་པོ་སྟོན་པ་དེའི་འཁོར་དུ་རང་ཤར་ཞིང་བླ་ན་མེད་པའི་བཀའི་འཁོར་ལོ་རྣམས་ཉན་ཞིང་འཆང་ནས་ཚངས་ཆེན་གྱི་བསྐལ་བ་ཆེན་པོའི་ཞིང་འདི་དང་། འདི་མ་ཡིན་པའི་ཡང་ནམ་མཁའི་མཐའ་ཁྱབ་ཏུ་ལས་དང་སྐལ་པར་ལྡན་པ་རྣམས་ཀྱི་སྣང་ངོར་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་གྱི་མི་ཁྱབ་པས་དུས་གསུམ་ཀུན་ཏུ་སྐལ་ལྡན་མང་པོ་གྲོལ་ལམ་ལ་ཐབས་དང་གདམས་པ་མང་པོས་ཡོངས་སུ་གྲོལ་བར་མཛད་ནས་རིམ་གྱིས་བརྒྱུད་པ་ལས། རྩོད་ལྡན་ཚེ་ལོ་བརྒྱ་པའི་སྐབས་ཤཱཀྱའི་བསྟན་པ་ལ་མདོ་སྔགས་ཟུང་ཅིག་གི་ཉི་ཟླ་ཤར་བའི་ཚེ། ཨོ་རྒྱན་གྱི་སློབ་དཔོན་དཔལ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་རྣམས་ལ་དབང་བསྒྱུར་ཞིང་མཁའ་འགྲོའི་གསང་མཛོད་ཐམས་ཅད་བརྟོལ་ཏེ་འཛམ་གླིང་སྤྱི་དང་རྒྱ་བོད་ཀུན་ཏུ་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པ་མཛད་པའི་ནང་ནས། གནས་མཆོག་ཆེན་པོ་ཁམས་ཀྱི་སྲིང་མོ་རྫོང་གི་ཆགས་རུ་ཕུག་དམར་དབང་གི་གཞལ་ཡས་སུ་ཕྱག་ཕེབས་ནས་ཕག་གདོང་དམར་མོ་སྒྲ་སྒྲོག་གི་སྒྲུབ་པ་མཛད་ཅིང་དམར་མོ་གསུང་གི་སྒྲུབ་གནས་སུ་བྱིན་གྱིས་བརླབས་པའི་དུས་སུ། དབང་སྒྲུབ་ཐབས་གདམས་པ་དང་བཅས་པ་འདི་རྣམས་མ་མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་ལ་བཀའ་སྩལ་ཞིང་གདམས་བ་མཁའ་འགྲོའི་ཡི་གེར་བཏབ་སྟེ་ཕྱི་མའི་བསྟན་འགྲོའི་དོན་དུ་མཁའ་འགྲོའི་གསང་མཛོད་དུ་རྒྱས་བཏབ་ནས་བཞུགས་སུ་གསོལ་བ། འགྲོ་བ་འདུལ་བའི་ལུང་བསྟན་དུས་བབས་བཞིན་དུ་ཁམས་པ་ཉི་མ་གྲགས་པས་ཤིང་སྟག་ཧོར་ཟླ་གསུམ་པའི་ཚེས་བརྒྱད་ཀྱི་ཉིན་དགུང་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའི་གདམས་པ་རིན་པོ་ཆེ་འདིའི་དབང་ཐོབ་པ་ལ་ཡོན་ཏན་དུ་མ་དང་ལྡན་ཏེ། རྒྱུད་ལས། དབང་ཐོབ་རིགས་ཀྱི་བུ་དེ་ཉིད། ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །ཕྱི་མ་མངོན་པར་རྫོགས་འཚང་རྒྱ། ཅེས་དང་། དེ་བཞིན་དུ། བྱང་ཆུབ་དམ་པ་དབང་ལས་བྱུང་། །མ་སྨིན་པ་ནི་སྨིན་བྱེད་ལ། ལུས་ངག་ཡིད་གསུམ་སྒྲིབ་པ་འདག །དབང་གིས་རབ་ཏུ་སྦྱངས་བྱས་ནས། །དཔལ་མཆོག་དང་པོ་འཐོབ་པར་འགྱུར། ཅེས་དང་། དེ་ཉིད་ལས། དབང་མེད་འཁོར་བའི་མཐའ་སྙོགས་སྟེ། །ཕྱི་མའི་བདེ་བ་འཐོབ་པ་མེད། །དབང་མ་བསྐུར་བས་སྔགས་ལམ་སྒོམ། དེ་ནི་ངན་འགྲོར་སྐྱེ་བའི་རྒྱུ། ཅེས་གསུངས་པའི་དོན་དང་ལྡན་པར་བྱ་བའི་ཕྱིར་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གནང་བར་ཞུ། ཅེས་པ་ནས་དབང་སྦྱིན། མངྒ་ལམ། །འོ་ན་ད་ལམ་ཁྱེད་རྣམས་ལ་བཅོམ་ལྡན་འདས་མ་སྣ་ཚོགས་མཐར་ཕྱིན་གྱི་དབང་འབུལ་བའི་ཐོག་མར་ལོ་རྒྱུས་ཀྱི་རྣམ་པ་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། ངོ་བོ་ཀ་ནས་དག་པའི་ཆོས་དབྱིངས་ཆེན་པོ་ནས་བཅོམ་ལྡན་འདས་མ་དཔལ་ཀུན་ཏུ་བཟང་མོའི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་མདངས་གོ་མ་འགགས་པ་ལས། སྣ་ཚོགས་མཐར་ཕྱིན་ལས་ཀྱི་དྷཀྐི་མ་འདི་རང་ཤར་ཞིང་། དབྱིངས་རང་བཞིན་གྱི་རྣམ་པར་དག་པའི་མཁའ་སྤྱོད་དུ་དུས་གསུམ་རྟག་པ་རྒྱུན་གྱི་འཁོར་ལོར་རང་འོད་འབར་བཞིན་བཞུགས་པའི་རོལ་པ་ལས། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་རྒྱལ་བ་རྡོ་རྗེ་འཆང་གིས་གསང་སྔགས་བླ་མེད་ཀྱི་ཆོས་ཀྱི་འཁོར་ལོ་རྣམས་ཉན་ཞིང་འཆང་ནས་ཚངས་ཆེན་གྱི་བསྐལ་པ་ཆེན་པོའི་ཞིང་འདི་དང་། འདི་མ་ཡིན་པའི་ཡང་ནམ་མཁའི་མཐའ་ཁྱབ་ཏུ་ལས་དང་སྐལ་བར་ལྡན་པ་རྣམས་ཀྱི་སྣང་ངོར། སྤྲུལ་པ་དང་ཡང་སྤྲུལ་ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པས་དུས་གསུམ་ཀུན་ཏུ་སྐལ་ལྡན་མང་པོ་གྲོལ་ལམ་ལ་ཐབས་དང་གདམས་པ་མང་པོས་ཡོངས་སུ་གྲོལ་བར་མཛད་ནས་རིམ་གྱིས་བརྒྱུད་པ་ལས། རྩོད་ལྡན་ཚེ་ལོ་བརྒྱ་པ་ཤཱཀྱའི་བསྟན་པ་ལ་མདོ་སྔགས་ཟུང་ཅིག་གི་ཉི་ཟླ་ཤར་བའི་ཚེ། ཨོ་རྒྱན་གྱི་སློབ་དཔོན་དཔལ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་རྣམས་ལ་དབང་བསྒྱུར་ཞིང་མཁའ་འགྲོའི་གསང་མཛོད་ཐམས་ཅད་བརྟོལ་ཏེ་འཛམ་གླིང་སྤྱི་དང་རྒྱ་བོད་ཀུན་ཏུ་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པ་མཛད་པའི་ནང་ནས། བོད་སྲིན་མོ་གན་རྐྱལ་དུ་བསྒྱེལ་བ་འདྲ་བའི་ནུ་མ་གཡས་པ་ཁམས་སྲིན་མོ་རྫོང་གི་ཆགས་རུ་ཕུག་སྔོན་འཕྲིན་ལས་ཀྱི་གཞལ་ཡས་སུ་ཕྱག་ཕེབས་ཤིང་སྣ་ཚོགས་མཐར་ཕྱིན་གྱི་སྒྲུབ་པ་མཛད་ཅིང་ལྗང་མོ་འཕྲིན་ལས་ཀྱི་སྒྲུབ་གནས་སུ་བྱིན་གྱིས་བརླབས་པའི་དུས་སུ། དབང་སྒྲུབ་ཐབས་མན་ངག་དང་བཅས་པའི་གདམས་པ་འདི་རྣམས་མ་མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་ལ་བཀའ་སྩལ་ཞིང་གདམས་པ་མཁའ་འགྲོའི་ཡི་གེར་བཏབ་སྟེ་ཕྱི་མའི་བསྟན་འགྲོའི་དོན་དུ་མཁའ་འགྲོའི་གསང་མཛོད་དུ་རྒྱབ་བཏབ་ནས་བཞུགས་སུ་གསོལ་བ། འགྲོ་བ་འདུལ་བའི་ལུང་བསྟན་དུས་བབས་བཞིན་དུ་ཁམས་པ་ཉི་མ་གྲགས་པས་མེ་ཡོས་ཧོར་ཟླ་གཉིས་པའི་ཚེས་བཅུའི་ཉིན་དགུང་ལ་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའི་གདམས་པ་རིན་པོ་ཆེ་འདིའི་དབང་ཐོབ་པ་ལ་ཡོན་ཏན་དུ་མ་ལྡན་ཏེ། རྒྱུད་ལས། དམ་ཚིག་མ་ཉམས་ལེགས་བསྲུངས་པའི། །རྣལ་འབྱོར་ཕོ་མོ་གང་ཡིན་རྣམས། །ཚེ་རིང་ནད་མེད་ཆོས་སྤྱོད་ཅིང་། །དཔལ་འབྱོར་ལོངས་སྤྱོད་ཀུན་ཐོབ་ནས། །འདི་ཕྱི་བར་གསུམ་བཀྲ་ཤིས་ལ། །དེ་ནི་རྟག་ཏུ་དགེ་བར་འགྱུར། ཅེས་དང་། དེ་བཞིན་དུ། དང་པོ་དབང་གིས་མ་སྨིན་ན། ཐེག་པའི་ཆོས་ཀྱིས་གྲོལ་མི་ནུས། །རང་རྒྱུད་དབང་གིས་མ་གྲོལ་ན། །རང་སེམས་མངོན་དུ་མི་འགྱུར་རོ། ཅེས་དང་། རྒྱུད་ལས། །དབང་བསྐུར་གནང་བ་ཐོབ་པ་གཙོ། །དབང་ཐོབ་རིགས་ཀྱི་བུ་དེ་ཉིད། །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །ཕྱི་མ་མངོན་པར་རྫོགས་སངས་རྒྱས། ཅེས་གསུངས་པའི་ཕན་ཡོན་དུ་མ་དང་ལྡན་པའི་དབང་ཞུ་བའི་དོན་དུ་འདིའི་རྗེས་ཟློས་གནང་བར་ཞུ། དེ་ནས་དབང་སྦྱིན། ཅེས་པ་འདི་རྣམས་གུ་རུ་བསྟན་འཛིན་གྲགས་པ་རྒྱ་མཚོ་ལ་དགོས་པར་སེམས་ཏེ་ཤར་སྟག་མོ་སྒང་དུ་ཉི་མ་གྲགས་པས་བྲིས་པ་འདི་ཡང་ཐུགས་འཛིན་བདེ་བའི་ཕྱིར་རིགས་འགྲེས་སུ་སྦྱར་བའོ། །མངྒ་ལམ། །


previousཕག་མོ་རིགས་བཞིའི་དབང་བཤད།next