Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
ཕག་དཀར་དབང་ཆོག་འཆི་མེད་འདོད་འཇོ།
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousཕག་དཀར་དབང་ཆོག་འཆི་མེད་འདོད་འཇོ།next

ཕག་དཀར་དབང་ཆོག་འཆི་མེད་འདོད་འཇོ།

ཕག་མོ་བདེ་ཆེན་དཀར་མོའི་དབང་ཆོག་འཆི་མེད་འདོད་འཇོ་བཞུགས་སོ། །སྟོང་ཉིད་དབྱིངས་ལས་ཡེ་ཤེས་སྒྱུ་མ་ཆེ། །ཟུང་འཇུག་བདེ་ཆེན་གར་གྱི་རྣམ་རོལ་པའི། །བཅོམ་ལྡན་འདས་མ་འཆི་མེད་ཡེ་ཤེས་ཀྱི། །དངོས་གྲུབ་འདོད་པ་འཇོ་བའི་དགའ་སྟོན་མཛོད། །ཅེས་ཤིས་པ་བརྗོད་ནས་བདེ་ཆེན་དཀར་མོའི་ཚེ་དབང་བསྐུར་བ་ལ་གཉིས་ཏེ། སྦྱོར་བ་ཡོ་བྱད་ཀྱི་བཤམས་དང་། དངོས་གཞི་ཇི་ལྟར་བསྐུལ་བའི་ཚུལ་ལོ། དེ་ཡང་གཏེར་གཞུང་རྩ་བར། ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་འདུད༔ བདེ་ཆེན་མཁའ་འགྲོའི་དྲོད་ཐོབ་རྣལ་འབྱོར་པས༔ དམ་ལྡན་བུ་ལ་སྨིན་གྲོལ་སྦྱིན་པ་ནི༔ ད་ལའམ་ནི་འབྲུ་ཡི་ཚོམ་བུ་བཀོད༔ དབུས་སུ་བུམ་པ་གཡས་སུ་ཚེ་ཆང་དང་༔ གཡོན་དུ་ཚེ་རིལ་རྒྱབ་ཏུ་མདའ་དར་གཟུགས༔ ཐ་མར་མཆོད་ཚོགས་ལ་སོགས་རྒྱས་པར་བཤམས༔ བསྐྱེད་རྫོགས་བསྒོམ་ཞིང་བསྙེན་སྒྲུབ་ཏིང་འཛིན་གསལ༔ ཚེ་འགུགས་ཐུགས་དམ་བསྐུལ་ཞིང་དབང་བཞི་ལེན༔ ལས་བུམ་བསྐྱེད་ཅིང་སློབ་མ་ཁྲུས་ནས་ཕྱུངས༔ བགེགས་ལ་བཀའ་བསྒོ་མཚམས་གཅོད་བསྲུང་འཁོར་བསྒོམ༔ མཎྜལ་འབུལ་ཞིང་སྐྱབས་སེམས་ལོ་རྒྱུས་བརྗོད༔ བསྐྱེདརིམ་གཏད་ཅིང་ཡེ་ཤེས་སེམས་དཔའ་དབབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པས་ལས་གཞུང་བསྲང་ཚོགས་བསྐང་བཀའ་གཏེར་མཆོད་པ་སོགས་མཐར་ཆགས་བྱ་ཞིང་། ལས་བུམ་གསལ་ཁ་མ་ངེས་པས་སྤྱི་ཁྱབ་ལྟར་སྒྲུབ་བོ། དེ་ནས་དྲི་མེད་དག་པ་སོགས་ཀྱིས་ཁྲུས་བྱ། བགེགས་བསྐྲད་སྲུང་བའི་འཁོར་ལོ་བསྒོམ། སྤྲོ་ན་དབང་གི་མཚམས་སྦྱོར་རྒྱས་པའམ། ཡང་ན་དབང་བཤད་གཏེར་ཆེན་གྱིས་མཛད་པ་ནི། འོ་ན་ད་ལམ་ཁྱེད་རྣམས་ལ་བཅོམ་ལྡན་འདས་མ་བདེ་ཆེན་དཀར་མོའི་དབང་འབུལ་བའི་ཐོག་མར་ལོ་རྒྱུས་ཀྱི་རྣམ་པ་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། ངོ་བོ་ཀ་ནས་དག་པའི་ཆོས་དབྱིངས་ཆེན་པོ་ནས་བཅོམ་ལྡན་འདས་མ་དཔལ་ཀུན་ཏུ་བཟང་མོའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་མདངས་གོ་མ་འགགས་པ་ལས་བདེ་ཆེན་དཀར་མོ་རྡོ་རྗེ་དྷ་ཀྐི་མ་འདི་རང་ཤར་ཞིང་དབྱིངས་རང་བཞིན་གྱི་རྣམ་པར་དག་པའི་མཁའ་སྤྱོད་དུ་དུས་གསུམ་རྟག་པ་རྒྱུན་གྱི་འཁོར་ལོར་རང་འོད་འབར་བཞིན་བཞུགས་པའི་རོལ་པ་ལས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་རྒྱལ་བ་རྡོ་རྗེ་འཆང་གིས་གསང་སྔགས་བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་འབུམ་ཕྲག་མང་པོ་སྟོན་པ་དེའི་འཁོར་དུ་རང་ཤར་ཞིང་བླ་ན་མེད་པའི་བཀའི་འཁོར་ལོ་རྣམས་ཉན་ཅིང་འཆང་ནས་ཚངས་ཆེན་གྱི་བསྐལ་བ་ཆེན་པོའི་ཞིང་འདི་དང་། འདི་མ་ཡིན་པའི་ཡང་ནམ་མཁའི་མཐར་ཁྱབ་ཏུ་ལས་དང་སྐལ་བར་ལྡན་པ་རྣམས་ཀྱི་སྣང་ངོར་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པས་དུས་གསུམ་ཀུན་ཏུ་སྐལ་ལྡན་མང་པོ་གྲོལ་ལམ་ལ་ཐབས་དང་གདམས་པ་མང་པོས་ཡོངས་སུ་གྲོལ་བར་མཛད་ནས་རིམ་གྱིས་བརྒྱུད་པ་ལས་རྩོད་ལྡན་ཚེ་ལོ་བརྒྱ་པའི་སྐབས་ཤཱཀྱའི་བསྟན་པ་ལ་མདོ་སྔགས་ཟུང་ཞིག་གི་ཉི་ཟླ་ཤར་བའི་ཚེ། ཨོ་རྒྱན་གྱི་སློབ་དཔོན་དཔལ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་རྣམས་ལ་དབང་བསྒྱུར་ཞིང་མཁའ་འགྲོའི་གསང་མཛོད་ཐམས་ཅད་བརྟོལ་ཏེ་འཛམ་གླིང་སྤྱི་དང་རྒྱ་བོད་ཀུན་ཏུ་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པ་མཛད་པའི་ནང་ནས་ཁྱད་པར་དུ་བོད་ཡུལ་སྲིན་མོ་གན་རྐྱན་དུ་བསྒྱེལ་བ་འདྲ་བའི་ནུ་མ་གཡས་པ་ཁམས་ཀྱི་སྲིང་མོ་རྫོང་གི་ཆགས་རུ་ཕུག་དཀར་ལྷ་ཡི་གཞལ་ཡས་ཁང་དུ་བདེ་ཆེན་དཀར་མོ་རྡོ་རྗེ་དྷཱཀྐི་མའི་སྒྲུབ་པ་མཛད་ཅིང་ཕག་གདོང་དཀར་མོ་སྐུའི་སྒྲུབ་གནས་སུ་བྱིན་གྱིས་བརླབས་པའི་དུས་སུ་དབང་སྒྲུབ་ཐབས་མན་ངག་དང་བཅས་པའི་གདམས་པ་འདི་རྣམས་མ་མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་ལ་བཀའ་སྩལ་ཞིང་གདམས་པ་མཁའ་འགྲོའི་ཡི་གེར་བཏབ་སྟེ་ཕྱི་མའི་བསྟན་འགྲོའི་དོན་དུ་མཁའ་འགྲོའི་གསང་མཛོད་དུ་རྒྱས་བཏབ་ནས་བཞུགས་སུ་གསོལ་བ་འགྲོ་བ་འདུལ་བའི་ལུང་བསྟན་དུས་བབས་བཞིན་དུ་ཁམས་པ་ཉི་མ་གྲགས་པས་ཤིང་གླང་ཧོར་ཟླ་ལྔ་བའི་ཚེས་བཅོ་ལྔའི་ཉི་ཤར་ལ་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའི་གདམས་པ་རིན་པོ་ཆེའི་དབང་འདི་ཐོབ་པ་ལ་ཡོན་ཏན་དུ་མ་དང་ལྡན་ཏེ། ལུང་ལས། དབང་བསྐུར་སྟོན་པ་བསླུ་བ་མེད། དགེ་བ་ཀུན་ལས་དགེ་བའི་མཆོག །ཚེ་རབས་ནད་མེད་བདེ་བ་འཐོབ། ངན་སོང་གསུམ་ལས་རྣམ་པར་གྲོལ། ཅེས་གསུངས་པའི་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་དང་། དེ་ནས་ཁྱེད་རང་གི་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་མ་བདེ་ཆེན་དཀར་མོ་ལ་ཕྱོགས་དུས་ཀྱི་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པར་དམིགས་ལ་སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། ཚོགས་བསགས་ཡན་ལག་བདུན་པ་སོགས་ཚིག་རྗེས་དོན་གྱི་མོས་པའི་སྒོ་ནས་འདིའི་རྗེས་བཟློས་མཛོད། ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་སྟེ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ འགྲོ་བ་སེམས་ཅན་དོན་སླད་དུ༔ མཁའ་འགྲོའི་བསྐྱེད་རྫོགས་བསྒོམ་བཟླས་བསྒྲུབ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆགས་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རངས༔ སྨིན་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདའ་གསོལ་བ་འདེབས༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ དེ་ལྟར་ཐུན་མོང་གི་རྒྱུད་སྦྱོང་བའི་རིམ་པ་སོང་ནས། ཐུན་མོང་མ་ཡིན་པར་དབང་གི་སྣོད་དུ་རུང་བར་བྱ་བའི་ཕྱིར་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ལས་བུམ་གྱི་ཆུ་གཏོར་ལ། ཨཱོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་བརྗོད་པས་ཁྱེད་རང་གི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས། །སྟོང་པའི་ངང་ལས་སྣང་སྲིད་དག་པ་བདེ་ཆེན་ཆོས་ཀྱི་འབྱུང་གནས་ཕྱི་དཀར་ལ་ནང་དམར་བ་རྩེ་མོ་ཕྲ་བ་ཐུར་དུ་ཟུག་པ་གདེང་ཀ་རྒྱས་པ་གྱེན་དུ་ཕྱོགས་པའི་ནང་དུ་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ་ཁྱེད་རང་སྐད་ཅིག་གིས་བཅོམ་ལྡན་འདས་མ་བདེ་ཆེན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཅེར་བུ་བརྒྱད་གཉིས་ལོན་པའི་ལང་ཚོས་སྒེག་པའི་ནུ་མ་དང་བྷ་ག་རབ་ཏུ་རྒྱས་པ། ཞི་ཞིང་འཛུམ་པའི་ཉམས་ལྡན་དབུ་་སྐྲ་རལ་པའི་ཅོད་པན་སིལ་བུར་འཕྱང་བ། དབུ་གཙུག་ནས་ཕག་ཞལ་དཀར་མོས་ཕག་སྐད་ཕྱོགས་བཅུར་སྒྲོགས་པ་རིན་པོ་ཆེ་ནོར་བུ་དབང་གི་རྒྱལ་བོའི་རྩེ་བྲན་ཅན། དར་དཔྱང་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་བརྐྱང་བསྐུམ་གར་སྟབས་ཀྱི་རྣམ་པར་བཞེངས་པ། ཕྱག་གཡས་མདའ་དར་དང་གཡོན་ཚེའི་བུམ་པ་འཛིན་པའི་གྲུ་མོ་ན་ཁ་ཊྭཱྃ་ཀ་འཆང་བ་ཡེ་ཤེས་རང་འོད་རྒྱས་པའི་དབུས་ན་སྣང་སྟོང་ཟུང་དུ་འཇུག་པའི་སྐུ་གཟི་བརྗིད་དང་ལྡན་པའི་སྤྱི་བོར་ཨཱོཾ་མགྲིན་པར་ཨཱཿ ཐུགས་དཀར་ཧཱུྃ་གིས་མཚན་པ་དང་། སློབ་དཔོན་དང་མདུན་བསྐྱེད་བཅས་ཀྱི་གནས་གསུམ་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་དང་མཁའ་སྤྱོད་གནས་ཡུལ་དག་པའི་ཞིང་ཁམས་ནས་བདེ་ཆེན་ཡེ་ཤེས་ཀྱི་མཁའ་འགྲོ་མ་བསྒོམ་པ་དང་འདྲ་བ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་གི་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་སིབ་སིབ་ཐིམ་བྱུང་སྙམ་པའི་མོས་པ་རྩེ་གཅིག་ཏུ་མཛོད། ཧཱུྃ༔ བདེ་ཆེན་དཀར་མོ་ཕག་མོ་དྷཀྐི་མ༔ དཀར་མོ་འབུམ་གྱི་མ་ཚོགས་འཁོར་དང་བཅས༔ ནམ་མཁའ་ས་གཞི་བར་སྣང་ཁྱབ་པར་ཁེངས༔ འོད་ཟེར་ལྔ་ལྡན་གར་སྟབས་ཤིགས་སེ་ཤིག༔ མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་ན༔ མོས་པའི་བུ་ལ་བྱིན་གྱིས་རློབས་ཕྱིར་གཤེགས༔ མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ༔ ཧ་བཛྲ་དྷཱཀྐི་ནི་སརྦ་ས་མ་ཡཱ་ཧྲིང་ཧྲིང་ཛཿཛ༔ ཨ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་སྤོས་རོལ་དྲག་ཏུ་བྱ་ཞིང་བྱིན་དབབ༔ རྡོ་རྗེ་སྤྱི་བོར་བཞག་ལ། སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་བརྟེན་པའི་མོས་པ་མཛོད༔ ཏིཥྛ་བཛྲ་ཞེས་བརྗོད་དོ། དེ་ནས་མདའ་དར་ཐོགས་ཏེ། ཚེ་འགུགས་པ་ནི། ཧཱུྃ༔ རྡོ་རྗེ་ཕག་མོ་བདེ་ཆེན་ཞི་བ་འཚོ༔ དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ་ཆེན་མོ༔ བསྐྱེད་པའི་ལྷ་མོ་བསྒྲུབ་པའི་མཁའ་འགྲོ་མ༔ དམ་ཚིག་ཆེན་པོའི་ཐུགས་དམ་དུས་ལ་བབས༔ དབྱིངས་ནས་བཞེངས་ཤིག་རྡོ་རྗེ་རྣལ་འབྱོར་མ༔ སྤྲུལ་བ་སྒྱུར་ཅིག་དཔལ་གྱི་མཁའ་འགྲོའི་ཚོགས༔ ཚེ་བསོད་སྡུད་ཤིག་ལས་བྱེད་ཕོ་ཉ་རྣམས༔ ཧཱུྃ༔ མ་གཡེལ་མ་གཡེལ་ཚེ་ཡི་དྷཱཀྐི་རྣམས༔ སྐུ་ལས་བསྐྱེད་ཅིང་སྤྲུལ་པའི་ཚེ་འགུགས་མ༔ དཀར་མོ་འབུམ་ཕྲག་ཕྱོགས་བཅུའི་ཞིང་དུ་འཕྲོས༔ ལྕགས་ཀྱུའི་ཕྱག་རྒྱ་བསྒྱུར་ཞིང་གར་སྟབས་འཁྱུག༔ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་བྱིན་རླབས་དང་༔ དུས་གསུམ་རིག་འཛིན་རྣམས་ཀྱི་ཐུགས་རྗེ་དང་༔ ཕྱི་སྣོད་འབྱུང་བ་བཞི་ཡི་དངས་མ་དང་༔ ནང་བཅུད་སྐྱེ་འགྲོ་རྣམས་ཀྱི་ཚེ་བསོད་དཔལ༔ ལྔ་ལྡན་འོད་དང་ནྲི་ཡིག་རྣམ་པར་བསྡུས༔ རྒྱ་མཚོ་ཆེ་ལ་ཆར་པ་བབས་པ་ལྟར༔ བདག་ཅག་རྣམས་ལ་གཉིས་མེད་སིབ་སིབ་ཐིམ༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ༔ མ་གཡེལ་མ་གཡེལ་ཚེ་ཡི་དྷཱཀྐི་རྣམས༔ སྐུ་ལས་བསྐྱེད་ཅིང་༴སེར་མོ་འབུམ་ཕྲག་ཕྱོགས་བཅུའི༴ཞགས་པའི་ཕྱག་རྒྱ༴ཕྱོགས་བཅུའི་སངས་རྒྱས༴དུས་གསུམ་རིགས་འཛིན༴ཕྱི་སྣོད་འབྱུང་བ་བཞི་ཡི༴ནང་བཅུད་སྐྱེ་འགྲོ༴ལྔ་ལྡན་འོད་དང་༴རྒྱ་མཚོ་ཆེ་ལ༴བདག་ཅག༴འཆི་མེད་རིག་འཛིན༴ཧཱུྃ༔ མ་གཡེལ་མ་གཡེལ་ཚེ་ཡི་དྷཱཀྐི་རྣམས༔ སྐུ་ལས་བསྐྱེད་ཅིང་༴དམར་མོ་འབུམ་ཕྲག་ཕྱོགས༴ལྕགས་སྒྲོགས་ཕྱག་རྒྱ༴ཕྱོགས་བཅུའི་སངས་རྒྱས༴དུས་གསུམ་རིག་འཛིན༴ཕྱི་སྣོད་འབྱུང་བ་བཞི་ཡི༴ནང་བཅུད་སྐྱེ་འགྲོ༴ལྔ་ལྡན་འོད་དང་༴རྒྱ་མཚོ་ཆེ་ལ༴བདག་ཅག༴འཆི་མེད་རིག་འཛིན༴ཧཱུྃ༔ མ་གཡེལ་མ་གཡེལ་ཚེ་ཡི་དྷཱཀྐི་རྣམས༔ སྐུ་ལས་བསྐྱེད་ཅིང་༴ལྗང་མོ་འབུམ་ཕྲག༴ཕྱོགས་བཅུའི༴དྲིལ་བུའི་ཕྱག་རྒྱ༴ཕྱོགས་བཅུའི་སངས་རྒྱས༴དུས་གསུམ་རིག་འཛིན༴ཕྱི་སྣོད་འབྱུང་བ་བཞི་ཡི༴ནང་བཅུད་སྐྱེ་འགྲོ༴ལྔ་ལྡན་འོད་དང་༴རྒྱ་མཚོ་ཆེ་ལ༴བདག་ཅག༴འཆི་མེད་རིགས་འཛིན༴ཧཱུྃ༔ མ་གཡེལ་མ་གཡེལ་ཚེ་ཡི་དྷཱཀྐི་རྣམས༔ སྐུ་ལས་བསྐྱེད་ཅིང་སྤྲུལ་པའི་ཚེ་འགུགས་མ༔ སྔོན་མོ་འབུམ་ཕྲག་ཕྱོགས་བཅུའི་ཞིང་དུ་འཕྲོས༔ འཁོར་ལོའི་ཕྱག་རྒྱ་བསྒྱུར་ཞིང་གར་སྟབས་འཁྱུག༔ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་བྱིན་རླབས་དང་༔ དུས་གསུམ་རིག་འཛིན་རྣམས་ཀྱི་ཐུགས་རྗེ་དང་༔ ཕྱི་སྣོད་འབྱུང་བ་བཞི་ཡི་དྭངས་མ་དང་༔ ནང་བཅུད་སྐྱེ་འགྲོ་རྣམས་གྱི་ཚེ་བསོད་དཔལ༔ ལྔ་ལྡན་འོད་དང་ནྲི་ཡིག་རྣམ་པར་བསྡུས༔ རྒྱ་མཚོ་ཆེ་ལ་ཆར་བ་བབས་པ་ལྟར༔ བདག་ཅག་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ༔ འཆི་མེད་རིགས་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ མདའ་དར་གྱིས་རྒྱས་གདབ་བོ། དབང་དངོས་ནི་གཞུང་ལས། ཚེ་འགུགས་རྒྱས་འདེབས་བུམ་པ་སྤྱི་བོར་བཞག༔ ཞེས་པས་ཚེ་བུམ་ཐོགས་ཏེ། ཧཱུྃ༔ བདེ་ཆེན་མཁའ་འགྲོ་ཚེ་ཡི་རྣལ་འབྱོར་མ༔ དཀར་མོ་འབུམ་གྱི་སྐུ་ལས་འོད་ཟེར་འཕྲོས༔ རྡོ་རྗེ་སློབ་མ་འདི་ཡི་ལུས་ལ་ཐིམ༔ སྐུ་ཡི་དབང་ཐོབ་ལུས་ཀྱི་སྡིག་སྒྲིབ་དག༔ འབྲས་བུ་སྤྲུལ་སྐུ་འཆི་མེད་རིག་པ་འཛིན༔ སྐལ་ལྡན་རིགས་ཀྱི་བུ་ཡིས་ཐོབ་པར་ཤོག༔ ཧ་བཛྲ་དྷཀྐི་ནི་བྷ་ར་ཧི་ཨ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲི་ཛཿསིདྡྷི་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཤིཉྩ་ཨཱོཾ༔ སྤྱི་བོར་བསྐུར༔ ཚེ་ཆང་མགྲིན་པར་བཞག༔ ཧཱུྃ༔ བདེ་ཆེན་མཁའ་འགྲོ་ཚེ་ཡི་རྣལ་འབྱོར་མ༔ དཀར་མོ་འབུམ་གྱི་གསུང་ལས་འོད་ཟེར་འཕྲོས༔ རྡོ་རྗེའི་སློབ་མ་འདི་ཡི་ངག་ལ་ཐིམ༔ གསུང་གི་དབང་ཐོབ་ངག་གི་སྡིག་སྒྲིབ་དག༔ འབྲས་བུ་ལོངས་སྐུ་འཆི་མེད་རིག་པ་འཛིན༔ སྐལ་ལྡན་རིགས་ཀྱི་བུ་ཡིས་ཐོབ་པར་ཤོག༔ ཧ་བཛྲ་དྷཀྐི་ནི་བྷ་ར་ཧི་ཨ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲི་ཛཿསི་དྡྷི་སྭཱ་ཧཱ༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ ངག་ཏུ་བླུད༔ ཚེ་རིལ་སྙིང་གར་བཞག༔ ཧཱུྃ༔ བདེ་ཆེན་མཁའ་འགྲོ་ཚེ་ཡི་རྣལ་འབྱོར་མ༔ དཀར་མོ་འབུམ་གྱི་ཐུགས་ལས་འོད་ཟེར་འཕྲོས༔ རྡོ་རྗེའི་སློབ་མ་འདི་ཡི་ཡིད་ལ་ཐིམ༔ ཐུགས་ཀྱི་དབང་ཐོབ་ཡིད་ཀྱི་སྡིག་སྒྲིབ་དག༔ འབྲས་བུ་ཆོས་སྐུ་འཆི་མེད་རིག་པ་འཛིན༔ སྐལ་ལྡན་རིགས་ཀྱི་བུ་ཡིས་ཐོབ་པར་ཤོག༔ ཧ་བཛྲ་དྷཀྐི་ནི་བྷ་ར་ཧི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲི་ཛཿསིདྡྷི་སྭཱ་ཧཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རིལ་བུ་སྦྱིན༔ མདའ་དར་ཐོགས་ཏེ༔ ཧཱུྃ༔ མཁའ་དབྱིངས་དག་པ་བདེ་བ་ཆེན་པོ་ནས༔ སྐུ་ཡི་བྱིན་རླབས་སློབ་བུའི་ལུས་ལ་བསྟིམ༔ རིན་ཆེན་འཁོར་ལོ་འབར་བས་རྒྱས་བཏབ་པས༔ འཆི་མེད་རིག་འཛིན་དཔལ་ལ་སྤྱོད་པར་ཤོག༔ འགག་མེད་ལྷུན་གྲུབ་ཁྱབ་བརྡལ་ཆེན་པོ་ནས༔ གསུང་གི་བྱིན་རླབས་སློབ་བུའི་ངག་ལ་བསྟིམ༔ རིན་ཆེན་པདྨ་འབར་བས་རྒྱས་བཏབ་པས༔ འཆི་མེད་རིག་འཛིན་དཔལ་ལ་སྤྱོད་པར་ཤོག༔ ཡེ་རྫོགས་ཀློང་ཡང་དག་པ་རང་གྲོལ་ནས༔ ཐུགས་ཀྱི་བྱིན་རླབས་སློབ་བུའི་སེམས་ལ་བསྟིམ༔ རིན་ཆེན་རྡོ་རྗེ་འབར་བས་རྒྱས་བཏབ་པས༔ འཆི་མེད་རིག་འཛིན་དཔལ་ལ་སྤྱོད་པར་ཤོག༔ འབད་མེད་ཡོངས་གྲོལ་དགོས་འདོད་ཀུན་འབྱུང་ནས༔ ཡོན་ཏན་བྱིན་རླབས་སློབ་བུའི་ལྟེ་བར་བསྟིམ༔ རཏྣ་དགོས་འདོད་ཀུན་འབྱུང་རྒྱས་བཏབ་པས༔ འཆི་མེད་རིག་འཛིན་དཔལ་ལ་སྤྱོད་པར་ཤོག༔ རྩོལ་མེད་མཐར་ཕྱིན་བྱ་གྲུབ་ད་ལ་ནས༔ འཕྲིན་ལས་བྱིན་རླབས་སློབ་བུའི་གསང་བར་བསྟིམ༔ རིན་ཆེན་རྒྱ་གྲམ་འབར་བས་རྒྱས་བཏབ་པས༔ འཆི་མེད་རིག་འཛིན་དཔལ་ལ་སྤྱོད་པར་ཤོག༔ ཧ་བཛྲ་དྷཀྐི་ནི་བྷ་ར་ཧི་ཨ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲི་ཛཿསིདྡྷི་སྭཱ་ཧཱ༔ བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཨ་ཝེ་ཤ་ཡ་བཛྲ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ ཞེས་རིགས་ལྔའི་ཕྱག་མཚན་ནམ་མདའ་དར་གྱིས་རྒྱས་འདེབས༔ འཕྲིན་ལས་དབང་ལ་རྫས་བརྒྱད་སྦྱིན་པར་བྱའོ༔ ཞེས་པ་བཀྲ་ཤིས་རྫས་བརྒྱད་ཚེ་སྒྲུབ་ལྟར་ཏེ༔ ཧཱུྃ༔ སྔོན་ཚེ་ཐུབ་དབང་ཤཱཀྱ་སེང་གེ་ལ༔ ས་ཡི་ལྷ་མོ་བསྟན་མས་མེ་ལོང་ཕུལ༔ བཀྲ་ཤིས་ཚེ་འཕེལ་རྫས་སུ་བྱིན་གྱིས་བརླབས༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྒྲིབ་བྲལ་མ་འདྲེས་ཆོས་ཀྱི་དོན་རྟོགས་ནས༔ མེ་ལོང་ལྟ་བུའི་ཡེ་ཤེས་མངོན་གྱུར་ཏེ༔ དབང་མཆོག་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག༔ ཨཱོཾ་ཨ་དར་ཤ་ཨ་བྷི་ཥིཉྩ་མཾ༔ ཧཱུྃ༔ སྔོན་ཚེ་ཐུབ་དབང་༴ཁྱེའུ་བཀྲ་ཤིས་རྩ་མཆོག་དཱུརྦ་ཕུལ༔ བཀྲ་ཤིས་ཚེ་འཕེལ་རྫས༴དེང་འདིར་རིགས་ཀྱི༴རྡོ་རྗེ་སེམས་དཔའི་ཚེ་ནི་རབ་གྲུབ་ནས༔ ཉོན་མོངས་སྐྱེ་ཤིའི་ཚོགས་རྣམས་རྒྱུན་ཆོད་ནས༔ དབང་མཆོག་དེས་ཀྱང་ཚེ་ནི་ནི་འཕེལ་བར་ཤོག༔ ཨོཾ་ཨ་པྲ་ཏི་ཧ་ཏ་ཨ་བྷི་ཥིཉྩ་མཾ༔ ཧཱུྃ༔ སྔོན་ཚེ་ཐུབ་དབང་༴ཁྱིམ་བདག་བདེ་འབྱིན་ལི་ཁྲི་དམར་པོ་ཕུལ༔ བཀྲ་ཤིས་ཚེ་འཕེལ་རྫས༴དེང་འདིར་རིགས་ཀྱི༴ཆོས་རྣམས་མ་ལུས་དབང་དུ་འདུས་གྱུར་ནས༔ ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་པ་ཡི༔ དབང་མཆོག་དེས་ཀྱང་དབང་བཅུ་འཕེལ་བར་ཤོག༔ ཨཱོཾ་ཧྲཱ་ིཔ་ཤ་ཨ་བྷི་ཥིཉྩ་མྃཿ ཧཱུྃ༔ སྔོན་ཚེ་ཐུབ་དབང་༴གླང་ཆེན་ས་སྲུང་བུ་ཡིས་གི་ཝཾ་ཕུལ༔ བཀྲ་ཤིས་ཚེ་འཕེལ༴དེང་འདིར་རིགས་ཀྱི༴ཆོས་ཉིད་སྨན་གྱིས་དུག་གསུམ་ནད་འཇོམ་ནས༔ ཉོན་མོངས་ཟུག་རྔུའི་ཚོགས་རྣམས་ཞི་བ་ཡི༔ དབང་མཆོག་དེས་ཀྱང་ནད་རིགས་ཀུན་ཞི་ཤོག༔ ཨཱོཾ་གི་ཝཾ་ཨ་བྷི་ཥིཉྩ་མཾ༔ ཧཱུྃ༔ སྔོན་ཚེ་ཐུབ་དབང་༴བྲམ་ཟེ་ཀ་ཏི་ཀ་ཡིས་བིལ་བ་ཕུལ༔ བཀྲ་ཤིས་ཚེ་འཕེལ༴དེང་འདིར་རིགས་ཀྱི་༴སྙིང་པོའི་དོན་རྣམས་རབ་ཏུ་རྟོགས་གྱུར་ནས༔ འཇིགས་མེད་རྡོ་རྗེ་ལྟ་བུར་རྟོགས་པ་ཡི༔ དབང་མཆོག་དེས་ཀྱང་ཚེ་ནི་འཕེལ་བར་ཤོག༔ ཨཱོཾ་བིལ་ཝ་ཨ་བྷི་ཥིཉྩ་མཾ༔ ཧཱུྃ༔ སྔོན་ཚེ་ཐུབ་དབང་ཤཱཀྱ་སེང་གེ་ལ༔ བུ་མོ་ལེགས་སྐྱེས་མ་ཡིས་ཞོ་ཕུལ་ཏེ༔ བཀྲ་ཤིས་ཚེ་འཕེལ༴དེང་འདིང་རིགས་ཀྱི་བུ་ལ༴སྙིང་པོ་རྣམ་དག་མཆོག་གི་དོན་རྟོགས་ནས༔ ས་ལམ་ཡོན་ཏན་མ་ལུས་ཡོངས་རྫོགས་ཏེ༔ དབང་མཆོག་དེས་ཀྱང་ཚེ་ནི་འཕེལ་བར་ཤོག༔ ཨཱོཾ་དྷ་རི་ཏ་ཨ་བྷི་ཥིཉྩ་མཾ༔ ཧཱུྃ༔ སྔོན་ཚེ་ཐུབ་དབང་ཤཀྱ་༴རྒྱལ་པོ་མྱ་ངན་མེས་ཀྱིས་དུང་ཕུལ་བས༔ བཀྲ་ཤིས་ཚེ་འཕེལ༴དེང་འདིར་རིགས་ཀྱི་བུ༴ཡེ་ཤེས་རྒྱ་མཚོ་མཆོག་གི་རང་བཞིན་ལས༔ ཆོས་ཀྱི་གྲགས་པ་ཕྱོགས་བཅུར་སྒྲོགས་པ་ཡི༔ དབང་མཆོག་དེས་ཀྱང་སྙན་གྲགས་མཐའ་རྒྱས་ཤོག༔ ཨཱོཾ་མངྒ་ལ་སྭ་བྷ་ལ་ཨ་བྷི་ཥིཉྩ་མཾ༔ ཧཱུྃ༔ སྔོན་ཚེ་ཐུབ་དབང་ཤཱཀྱ༴གསང་བདག་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ༔ བཀྲ་ཤིས་ཚེ་འཕེལ་༴དེང་འདིར་རིགས་ཀྱི་༴གདོན་བགེགས་འབྱུང་པོའི་ཚོགས་རྣམས་རབ་ཞི་ནས༔ བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་བ་ཡི༔ དབང་མཆོག་དེས་ཀྱང་བགེགས་རྣམས་ཞི་བར་ཤོག༔ ཨཱོཾ་ཤྲཱི་པ་ཤཾ་མཾ་ཨ་བྷི་ཥིཉྩ་མཾ༔ ཅེས་བསྐུར་རོ། དེ་ནས་ཤིས་བརྗོད་མེ་ཏོག་འཐོར་ལ། ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ནས༔ ཕག་མོ་ཆོས་སྐུའི་བཀྲ་ཤིས་ཤོག༔ ཡེ་ཤེས་ལྔ་ལྡན་ཕོ་བྲང་ནས༔ ཕག་མོ་ལོངས་སྐུའི་བཀྲ་ཤིས་ཤོག༔ མཁའ་སྤྱོད་གནས་ཡུལ་དུར་ཁྲོད་ནས༔ ཕག་མོ་སྤྲུལ་སྐུའི་བཀྲ་ཤིས་ཤོག༔ བཀའ་ཡི་འཕྲིན་ལས་དཀྱིལ་འཁོར་ནས༔ སྤྲུལ་པ་འབུམ་སྡེའི་བཀྲ་ཤིས་ཤོག༔ ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། སོགས་བརྗོད་དོ། གཞུང་ལས། གཏང་རག་མཎྜལ་འབུལ་ཞིང་བཀའ་དྲིན་ཁུར༔ མཁའ་འགྲོ་མཆོད་བསྟོད་ཚེ་ཡི་སྒྲུབ་པ་འབུང་༔ ལྷ་གཤེགས་དལ་བསྡུ་བསྔོ་སྨོན་རྒྱས་གདབ་བོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པའི་དོན་བཞིན། དེ་ལྟར་ཚེ་དབང་ཟབ་མོ་ལེགས་པར་བསྐུར་གྲུབ་པས་གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་རིམ་པ་རྣམས་ཚུལ་བཞིན་དུ་བསྲུང་ངོ་སྙམ་པས་འདིའི་རྗེས་བཟློས་མཛོད། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། དེ་ལྟར་ཚེ་དབང་ཟབ་མོ་ལེགས་པར་ཐོབ་པའི་དཀའ་དྲིན་གཏང་རག་ཏུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། མཎྜལ་འབུལ་ལོ། སླར་ཡང་ལུས་ལོངས་སྤྱོད་ལ་སོགས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟ་བུར་ཡིད་ཀྱི་སྤྲུལ་ཞིང་ཕུལ་བས་བཞེས་ཤིང་ཆ་ཤས་ནས་རང་གིས་ཀྱང་ལོངས་སྤྱོད་པའི་མོས་པ་དང་བཅས་འདིའི་རྗེས་བཟློས་མཛོད། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཡི་ཀྱང་ནི་བསྐྱེད་དུ་གསོལ། དེ་ལྟར་དབང་བསྐུར་ལེགས་པར་ཐོབ་པའི་དགེ་བ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་ཡི་སོགས་དང་རིན་ཆེན་དགེ་ཚོགས་སོགས་བརྗོད་དོ། རྗེས་ཀྱི་བྱ་བ་དཀྱིལ་འཁོར་བསྡུ་བ་སོགས་ལས་བྱང་མཇུག་སྐྱོང་ངོ་། ཨེ་མ་ཚེ་ཡི་རིགས་འཛིན་པདྨ་འབྱུང་གནས་ངས༔ འགྲོ་བའི་དོན་དུ་ཟབ་ཆོས་དཔག་མེད་བཀོད༔ ཁྱད་པར་ཟབ་པའི་སྙིང་པོ་གདམས་པ་འདི༔ མ་འོངས་དོན་དུ་དཀར་མོ་སྐུ་ཡི་གནས༔ ཕག་དཀར་བསྒྲུབ་གནས་ལྷ་ཡི་གཞལ་ཡས་སུ༔ གཏད་རྒྱས་བཏབ་ཅིང་བསྲུང་མར་གཉེར་བྱང་བཅོལ༔ མ་འོངས་དུས་ན་ང་ཡི་ཐུགས་སྤྲུལ་ཞིག༔ ཁམས་ནས་འབྱུང་ཞིང་གདམས་པ་འདི་དང་འཕྲད༔ གསང་སྒོ་མ་འཆལ་སྒྲུབ་ལ་ཚུལ་བཞིན་འབུངས༔ ཆོས་བདག་རྣམས་ལ་གསང་བར་སྤེལ་ཞིག་རྒྱ༔ བསྟན་པ་སེམས་ཅན་འགྲོ་དོན་ངང་གིས་འགྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ། གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡ་རྒྱ་རྒྱ་རྒྱ། ཁམས་པ་ཉི་མས་གྲགས་པས་ཤིང་མོ་གླང་གི་ལོ་ལ་ཆགས་རུ་ཕུག་དཀར་ལྷའི་གཞལ་ཡས་ནས་སྤྱན་དྲངས་ཤིང་། མེ་ཕོ་སྟག་གི་ལོ་ལ་ཆགས་རུ་ཕུག་ནག་བདེ་བ་ཆེན་པོའི་རྡོ་རྗེའི་ཀེའུ་ཚང་དུ་ཤོག་སེར་ལས་ཕབ་པ་འདི་ཡང་ཧོར་ཟླ་དྲུག་པའི་ཚེས་བཅུ་ལའོ། །བདེ་ཆེན་དཔལ་མོ་དབྱིངས་ཀྱི་མཁའ་འགྲོ་མའི། །སྨིན་བྱེད་འཆི་མེད་འདོད་པ་འཇོ་བ་གང་། །ཇི་བཞིན་རྟོགས་ནས་བྲིས་པ་མ་ཡིན་ཀྱང་། བཀའ་ནན་ཆེན་པོས་བསྐུར་ངོར་གཡར་ཁྲལ་དུ། །རང་དང་སྐལ་མཉམ་འགའ་ལ་ཕན་པའི་བློས། །བཀླགས་ཆོག་འཇུག་བདེ་ཁྲིགས་སུ་སྡེབས་པར་བྱས། །འདི་འབད་དགེ་བས་ལུས་ཅན་ཐམས་ཅད་ཀྱི། །འཆི་མེད་འདོད་འཇོའི་དགའ་སྟོན་ཐོབ་གྱུར་ཅིག། ཅེས་པའང་བླ་མ་འགྱུར་མེད་བློ་ལྡན་གྱིས་བཀའ་ནན་ཆེན་པོས་བསྐུལ་ངོར་མ་ལྡོག་པར། བྱ་བྲལ་རྒྱལ་ཁམས་པ་ངག་དབང་བློ་གྲོས་ཀྱིས་བྲིས་པ་ཉེས་གྱུར་གང་མཆིས་མཁའ་འགྲོའི་ཚོགས་ལ་སྙིང་ནས་བཤགས་སོ་སྒྲིབ་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ།། །།


previousཕག་དཀར་དབང་ཆོག་འཆི་མེད་འདོད་འཇོ།next