Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
ཞི་བའི་སྦྱིན་སྲེག་སྒྲིག་ཆོག
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousཞི་བའི་སྦྱིན་སྲེག་སྒྲིག་ཆོགnext

ཞི་བའི་སྦྱིན་སྲེག་སྒྲིག་ཆོག

ཕག་མོ་དཀར་མོའི་ཟབ་ཐིག་ལས། ཞི་བའི་སྦྱིན་སྲེག་བཞུགས། །བཅོམ་ལྡན་འདས་མ་ཕག་གདོང་བདེ་ཆེན་དཀར་མོ་ལ་གུས་པས་ཕྱག་འཚལ་ལོ། དེ་ལ་འདིར་རྣལ་འབྱོར་པ་ཕག་མོ་བདེ་ཆེན་དཀར་མོའི་དཀྱིལ་འཁོར་དུ་དབངཐོབ་ཅིང་དམ་ཚིག་ལ་གནས་པ་གྲངས་མཚན་དུས་རྟགས་ཀྱི་བསྙེན་པ་ཚད་དུ་འཁྱོལ་བས་རང་གཞན་གྱི་ནད་གདོན་སྡིག་སྒྲིབ་སོགས་མི་མཐུན་པའི་ཕྱོགས་མཐའ་དག་ཞི་བར་བྱ་བ་དང་། བསྙེནཔའི་ཁ་བསྐང་སོགས་སུ་སྦྱིན་སྲེག་གི་ཆོ་ག་བརྩམས་པར་བྱ་སྟེ། སྔོན་འགྲོ་དངོས་གཞི་རྗེས་སོ། དང་པོ་ནི། ཤིང་ཁམས་ཀྱི་ལོ་ཟླ་ཉི་ཁྱིམ་ཡོད་པའིཡར་ངོ་བཀྲ་ཤིས་པའི་གཟའ་སྐར་སྦྱོར་བྱེད་དང་ལྡན་པའི་སྔ་དྲོའི་ཚེ། སྐབས་སུ་གང་བབས་ཀྱི་གནས་ཁང་ཕྱག་བརྡར་ལེགས་པར་བྱས་ལ། སྔར་དུལ་བའི་དགོན་གནས་ཡུལ་ཕྱོགས་ཡིན་ན་མི་དགོས་ཤིང་། དེ་མ་ཡིན་པའི་རིགས་ལ་རྒྱས་པར་སྒྲུབ་ཆེན་ཞིག་གི་གཞུང་ལྟར་ས་བརྟག་བླང་སྦྱངས་འདུལ་གྱི་ཆོ་ག་བྱ་ཞིང་། རྒྱས་པར་གཏན་ནས་མ་གྲུབ་ན། བསྡུས་པར་ཡི་གེ་བརྒྱ་པ་དང་བདེ་ཆེན་དཀར་མོའི་སྔགས་བརྗོད་ཅིང་ས་ལ་ཆུ་འཐོར། ལྟོ་འཕྱེ་འཁོར་ཚུལ་དང་བསྟུན་ནས་ལྟོ་བ་ནས་ས་བླང་ཞིང་། ཧ་བཛྲ་དྷཀྐི་ནི་བྷ་ར་ཧི་ཨ་ཡུ་ཥེ་ཧཱུྃ་བྷྲུྃ་ནྲི་ཛཿསིདྡྷིསྭཱ་ཧཱཿ བྷྲུྃ་ཏྲཱཾ་ཧྲཱིཿཨཱཿ ཞེས་བརྗོད་ཅིང་བྱིན་གྱིས་བརླབས་པའི་སྟེགས་བུ་རྒྱར་ཁྲུ་གང་དཔངས་སུ་ཁྲུ་ཕྱེད་པ་ས་དཀར་པོས་ཁ་དོག་བསྒྱུར་བ་ལ་དཀྱིལ་འཁོར་ཟླུམ་པོའི་ལྟེ་བར་རཾ་གྱི་ཁོག་པར་ཧ་བྲིས་བའི་ཁ་ཁྱེར་ལ་རྡོ་རྗེ་དཀར་པོའི་ཕྲེང་བས་བསྐོར་བ་བྲིས་པའི་སྟེང་དུ་ཙན་དན་དཀར་པོ་དང་འོ་མ་ཅན་ལ་སོགས་པའི་ལས་མཐུན་གྱི་བུད་ཤིང་སྨན་སྤོས་དྲི་བཟང་པོས་བྱུག་པ་ཟླུམ་པོ་སྲིད་དང་དཔངས་སོགས་དཀྱིལ་འཁོར་དང་མཐུན་པར་བརྩིགས། སྤྱིར་བཏང་དུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་མཆོད་གཏོར་སྨན་རག་སོགས་ཕྱི་ནང་གི་མཆོད་པ་རྒྱས་པ་དང་། རང་གི་མདུན་དུ་རྡོར་དྲིལ་ཌཱ་མ་རུ། ཀུ་ཤ། རླུང་གཡབ་དགང་གཟར་བླུགས་ཁ་སྦྱར་ཏེ་ཡ་མ་བྲལ་བར་བཞག་པ་དང་། གཡས་སུ་ཙན་དན་ནམ་འོམ་བུའམ་འོ་མ་ཅན་སོགས་དཀར་པོའི་ཤིང་དྲི་ཞིམ་པོ་དང་ལྡན་པ་སྲིད་དུ་སོར་བཅུ་གཉིས་སྦོམ་ཕྲ་མཐེའུ་ཆུང་ཙམ་པའི་ཁ་མཉམ་པར་བཅད་པ་ལ་འཇིགས་པ་ཆེན་པོ་བརྒྱད་སོགས་ནད་གདོན་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྚིང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་བྲིས་པའི་རྩེ་གཉིས་སུ་མར་དང་སྦྲང་རྩིས་བྱུག་པའི་ཡམ་ཤིང་གང་མང་དང་། མར་ཁུ། ཏིལ་དཀར། ཡུངས་ཀར། ཟས་སྣ། ཞོ་ཟན། དཱུར་ཝ། འབྲས། སོ་བ། ནས། སྲན་མ། གྲོ། ཀུ་ཤ། ཕྲུམ། འབྲུ་སྣ། དར་སྣ། ཤིང་ཏོག་སྟེ་སྤྱི་རྫས་དང་། ཁྱད་པར་གྱི་རྫས་པད་དཀར། ཙམ་པ་ཀ །ཙན་དན་དཀར་པོ། ག་བུར། རྩི་མར། དྲི་སྣ། དུང་། ཤེལ། དངུལ་ལ་སོགས་དཀར་པོའི་རིགས་ཀྱི་རིན་ཆེན་དར་གོས་འབྲུ་སྨན་ཅི་འབྱོར་བ་དང་། གཡོན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་ཉེར་སྤྱོད་ཚར་གཉིས་གཏོར་མ་སྨན་རག་དང་བཅས་པའི་མཆོད་རྫས་བསང་ཆུ་རྣམས་བཤམས་ལ། ཕག་མོ་དཀར་མོ་བདེ་ཆེན་རྣལ་འབྱོར་མའི་ལས་བྱང་བཀའ་གཏེར་གྱི་སྲུང་མ་གང་བྱེད་པའི་འཕྲིན་ལས་བསྐང་གསོལ་དང་བཅས་པ་རང་གཞུང་ལྟར་ལས་བྱང་གི་ལྷག་གཏོར་ཡན་གྲུབ་ནས། གདན་དཀར་པོའི་སྟེང་དུ་དར་དཀར་སོགས་ཆས་གོས་དཀར་པོ་དང་ལྡན་པས་ཁ་ཤར་དུ་ཕྱོགས་ཏེ་མི་ཚིག་གིས་བར་མ་ཆོད་པར་རོལ་མོ་འཁྲོལ་ཏེ་འཛབ་དབྱངས་གར་དུ་འཁྲབ་ཅིང་མེ་ཐབ་ལན་གསུམ་བསྐོར་ཏེ། ཨཱོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་དབུས་སུ་ཧ་དེ་ལ་རཾ་གྱིས་མཚན་པ་ལས་ཡེ་ཤེས་ཀྱི་མེ་དཔུང་དཀར་པོ་ཕྱོགས་བཅུར་འཕྲོས་པས་གནོད་བྱེད་འབྱུང་པོ་ཐམས་ཅད་བརླག །ཚུར་འདུས་ཕྱོགས་མཚམས་ཐམས་ཅད་མེ་རིའི་གུར་དུ་གྱུར་པར་བསམས་ཤིང་། ཧཱུྃ༔ བསྐལ་པའི་མེ་ཆེན་འབར་བའི་གཞལ་ཡས་འདིར༔ མེ་ལྷ་དྲང་སྲོང་ཡི་དམ་མ་གཏོགས་པ༔ གདོན་བགེགས་འབྱུང་པོ་བར་དུ་གཅོད་པའི་བགེགས༔ འདི་རུ་མ་འདུག་རང་རང་གནས་སུ་དེངས༔ གལ་ཏེ་མི་འགྲོ་ཆགས་ཤིང་འདིར་འཁོར་ན༔ མེ་འདག་འབར་བའི་སྦྲང་བུ་བཞིན་དུ་བསྲེག༔ ཞེ་སྡང་འཇོམས་པའི་མེ་ནི་མཐིང་ནག་འབར༔ ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར༔ འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར༔ ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར༔ གཏི་མུག་འཇོམས་པའི་མེ་ནི་སྨུག་ནག་འབར༔ ཡེ་ཤེས་འབར་བའི་མེ་ཡིས་མཚམས་ཆོད་ཅིག༔ ཧ་བཛྲ་དྷཀྐི་ནི་བྷ་ར་ཧི་ཨགྣཱེ་ཡེ་ཛྭ་ལ་རཾ་རཾ༔ ཨཱོཾ་སུམ་བྷ་ནི་སོགས་བརྗོད༔ དེ་ནས་རྫས་རྣམས་ཀྱི་ཉེས་སྐྱོན་སྦྱང་ཞིང་བྱིན་གྱིས་བརླབ་པ་ནི། བསང་ཆུའི་སྣོད་ནས་ཀུ་ཤའི་རྩེ་མོས་ལག་པ་གཡས་པས་ཆུ་བླངས་ཏེ་མཆོད་སྲེག་ག །ི་ཡོ་བྱད་ཐམས་ཅད་ལ་རང་གི་མདུན་ནས་གཡས་བསྐོར་དུ་འཐོར་ཞིང་། ནང་མཆོད་ཀྱིས་ཀྱང་བསངས་ལ། རྡོ་རྗེའི་ཁུ་ཚུར་ལས་གུང་མོ་གཉིས་རྩེ་སྤྲད། ཨཱོཾ་སྭཱ་ཧཱས་རྫས་རྣམས་བཀྲུས་པར་བསམས། ཨཱོཾ་ཨཱཿསྭཱ་ཧཱས་ཡམ་ཤིང་དང་། ཨཱོཾ་ཤྲཱི་སྭཱ་ཧཱས་ཞུན་མར་དང་། ཨཱོཾ་ཛྲིཾ་སྭཱ་ཧཱས་འབྲུ་དང་། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་དེ་ལས་གཞན་པའི་རྫས་རྣམས་ཀྱི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཡི་གེ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་སྲེག་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལ་རྣམ་པ་འདོད་ཡོན་ལྔ་སོགས་མཆོད་པའི་ཡོ་བྱད་མ་ཚང་བ་མེད་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་རབ་འབྱམས་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཨཱོཾ་ཨཱཿཧཱུྃ། གསུམ་མམ་བདུན་བརྗོད༔ དེ་ནས་རྒྱལ་རིགས་ཀྱི་ཁྱིམ་ནས་མེ་བླངས་ཏེ་སྣོད་དུ་བཞག་ལ། ཨཱོཾ་ཨཱཿཧཱུྃ་བརྗོད་ཅིང་ཞུན་མར་གྱི་སྒྲོན་མེ་སྦར་བས་སྦར་ལ་རླུང་གཡབ་ཀྱིས་གཡབ་ཅིང་། ཧཱུྃ༔ ཤར་གྱི་ཕྱོགས་ནས་མེ་སྦར་མས༔ དྲི་ཟའི་ལག་ནས་མེ་ལོངས་ལ༔ ཞི་བའི་མེ་ནི་སྤར་བར་མཛོད༔ ལྷོ་ནུབ་མཚམས་ནས་ཤིང་ཐུན་མས༔ རླུང་ལྷའི་ཡུལ་ནས་ཤིང་ཐུས་ལ༔ རླུང་གི་ལྷ་མོས་རླུང་གཡོབས་ཤིག༔ ཨཱོཾ་ཨགྣཱེ་ཡེ་ཛྭ་ལ་རཾ་རཾ༔ ཞེས་བརྗོད་ཅིང་སྤར་ལ་ཞུན་མར་བླུགས་གཟར་བདུན་གྱིས་ཀྱང་གསོའོ། །དེ་ནས་ཀུ་ཤ་ལ། ཨཱོཾ་བཛྲ་ས་ཏྭ་ཨཱཿ བདུན་གྱི་བྱིན་གྱིས་བརླབས་པའི་རྩེ་མོ་གཉིས་གཤིབས་པ་ལག་ཏུ་བཟུང་ལ། ཨཱོཾ༔ ཀུ་ཤ་འདི་ནི་གཙང་ཞིང་དགེ། ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ཞེས་ཐབ་ཀྱི་ཁ་ཁྱེར་ལ་རང་གི་ཁ་བལྟ་ཕྱོགས་ལ་ཤར་དུ་བྱས་པའི་རྩེ་མོ་ཕྱོགས་བཞིར་ཡོང་བར་བྱས་ལ་ཕྱི་མའི་རྩེ་མོས་སྔ་མའི་རྩ་བ་ནོན་པར་བ་ལང་གི་རྣ་བའི་དབྱིབས་ལྟར་ཧ་ཅང་མི་རིང་བར་དགྲམ་མོ། གཉིས་པ་དངོས་གཞི་ལ་འཇིག་རྟེན་པ་དང་འདས་པའི་མེ་ལྷ་མཆོད་པ་གཉིས་ལས། དང་པོ་ལྷ་བསྐྱེད་པ་ནི། ཨཱོཾ་སྭ་བྷཱ་ཝའི་སྔགས་ཀྱིས་སྦྱངས༔ མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རཾ་དཀར་པོ་འོད་དུ་ཞུ་བ་ལས་མེ་ཐབ་གཞལ་ཡས་ཀྱི་ཁང་པ་དཀར་ཞིང་འཚེར་བ་ཁ་ཁྱེར་ཕྱིར་ཕྱོགས་པའི་སྟེང་དུ་རྡོ་རྗེའི་ཕྲེང་བས་མཚན་པའི་དབུས་སུ་མེ་ལྷ་དཀར་པོ་དྲང་སྲོང་གི་ཆ་བྱད་ཅན་ཞལ་གཅིག་ཕྱག་གཉིས་པ་གཡས་བགྲང་ཕྲེང་དང་གཡོན་མེ་ཐབ་བསྣམས་པ༔ འཁོར་དུ་དྲང་སྲོང་མང་པོས་བསྐོར་ཞིང་པདྨ་དང་ཟླ་བའི་གདན་ལ་གནས་པའི་སྤྱི་བོར་ཨཱོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པ་དང་༔ བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་མཚམས་ནས་ཡེ་ཤེས་ཀྱི་མེ་ལྷ་འཁོར་དྲང་སྲོང་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་པར་བསམས་ཤིང་༔ སྤྱན་འདྲེན་ནི༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་འབྱུང་བ་ཆེ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ཤར་ལྷོ་མཚམས་ཀྱི་གཞལ་ཡས་ནས༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ བསྐྱེད་པའི་གནས་འདིར་གཤེགས་སུ་གསོལ༔ ཨཱོཾ་ཨགྣཱེ་ཡེ་བཛྲ་ས་མ་ཡ་ཨེ་ཧྱ་ཧི་ཛཿཧཱུྃ་བཾ་ཧོཿ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ འཕྲིན་ལས་མ་ལུས་བསྒྲུབ་པའི་ཕྱིར༔ འབར་བ་མེ་ཡི་གཞལ་ཡས་འདིར༔ གཉིས་མེད་བརྟན་པར་གཞུགས་སུ་གསོལ༔ ཨཱོཾ་ཨཱགྣཱེ་ཡེ་དེ་ཝ་བཛྲ་ས་མ་ཡ་ཨ་ཝེ་ཤ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ དྲང་སྲོང་ཆེན་པོ་མེ་ཡི་ལྷ༔ གཟི་བརྗིད་འབར་བ་ལྟ་ན་སྡུག༔ འཕྲིན་ལས་ཀུན་བདག་ཐུགས་རྗེ་ཅན༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད༔ ཨཱོཾ་ཨགྣེ་ཡེ་དེ་ཝ་ཨ་ལ་ལ་ཨ་ཏི་པུ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་གདུང་བའི་དབྱངས༔ ཕྱི་མཆོད་འདོད་ཡོན་ལོངས་སྤྱོད་ཚོགས༔ དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ༔ ཨཱོཾ་ཨགྣཱེ་ཡེ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤཔྟ་པཱུ་ཙ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ༔ ཧཱུྃ༔ རཀྟ་དམར་གྱི་ཡོན་ཆབ་དང་༔ དབང་པོ་རྣམ་ལྔའི་མེ་ཏོག་ཚོགས༔ ཤ་ཆེན་རྣམ་ལྔའི་བདུག་སྤོས་དང་༔ ཞུན་ཆེན་སྣང་གསལ་མར་མེ་མཆོག༔ བདུད་རྩི་ལྔ་ལྡན་བྱུག་པ་དང་༔ རྣམ་དག་མཆོག་གི་ཞལ་ཟས་སོགས༔ བླ་མེད་ནང་གི་མཆོད་པ་འདི༔ དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ༔ ཨཱོཾ་ཨགྣཱེ་ཡེ་ཛྙཱ་ན་སརྦ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨམྲྀ་ཏ༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བྷ་ལིང་རྒྱན་ལྡན་གཏོར་མའི་ཚོགས༔ གྷ་ན་ཙཀྲ་ལོངས་སྤྱོད་རྫས༔ བླ་མེད་གསང་བའི་མཆོད་པ་འདི༔ ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ༔ ཨཱོཾ་ཨགྣཱེ་ཡེ་བཛྲ་སརྦ་པཉྩ་ཨམྲྀ་ཏ་རཀྟ་བྷ་ལིངྟ་གྷ་ན་པཱུ་ཙ་ཁ་ཁ་ཁཱ་ཧི༔ འབྲོག་འབྲང་འབུལ་བ་ནི༔ ཧཱུྃ༔ གསུར་ཆེན་དང་ནི་ཤ་ཆེན་དྲི༔ སྐྱེ་བའི་རྒྱུ་ལས་བྱུང་བ་འདི༔ ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ༔ སརྦ་ཤ་ཏྲུཾ་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ༔ ཡམ་ཤིང་འབུལ་བ་ནི༔ ཧཱུྃ༔ ཙན་དན་དཀར་པོ་དྲི་ཞིམ་སྤོས༔ གཉིས་སུ་མེད་པར་འབུལ་ལགས་ན༔ བཞེས་ནས་ནད་གདོན་བར་གཅོད་ཚོགས༔ ཞི་བའི་འཕྲིན་ལས་འགྲུབ་པར་མཛོད༔ ཨཱོཾ་ཨགྣཱེ་ཡེ་གྷ་ན་དྷེ་དེ་ཝ་ཨ་སྱ་ཧ་ན་ཡ་བདག །་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཚོགས་ཐམས་ཅད་དང་། ཁྱད་པར་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ མར་ཁུ་འབུལ་བ་ནི༔ མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་དང་དགང་བླུགས་ཀྱི་ཁར་ཧ་ཡིག་འོདཟེར་དང་ལྡན་པས་མཚན་པར་གྱུར་པར་བསམས་ཤིང་། ལག་པ་གཡོན་ཁུ་ཚུར་བཅིང་བའི་སྟེང་ན་མཐེ་བོས་བཀབ་པ་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པའི་མཛུབ་མོ་བརྐྱང་བ་གན་རྐྱལ་བྱས་པས་དགང་གཟར་མར་ཁུས་བཀང་བ་བཟུང་། གཡས་པའང་དེ་བཞིན་དུ་བྱས་པ་ཁ་འཐུར་དུ་སྦུབ་པས་བླུགས་གཟར་གྱི་ཡུ་བ་བཟུང་བ་གཡོན་པའི་མཛུབ་མོའི་ཐད་ཀར་གཡས་པའི་ཁུ་ཚུར་བཞག་སྟེ་དགང་གཟར་ཁར་བླུགས་གཟར་གྱི་མགོ་བཞག་ནས་འཛིན་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ལག་པ་གཉིས་པུས་མོའི་ནང་ལས་མི་འདའ་བར་གཡས་སུ་བསྐོར་ཏེ་འབུལ་ཞིང་། ཨོཾ་ཨགྣཱེ་ཡེ་གྷནྡྷེ་སྭཱ་ཧཱ༔ ནད་གདོན་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཏིལ་ལ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ༔ སྡིག་པ་ཐམས་ཅད་ཤཱནྟི་ཀུ་རུ་སྭཱ་ཧཱ༔ ཡུངས་ཀར་ལ། ཨཱོཾ་སརྦ་ཨརྠ་ས་དྷཱ་ཡ་སྭཱ་ཧཱ༔ བགེགས་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་སྣ་ལ། ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱཿ བདེ་བ་མཆོག་ལ་བར་དུ་གཅོད་པ་ཐམས་ཅད༴དཱུརྦ་ལ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱཿ ཚེ་མཐར་ཕྱིན་པ་ལ་བར་དུ་གཅོད༴འབྲས་ལ། ཨཱོཾ་བཛྲ་པཱུཥྟ་ཡེ་སྭཱ་ཧཱཿ བསོད་ནམས་རྒྱས་པ་ལ་བར་དུ༴སོ་བ་ལ། ཨོཾ་བཛྲ་བྷི་ཛཱ་ཡེ་སྭཱ་ཧཱཿ ནོར་དང་འབྲུ་རྒྱས་པ་ལ་བར་དུ༴ནས་ལ། ཨཱོཾ་མ་ཧཱ་བེ་གྷ་ཡ་སྭཱ་ཧཱཿ མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ༴སྲན་མ་ལ། ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱཿ སྟོབས་རྒྱས་པ་ལ་བར་དུ༴གྲོ་ལ། ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱཿ ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ༴ཀུ་ཤ་ལ། ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱཿ སྲུང་བ་མཆོག་ལ་བར་དུ༴ཕྲུམ་ལ། ཨཱོཾ་ཨཱཿསྭཱ་ཧཱ༔ ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ༴འབྲུ་སྣ་ལ། ཨཱོཾ་ཛྲིཾ་སྭཱ་ཧཱ༔ མངའ་ཐང་ཕུན་སུམ་ཚོགས་པ་ལ༴ཤིང་ཏོག་ལ། ཨཱོཾ་ཤྲཱི་བ་ཡ་སྭཱ་ཧཱ༔ དཔལ་ཕུན་སུམ་ཚོགས་པ་ལ༴དར་སྣ་ལ། ཨཱོཾ་བཛྲ་ཝཱསྟྲ་ཡེ་སྭཱ་ཧཱཿ བསོད་ནམས་ཕུན་སུམ་ཚོགས་པ་ལ༴སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ལ། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱཿ མདོར་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱཿ དེ་ནས་ཚིག་བཅད་ཀྱིས་འབུལ་བ་ནི༔ ཧཱུྃ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ ནད་གདོན་སྡིག་སྒྲིབ་བར་གཅོད་བགེགས༔ ཞི་བའི་འཕྲིན་ལས་མཛད་དུ་གསོལ༔ ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིངྟ་གྷ་ན་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ བསྡུས་པར་བྱེད་ན་ཚིག་བཅད་འདིའི་མཇུག་ཏུ་མཆོད་པ་གོང་མ་རྣམས་ཕུལ་ཀྱང་རུང་། དེ་ནས་བསྟོད་པ་ནི༔ ཧཱུྃ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ འཕྲིན་ལས་ཐམས་ཅད་བསྒྲུབ་པའི་ལྷ༔ རིགས་སྔགས་དྲང་སྲོང་གྲུབ་པའི་ཚུལ༔ འོད་འབར་བསྐལ་མེའི་ཕྲེང་བ་ཅན༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ ཐབས་ཀྱི་ཐེག་པ་ར་ལ་བཅིབས༔ བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུང་༔ ཚངས་སྐུད་དྲི་མེད་ཅོད་པན་སྤྲས༔ མཉམ་མེད་ཐུགས་རྗེ་ཆེར་མངའ་བའི༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་བརྗོད༔ འཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ དྲང་སྲོང་ཆེན་པོ་གཟི་བརྗིད་འཆང་བའི་གར༔ འབར་བའི་ལྷ་ཆེན་ཡབ་ཡུམ་སྲས་འཁོར་བཅས༔ དམ་རྫས་འབར་བའི་མེ་མཆོད་འདི་འབུལ་བས༔ ཞི་བའི་འཕྲིན་ལས་བསྒྲུབ་པའི་དུས་ལ་བབས༔ ཅེས་འཕྲིན་ལས་བཅོལ༔ བཛྲ་མུས་མེ་ལྷའི་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་གཤེགས་ཏེ་བཞུགས་པར་གྱུར༔ གཉིས་པ་ཡེ་ཤེས་པའི་མེ་ལྷ་མཆོད་པ་ནི། མེ་ཐབ་ཏུ་རྡོ་རྗེས་བསང་ཆུ་འཐོར་ཞིང་༔ ཨཱོཾ་སྭ་བྷཱ་ཝའི་སྔགས་ཀྱིས་སྦྱངས༔ མེ་ལྷའི་ལྟོ་བ་ཟབ་ལ་རྒྱ་ཆེ་ནང་། །སྣང་བའི་རང་བཞིན་སྟོང་པའི་ཀློང་ཡངས་ན། །ཆོས་འབྱུང་ཉི་ཟླ་པདྨའི་གདན་སྟེང་དུ། ཅེས་པ་ནས་ཨ་མྲྀ་ཏ་རཀྟ་མ་ཧཱ་སརྦ་པཱུ་ཙ་ཧོཿཞེས་པའི་བར་ལས་བྱང་ལྟར་བྱ། དེ་ནས་སྲེག་རྫས་རྣམས་འབུལ་ཚེ་ཡེ་ཤེས་ཀྱི་མེ་ལྷ་འཁོར་དང་བཅས་པས་དགྱེས་པར་བཞེས་ཏེ་ཟག་པ་མེད་པའི་དབྱིངས་སུ་ཐུགས་དམ་གྱི་རྒྱུད་ཡོངས་སུ་སྐོངས་ཏེ་ཇི་ལྟར་གསོལ་བ་བཏབ་པའི་ལས་རབ་འབྱམས་མངོན་པར་བསྒྲུབ་པར་བསམས་ལ། ཡམ་ཤིང་ལ། ཧཱུྃ༔ ཙན་དན་དཀར་པོ་དྲི་ཞིམ་སྤོས། གཉིས་སུ་མེད་པར་འབུལ་ལགས་ན། །བཞེས་ནས་ནད་གདོན་བར་གཅོད་ཚོགས། །ཞི་བའི་འཕྲིན་ལས་གྲུབ་པར་མཛོད། །ཧ་བཛྲ་དྷཀྐི་ནི་བྷ་ར་ཧི་ཨཱ་ཡུ་ཥེ་ཧཱུྃ་བྷྲུྃ་ནྲི་ཛཿ སིདྡྷི་སྭཱ་ཧཱཿ ཨཱོཾ་ཨགྣཱེ་ཡེ་དྷེ་ཝ་ཨ་སྱ་ཧ་ན་ཡ་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ནད་གདོན་མི་མཐུན་པའི་ཕྱོགས་ཐམས་ཅད་དང་། ཁྱད་པར་དུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱཿ མར་ཁུ་ལ། ལྷ་ཚོགས་ཐམས་ཅད་ཀྱི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་དང་དགང་བླུགས་ཀྱི་ཁར་ཧ་ཡིག་འོད་ཟེར་དང་བཅས་པས་མཚན་པར་གྱུར་པར་བསམས་ཤིང་། ཧཱུྃ༔ བདུད་རྩིའི་བཅུད་ལྡན་སྙིང་པོའི་མར༔ ། བདེ་ཆེན་དཀར་མོའི་ལྷ་ཚོགས་ལ༔ གུས་པས་འབུལ་ལོ་བཞེས་ནས་ཀྱང་༔ ནད་གདོན་བགེགས་ཚོགས་ཞི་བར་མཛོད༔ ཧ་བཛྲ་དྷཀྐི་ནི་བྷ་ར་ཧི་ཨཱ་ཡུ་ཥེ་ཧཱུྃ་བྷྲུྃ་ནྲི་ཛཿསིདྡྷི་སྭཱ་ཧཱཿ ཨཱོཾ་ཨགྣཱེ་ཡེ་གྷནྡྷེ་སྭཱ་ཧཱཿ ནད་གདོན་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱཿ ཏིལ་ལ། ཞི་བས་རྫས་སུ་བསྔགས་པའི་ཏིལ༔ བདེ་ཆེན་དཀར་མོའི་ལྷ་ཚོགས་ལ༔ འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་༔ སྡིག་ལྟུང་མཐའ་དག་ཞི་བར་མཛོད༔ ཧ་བཛྲ་དྷཀྐི་ནི་བྷ་ར་ཧི་ཨཱ་ཡུ་ཥེ་ཧཱུྃ་བྷྲུྃ་ནྲི་ཛཿསིདྡྷི་སྭཱ་ཧཱཿ ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡེ་སྭཱ་ཧཱཿ སྡིག་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱཿ ཡུངས་ཀར་ལ། ཡུངས་ཀར་བགེགས་འཇོམས་ཁྲོ་བོའི་མཚོན༔ བདེ་ཆེན་དཀར་མོའི་ལྷ་ཚོགས་ལ༔ བློ་ཡིས་བླངས་ཏེ་འབུལ་ལགས་ན༔ བགེགས་དཔུང་མ་ལུས་ཞི་བར་མཛོད༔ ཧ་བཛྲ་དྷཀྐི་ནི༴ཨཱོཾ་སརྦ་ཨརྠ་ས་དྷཱ་ཡ་སྭཱ་ཧཱ༔ བགེགས་ཐམས་ཅད༴ཟས་སྣ་ལ། རོ་བརྒྱ་ལྡན་པ་ལྷ་ཡི་ཟས༔ བདེ་ཆེན་དཀར་མོ་ལ་འབུལ་གྱིས༔ དམིགས་མེད་ཀློང་དུ་བཞེས་ནས་ཀྱང་༔ བདེ་བའི་བར་བཅོད་ཀུན་ཞི་མཛོད༔ ཧ་བཛྲ་དྷཀྐི་ནི༴ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱཿ བདེ་བ་མཆོག་ལ་བར་དུ༴དཱུརྦ་ལ། བཀྲ་ཤིས་དཱུརྦ་འཆི་མེད་རྫས༔ བདེ་ཆེན་དཀར་མོའི་ལྷ་ཚོགས་ལ༔ འབུལ་བས་དགྱེས་པ་ཡོངས་བསྐྱེད་དེ༔ ཚེ་ཡི་བར་ཆད་ཡོངས་ཞི་མཛོད༔ ཧ་བཛྲ་དྷཀྐི་ནི༴ཨཱོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱཿ ཚེ་མཐར་ཕྱིན་པ་ལ༴འབྲས་ལ། བཀྲེས་པའི་རྒུད་པ་ཡོངས་སེལ་བའི༔ འབྲས་དཀར་ས་ལུ་ལྷ་ཡི་ཟས༔ བདེ་ཆེན་དཀར་མོ་ལ་འབུལ་གྱིས༔ བསོད་ནམས་ལ་འཚེ་ཀུན་ཞི་མཛོད༔ ཧ་བཛྲ་དྷཀྐི་ནི༴ཨཱོཾ་བཛྲ་པུཥྟ་ཡེ་སྭཱ་ཧཱཿ བསོད་ནམས་རྒྱས་པ་ལ༴སོ་བ་ལ། ཡིད་འོང་རྣམ་པར་རྒྱལ་བའི་འབྲུ༔ སོ་བ་ཟས་ཀྱི་མཆོག་དམ་པ༔ བདེ་ཆེན་དཀར་མོ་ལ་འབུལ་གྱིས༔ འབྲུ་ནོར་ལ་འཚེ་ཀུན་ཞི་མཛོད༔ ཧ་བཛྲ་དྷཀྐི་ནི༴ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱཿ ནོར་དང་འབྲུ་རྒྱས་པ་ལ་བར་དུ་གཅོད༴ནས་ལ། དབུལ་བ་རྒྱུན་གཅོད་བསྐལ་བཟང་ནས༔ བདེ་ཆེན་དཀར་མོ་འཁོར་བཅས་ལ༔ འབུལ་ལོ་མྱུར་བའི་ཤུགས་དག་ལ༔ བར་དུ་གཅོད་པ་ཞི་བར་མཛོད༔ ཧ་བཛྲ་དྷཀྐི་ནི༴ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱཿ མྱུར་བའི་ཤུགས་ཕུན་སུམ་ཚོགས༴སྲན་མ་ལ། རོ་བཅུད་ཕུལ་ཕྱིན་སྲན་མའི་འབྲུ༔ བདེ་ཆེན་དཀར་མོ་འཁོར་བཅས་ལ༔ ཐོགས་མེད་བློ་ཡིས་འབུལ་ལོ་བཞེས༔ སྟོབས་ལ་འགོག་པ་ཞི་བར་མཛོད། ཧ་བཛྲ་དྷཀྐི་ནི༴ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱཿ སྟོབས་རྒྱས་པ་ལ་བར་དུ༴གྲོ་ལ༔ སྐྱེ་འགྲོའི་སྲོག་གི་ཟུངས་འཛིན་གྲོ༔ བདེ་ཆེན་དཀར་མོ་ལ་འབུལ་ན༔ བརྩེ་བའི་ཤུགས་ཀྱིས་བཞེས་ནས་ཀྱང་༔ ནད་མེད་རིང་འཚོའི་གེགས་ཞི་མཛོད༔ ཧ་བཛྲ་དྷཀྐི་ནི༴ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱཿ ནད་མེད་པ་ཕུན་སུམ་ཚོགས་པ་ལ༴ཀུ་ཤ་ལ༔ བྱང་ཆུབ་མཆོག་ལྡན་ཀུ་ཤའི་རྩྭ༔ བདེ་ཆེན་དཀར་མོ་ལ་འབུལ་ན༔ དགྱེས་ཤིང་ཚིམ་པར་ཡོངས་བཞེས་ནས༔ བསྲུང་བའི་གོ་བཤིག་གེགས་ཞི་མཛོད༔ ཧ་བཛྲ་དྷཀྐི་ནི༴ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱཿབསྲུང་བ་མཆོག་ལ་བར་དུ༴ཕྲུམ་ལ༔ དཀར་གསུམ་བདུད་རྩི་ལས་བྱུང་ཕྲུམ༔ བདེ་ཆེན་དཀར་མོར་འབུལ་ལགས་ན༔ ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ༔ བར་དུ་གཅོད་པ་ཞི་བར་མཛོད༔ ཧ་བཛྲ་དྷཀྐི་ནི༴ཨཱོཾ་ཨཱཿསྭཱ་ཧཱ༔ ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ༴འབྲུ་སྣ་ལ༔ ཕུན་ཚོགས་གཏེར་ལྡན་སྣ་ཚོགས་འབྲུ༔ བདེ་ཆེན་དཀར་མོ་འཁོར་བཅས་ལ༔ གུས་པས་འབུལ་ལོ་བརྩེ་བས་བཞེས༔ མངའ་ཐང་ལ་འཁུའི་གེགས་ཞི་མཛོད༔ ཧ་བཛྲ་དྷཀྐི་ནི༴ཨཱོཾ་ཛྲིཾ་སྭཱ་ཧཱཿ མངའ་ཐང་ཕུན་སུམ་ཚོགས་ལ་བར་དུ༴ཤིང་ཏོག་ལ༔ བདུད་རྩིའི་རོ་བཅུད་ཉེར་སྨིན་པའི༔ ཡིད་འོང་ལྗོན་པའི་རིན་ཆེན་འབྲས༔ བདེ་ཆེན་དཀར་མོར་འབུལ་ལགས་ན༔ དཔལ་ལ་གནོད་པ་ཞི་བར་མཛོད༔ ཧ་བཛྲ་དྷཀྐི་ནི་བྷ་ར་ཧི༴ཨཱོཾ་བཛྲ་ཤྲཱི་བ་ཡ་སྭཱ་ཧཱཿ དཔལ་ཕུན་སུམ་ཚོགས་པ༴དར་སྣ་ལ༔ དབང་པོའི་གཞུ་ཡི་ཚོན་བཀྲ་བའི༔ སྲབ་འཇམ་ཡང་བ་ལྷ་ཡི་གོས༔ བདེ་ཆེན་དཀར་མོའི་ཚོགས་ལ་འབུལ༔ བསོད་ནམས་འཕེལ་བའི་གེགས་ཞི་མཛོད༔ ཧ་བཛྲ་དྷཀྐི་ནི༴ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ བསོད་ནམས་རྣམ་པར་རྒྱས་པ་ལ་བར་དུ༴རྫས་སྔགས་མེད་པའི་སྲེག་རྫས་ཐམས་ཅད་ལ་ཕྱོགས་གཅིག་ཏུ༔ མི་ཟད་འདོད་དགུའི་ལོངས་སྤྱོད་རྫས༔ ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན༔ བདེ་ཆེན་དཀར་མོ་ལ་འབུལ་གྱིས༔ མི་མཐུན་ཚོགས་ཀུན་ཞི་བར་མཛོད༔ ཧ་བཛྲ་དྷཀྐི་ནི༴ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱཿ མདོར་ན་མི་མཐུན་པའི་ཚོགས་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་འབུལ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ ཧཱུྃ༔ བདེ་ཆེན་དཀར་མོའི་ལྷ་ཚོགས་ལ༔ མཆོད་པའི་བྱེ་བྲག་འབུལ་བ་ནི༔ ཕྱི་མཆོད་ཉེར་སྤྱོད་རྣམ་པ་ལྔ༔ ནང་མཆོད་ཤ་ལྔ་བདུད་རྩི་ལྔ༔ གསང་མཆོད་བྱང་སེམས་བདེ་སྟོང་རྒྱུན༔ ཐབས་མཆོག་མཐར་ཕྱིན་བདུད་རྩི་དང་༔ ཤེས་རབ་མཐར་ཕྱིན་རཀྟ་དང་༔ ཐབས་ཤེས་དབྱེར་མེད་གཏོར་མ་འདི༔ སྐུ་གསུམ་ཀློང་དུ་བཞེས་ནས་ཀྱང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨཱོཾ་བཛྲ་དྷཀྐི་ནི་བྷ་ར་ཧི་ས་པ་རི་ཝཱ་ར་ཨརྒྷཾ་ནས༔ ཤཔྟ་སརྦ་པཉྩ་རཀྟ་བྷ་ལིངྟ་པཱུ་ཙ་ཁཱ་ཧིཿ ཧཱུྃ༔ སྐྱེ་མེད་དབྱིངས་ལས་ཤར་བའི་ཕག་གདོང་མ༔ འགག་མེད་འཁོར་ལོས་སྒྱུར་བའི་མཁའ་འགྲོའི་གཙོ༔ སྤྲུལ་པའི་མཁའ་འགྲོ་དམ་ཚིག་ཚེ་ཡི་ལྷ༔ བདེ་ཆེན་དཀར་མོ་འཁོར་དང་བཅས་ལ་བསྟོད༔ ཅེས་བསྟོད་དངོས་གྲུབ་བླང་བ་ནི༔ ཚེ་འགུགས་ཚར་གཅིག་བརྗོད་པའི་མཐར༔ ཟས་སྣ་འདོད་ཡོན་བཏེག་སྟེ༔ ཧཱུྃ༔ ཆོས་དབྱིངས་ནམ་མཁའ་ཡངས་པའི་ཀློང་རུམ་ནས༔ ཕག་མོ་དཀར་མོ་བདེ་ཆེན་ཞི་བ་འཚོ༔ བླ་མ་ཡི་དམ་དྲང་སྲོང་མེ་ལྷའི་ཚོགས༔ བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ༔ འཕྲིན་ལས་རྣམ་པ་བཞི་ཡི་དངོས་གྲུབ་སྩོལ༔ ཀུན་ཏུ་བཟང་མོ་ཆོས་སྐུའི་མཁའ་འགྲོ་འབུམ༔ སྤྲོས་བྲལ་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ རྡོ་རྗེ་ཕག་མོ་ལོངས་སྐུའི་མཁའ་འགྲོ་འབུམ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ༔ བདེ་ཆེན་དཀར་མོ་སྤྲུལ་སྐུའི་མཁའ་འགྲོ་འབུམ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ ཡེ་ཤེས་མེ་ལྷ་འཕྲིན་ལས་ཀུན་གྱི་བདག༔ ནད་གདོན་ཞི་བའི་དངོས་གྲུབ་སྩལ་དུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ མྱུར་བ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ ཧ་བཛྲ་དྷཀྐི་ནི་བྷ་ར་ཧི་ཨཱ་ཡུ་ཥེ་ཧཱུྃ་བྷྲུྃ་ནྲི་ཛཿསིདྡྷི་སྭཱ་ཧཱཿ མ་མ་སརྦ་སིདྡྷི་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་དངོས་གྲུབ་བླང་ཞིང་ལོངས་སྤྱད༔ བཟོད་པར་གསོལ་བ་ནི༔ ཧཱུྃ༔ ཡེ་ཤེས་མེ་ལྷ་དྲང་སྲོང་བདག་ལ་དགོངས༔ བདག་གིས་འཕྲིན་ལས་མེ་མཆོད་ཆོ་ག་འདི༔ ཚུལ་བཞིན་བགྱིད་པར་སེམས་ཀྱང་ནོར་དང་འཁྲུལ༔ ལྷག་གམ་ཆད་དམ་སྒྲ་ཉམས་རྫས་མ་འཛོམ༔ ཏིང་འཛིན་ཀློང་དུ་མ་གྱུར་ཉེས་བྱས་ཚོགས༔ ཉམས་ཆག་ཉེས་ལྟུང་སྡིག་སྒྲིབ་མཐོལ་ལོ་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཞེས་ཡི་གེ་བརྒྱ་བས་ལྷག་ཆད་བསྐང་༔ ཨཱོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛོད༔ རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ༔ སངས་རྒྱས་ཡུལ་དུ་གཤེགས་ནས༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ ཨཱོཾ་བཛྲ་མུཿས་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་རང་ལ་བསྡུ༔ སླར་ཡང་འཇིག་རྟེན་པའི་མེ་ལྷ་དཔང་པོར་བཞུགས་པ་བཛྲ་ས་མ་ཛ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་ལ་གཏང་རག་གི་མཆོད་བསྟོད་དང་རྫས་རྣམས་སྔར་མེ་ལྷ་མཆོད་པའི་སྐབས་ལྟར་ཕུལ་རྗེས༔ གཏོར་མ་ལ་ཡང་༔ ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་བྷ་ལིངྟ་པཱུ་ཙ་ཁཱ་ཧི༔ གསུམ་གྱིས་ཕུལ་ལ་འདོད་དོན་ལ་གསོལ་བ་གདབ༔ སླར་ཡང་༔ ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནས༔ ཤཔྟའི་བར་གྱིས་མཆོད༔ ཧཱུྃ༔ དྲང་སྲོང་ཆེན་པོ་མེ་ཡི་ལྷ༔ གཟི་བརྗིད་འབར་བ་ལྟ་ན་སྡུག༔ འཕྲིན་ལས་ཀུན་བདག་ཐུགས་རྗེ་ཅན༔ གུས་པས་ཡིད་ཀྱིས་ཕྱག་འཚལ་བསྟོད༔ ཅེས་བསྟོད༔ གཤེགས་གསོལ་ནི༔ ཧཱུྃ༔ དྲང་སྲོང་ཆེན་པོ་མེ་ཡི་ལྷ༔ འབར་བའི་འཕྲིན་ལས་བསྒྲུབ་མཛད་པ༔ རང་བཞིན་གནས་སུ་གཤེགས་ནས་ཀྱང་༔ སླར་ཡང་རྗེས་མཐུན་དངོས་གྲུབ་སྩོལ༔ ཨཱོཾ་ཨགྣེ་ཡེ་དྷེ་ཝ་བྷྱཿབཛྲ་མུ༔ ཤིས་བརྗོད་ནི༔ ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ནས༔ ཅེས་པ་ནས་སྤྲུལ་པ་འབུམ་སྡེའི་བཀྲ་ཤིས་ཤོག༔ ཅེས་པའི་བར་དང་༔ བསྔོ་བ་ནི༔ ཧཱུྃ༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས༔ སྦྱིན་སྲེག་མཆོད་བསྟོད་ཕུལ་བའི་མཐུས༔ ཐུགས་དམ་གཉེན་པོ་སྐོངས་གྱུར་ཅིག །འཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབས༔ བདག་སོགས་འགྲོ་བ་སེམས་ཅན་མ་ལུས་པ༔ རྩ་གསུམ་ལྷ་ཚོགས་གོ་འཕང་ཐོབ་པར་ཤོག །སྨོན་ལམ་ནི༔ ཧོཿ འཕྲིན་ལས་མེ་ཡི་ཏིང་འཛིན་སྒོམ་སྒྲུབ་མཐུས༔ དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ༔ ལས་བཞིའི་འཕྲིན་ལས་གང་བརྩམས་ལྷུན་གྲུབ་ནས༔ མ་འབད་བཞིན་དུ་མཆོག་ཐུན་ཡོངས་གྲུབ་སྟེ༔ དངོས་གྲུབ་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག༔ ཞེས་བརྗོད༔ ཅེས་པ་འདི་ཡང་ཧོར་པཎ་ཆེན་ངག་དབང་འཇམ་དབྱངས་བློ་ལྡན་གྱིས་འགྲིག་ཆོག་མཛད་པའི་ཞི་བའི་སྦྱིན་སྲེག་ལྟར་ལ་བདེ་ཆེན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་དགོས་པ་རྣམས་ཁ་བསྐང་སྟེ་ཉི་མ་གྲགས་པས་ཇོ་བོ་སྒྱོགས་ཆེན་གདོང་རའི་མདུན་དུ་སྦྱར་བ་སརྦ་མངྒ་ལཾ། །


previousཞི་བའི་སྦྱིན་སྲེག་སྒྲིག་ཆོགnext